ཚེ་འབར།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་ སྤྱི་ལོ ༢༠༡༣ ཟླ ༩ ཚེས ༢༧ ནས ༢༩ བར་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་རྡ་རམ་ས་ལར་སྐོང་ཚོགས་བྱས། བོད་མི་རེ་ཟུང་གིས་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཟེར་དུས་དགྲ་བོ་རྒྱ་ནག་གི་བཙོན་ཁང་དུ་མནར་གཅོད་མྱོང་མཁན་གྱི་ཆབ་སྲིད་བཙོན་པ་རྐྱང་རྐྱང་ཡིན་པར་འདོད་གཏན་ནས་མི་རུང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་དེ་ཚོ་ནི། རྒྱ་དམར་གཞུང་གིས་བོད་ལ་དྲག་གནོན་དང་མནར་གཅོད་བཏང་ཟིན་པའི་དཔང་རྟགས་ཡག་ཤོས་དེ་ཡིན་ཟེར་མོད། འོན་ཀྱང་དོན་ངོ་མའི་རྒྱ་ནག་གཞུང་གི་བཙོན་ཁང་ནང་དུ་དངོས་སུ་འགྲོ་མྱོང་མཁན་ནི་ཧ་ཅང་ཉུང་ཉུང་རེད་འདུག རྒྱུ་མཚན་ནི་རང་གཞུང་གིས་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་སོགས་དབྱེ་བ་གསུམ་དུ་བཀར་བ་ལ་བརྟེན་ནས་འབྲེལ་ཆགས་མང་པོ་འཛུལ་ཞུགས་བྱས་ཡོད་པ་མ་ཟད། ཐ་ན་བོད་ས་མིག་གིས་མཐོང་མྱོང་མེད་མཁན་ཡང་ཆབ་སྲིད་བཙོན་པའི་ཚོགས་ཁུངས་སུ་ཞུགས་འདུག། འདི་ནི་ཆབ་སྲིད་བཙོན་ཟུར་དང་ཆབ་སྲིད་འབྲེལ་ཡོད་སོགས་ཀྱིས་སེམས་ཤུགས་ཆགས་པ་དང་། དེ་འབྲེལ་གྱི་ལབ་གླེང་མང་བོ་ཞིག་བྱུང་དང་འབྱུང་བཞིན་པའང་དེ་དག་གི་རྐྱེན་པས་རེད་ལ། ད་དུང་དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་ཆབ་སྲིད་བཙོན་པ་དང་ཆབ་སྲིད་འབྲེལ་ཡོད་ཚོའི་ངར་ཤུགས་ཉམས་རྒུད་དུ་འགྲོ་བཞིན་པ་དེའོ། །
ད་ལན་རང་བཙན་གཙང་མའི་ལངས་ཕྱོགས་དེ་དབུ་མའི་ལམ་ལ་འགྱུར་བ་ཐེབས་པ་དེའི་རྒྱུ་རྐྱེན་གཙོ་བོ་ནི། དེ་སྔོན་༧གོང་ས་མཆོག་གིས་ཁོང་སྐུ་འཚོ་བཞུགས་རང་དབུ་མའི་ལམ་ལ་བརྟེན་ནས་བོད་དོན་བདེན་མཐའ་སེལ་ཐུབ་པའི་བཀའ་ཕེབས་སོང་ཞེས་གྲོས་ཚོགས་ནང་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཏམ་བཤད་དེའི་ཤུགས་རྐྱེན་ཐེབས་ཡོད་པར་སྙམ། སྐབས་དེེེའི་དོན་རྐྱེན་ཆེ་ཤོས་ནི་ཚོགས་པའི་ལངས་ཕྱོགས་ལ་འགྱུར་བ་ཐེབས་པ་དེ་ཡིན་ལ། ལངས་ཕྱོགས་ལ་འགྱུར་བ་གཏོང་མིན་སྐོར་གྱི་བགྲོ་གླེང་སྐབས་སུ་རང་བཙན་གཙང་མའི་སྐོར་གྱི་བསམ་ཚུལ་ཙམ་ཡང་འགྲོ་ས་མི་འདུག དྲང་མོར་བཤད་ན་མཐའ་མའི་ཐག་ཆོད་མང་མོས་བྱ་རྒྱུ་ནི་མང་གཙོའི་འགྲོ་སྟངས་རེད་ལ། སྒེར་གྱི་བསམ་ཚུལ་གང་ཡོད་པ་ཉན་རྒྱུ་དེའང་མང་གཙོའི་འགྲོ་སྟངས་རེད། ང་ཚོ་ནི་དེ་ལས་ལྡོག་སྟེ་རང་བཙན་གཙང་མའི་སྐོར་གྱི་བསམ་ཚུལ་བཤད་དུས་མང་ཚོགས་ཀྱི་སྐད་ཅོར་བརྒྱབ་སྟེ་དེའི་སྐོར་བཤད་མི་དགོས་ཟེར་གྱིན་འདུག སྣང་ཚུལ་འདི་དག་ལ་ཞིབ་ཏུ་བལྟས་ན་འུ་ཅག་གི་མང་ཚོགས་ཀྱི་གོ་རྟོགས་གང་འདྲ་ཞིག་ཏུ་སླེབས་ཡོད་མེད་གསལ་བོར་རྟོགས་ཡོང་བ་མ་ཡིན་ནམ། གང་ལྟར་ཡང་གནས་ཚུལ་དེ་འདྲ་ཞིག་གི་འོག་ནས་མང་མོས་ཀྱིས་ལག་པ་ཡར་བཀྱགས་ནས་ཡོད་ཚད་ཐག་བཅད་ཚར་སོང་། ཚོགས་ཞུགས་པ་དེ་ཚོ་ཕལ་ཆེ་བ་དད་པའི་རྗེས་འབྲང་བ་ཤ་སྟག་ལས། རང་ཉིད་ལ་འཐབ་རྩོད་ཀྱི་ལྟ་གྲུབ་རྣལ་མ་ཞིག་གཏན་ནས་མི་འདུག་ལ། རྣམ་དཔྱོད་རྩལ་དུ་བཏོན་ནས་འཕྲལ་ཕུགས་རྒྱང་གསུམ་ལ་བསམ་བློ་གཏོང་མཁན་དེ་བས་ཀྱང་མི་འདུག རྒྱུ་མཚན་འདི་དག་ལ་བརྟེན་ནས་བགྲོ་གླེང་གི་ཁོར་ཡུག་ཅིག་རྩ་བ་ནས་བསྐྲུན་མ་ཐུབ་པར་སྐར་ཆ་བཅུ་ཡས་མས་ཤིག་གི་ནང་ལ་ཚོགས་པའི་ལངས་ཕྱོགས་ལ་འགྱུར་བ་བཏང་བ་རེད། བྲང་ཁར་ལག་པ་བཞག་སྟེ་ཕུགས་རྒྱང་རིང་བོར་བསམ་བློ་ནན་ཏུར་གྱིས་བཏང་བ་ཡིན་ན་ང་ཚོ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་ཡོད་ཀྱང་སྲིད། འདི་ནི་ད་ལྟའི་གནས་སྟངས་ཀྱི་སྟེང་ནས་བཤད་ཐུབ་པ་ཞིག་མ་ཡིན་ལ། འབྱུང་འགྱུར་ལོ་རྒྱུས་ཀྱིས་ཁ་གྲག་སྟེ་དུས་ཚོད་ཀྱིས་འགྲེལ་བརྒྱབ་ན་ད་གཟོད་ཤེས་ནུས།
མཚམས་འདིར་ངས་ཁྱེད་ཚོར་ནན་གྱིས་འདྲི། བསམ་བློ་ཞིབ་ཏུ་བཏང་ན་ང་ཚོས་ཚོགས་པའི་ལངས་ཕྱོགས་ལ་འགྱུར་བ་བཏང་བ་ཙམ་ལས་རྒྱ་ནག་དམར་པོའི་གཞུང་ལ་སེམས་འགུལ་ཐེབས་སྲིད་དམ། རྒྱ་ནག་དམར་གཞུང་གིས་ཁྱེད་ཚོ་ཁ་ཞེ་གཉིས་མེད་རེད་འདུག་ཅེས་འོ་སྐོལ་ཚོས་འཆད་བཞིན་པའི་ལམ་དབུ་མ་ལ་གཡབ་མོ་བྱ་སྲིད་དམ། ཡང་ན་རྒྱ་གཞུང་གིས་ང་ཚོའི་སྒྲིག་འཛུགས་འདི་ལ་ཡིད་ཆེས་ཡོང་བར་ཕན་སྲིད་དམ། ཁོ་བོས་བློ་རྣལ་དུ་ཕབ་ནས་བསྙད་ན་རྒྱ་ནག་གཞུང་ལ་ངེས་ཤེས་ཡང་དག་ཅིག་དང་གོ་བ་ཟབ་མོ་ཞིག་རྙེད་རྒྱུ་མེད་ལ་རྙེད་ཀྱང་མི་སྲིད། ད་སྔ་རྒྱ་ནག་གཞུང་དང་བཙན་བྱོལ་བོད་གཞུང་གཉིས་ཀྱི་བར་ལ་ར་མ་འཕྲོད་པའི་གནས་སྟངས་ཤིག་གཏན་ནས་མེད་ལ། ད་བར་དུ་ང་ཚོའི་ངོས་ནས་ལྷག་བསམ་རྣམ་དག་གིས་བློས་གཏོང་ཆེན་པོ་ཞིག་བྱས་ཡོད་པ་རྒྱ་ནག་སྲིད་གཞུང་མ་ཟད་འཛམ་གླིང་མི་མང་གིས་ཀྱང་ཧ་གོ་ཡོད་ཚོད་དུ་འདུག བོད་རྒྱ་བར་གྱི་དཀའ་ཉོག་སེལ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ང་ཚོའི་ངོས་ནས་ཞན་ཆ་ཤོར་བ་གཏན་ནས་མ་ཡིན་པར་དེ་ནི་རྒྱ་ནག་གཞུང་ལ་གནད་དོན་འདི་སེལ་འདོད་མེད་པའི་རྒྱུ་མཚན་གྱིས་སོ།། ང་ཚོས་ཚོགས་པའི་ལངས་ཕྱོགས་ལ་འགྱུར་བ་བཏང་བ་དེས་གནོན་ཤུགས་གང་ལ་ཐེབས་ཡོད་ཟེར་ན། བོད་རང་བཙན་གཙང་མ་ལ་རེ་བ་རྒྱག་མཁན་གྱི་མི་སྒེར་དང་ཚོགས་སྡེ་སོགས་ལ་བློ་ཕམ་དང་བརྡབ་གསིག་སྤྲད་ཡོད་པ་ནི་ཤིན་ཏུ་གསལ་ལོ།། འདི་ནི་དགུ་བཅུ་གསུམ་གྱི་ལངས་ཕྱོགས་ལ་འགྱུར་བ་བཏང་བས་གྲུབ་འབྲས་གཡུར་དུ་ཟ་བ་དེ་ཡིན་པར་སེམས། རྒྱ་མཚན་ནི། ང་ཚོའི་འཐབ་རྩོད་འདི་དུས་ཚོད་ཐུང་ཐུང་ངམ་མི་རབས་གཅིག་གི་རང་ལ་ཐག་ཆོད་པའི་གནས་སྟངས་ཤིག་གཏན་ནས་མ་ཡིན་ལ། མི་རབས་ནས་མི་རབས་བརྒྱུད་དེ་ཅི་ནས་ཀྱང་རྩོད་དགོས་པའི་གནད་དོན་འགངས་ཆེན་ཞིག་ཏུ་འཁུམས། ད་དུང་བོད་རང་བཙན་ཞེས་པའི་ཐ་སྙད་འདི་ཁྱོན་ནས་འབོར་དུ་མི་འཇུག་པ་ནི་འུ་ཅག་གི་བླ་ཚེ་སྲོག་གསུམ་ལས་ཀྱང་གལ་ཆེའོ་སྙམ། རྒྱུ་མཚན། ཐ་སྙད་འདི་ང་ཚོར་ངེས་པར་འཐོབ་འོས་ལ་ཅིས་ཀྱང་རག་དགོས་པའི་མི་རིགས་ཀྱི་ཐོབ་ཐང་ཡིན་པས་རེད་ལ། བོད་རྗེས་རབས་པ་ཚོར་ངར་ཤུགས་སློང་བྱེད་ཀྱི་མིང་ཚིག་གསོན་པོ་ཞིག་ཀྱང་ཡིན་པས་སོ། །
མཐར་གསལ་འདེབས་ཤིག་ཞུ་བར་འདོད་པ་ནི། རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཁྲོད་དུ་ལྟ་བ་མཉམ་གནས་ཟེར་བ་དེ་ངེས་པར་དུ་ཡོད་དགོས་པ་རེད་མོད། འུ་ཅག་དེའི་ལྡོག་ཕྱོགས་ནས་འགྲེང་སྟེ་དབུ་མ་དང་རང་བཙན་རྩོད་མཁན་ཚོས་གཅིག་གིས་གཅིག་ལ་བཙན་ཤེད་དང་གཉའ་གནོན། མདོ་དོན་ནི་ཕན་ཚུན་ལ་ཕོག་ཐུག་དང་འགྲན་རྩོད་བྱེད་བཞིན་པའི་ཅོལ་ཆུང་གི་ལས་ཀ་འདི་ལས་ལྷག་པའི་དགོད་བྲོ་བ་ཞིག་གཏན་དུ་མེད། གང་ཡིན་ཞེ་ན། རང་དགྲ་ཟུར་དུ་བཞག་སྟེ་རང་དཔུང་འབོར་འཇོམས་གཏོང་གྱིན་པས་སོ།། དེ་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་དང་བློ་ཕམ་པ་ཞིག་རེད་ཨང་། དེ་ལས་ལྡོག་སྟེ་རང་དཔུང་ལ་སྟོབས་ཤུགས་སྦྱིན་རྒྱུ་དང་རང་དགྲ་ལ་ཁ་གཏད་གཅོག་རྒྱུ་ཞིག་བྱུང་ན་ཅི་མ་རུང་སྙམ་པ་དེ་ཡིན། །
སྤྱི་ལོ ༢༠༡༣ ཟླ ༡༠ ཚེས་ ༦ ཉིན་བྲིས།
དངོས་གནས་ཁྱེད་ཀྱིས་སྐད་ཆ་ལ་མངོན་པར་སྟོད་དོ།
རང་བཙན་དབུ་མར་བསྒྱུར་བས།
བསམ་བློ་ཞིབ་ཏུ་བཏང་ན་ང་ཚོས་ཚོགས་པའི་ལངས་ཕྱོགས་ལ་འགྱུར་བ་བཏང་བ་ཙམ་ལས་རྒྱ་ནག་དམར་པོའི་གཞུང་ལ་སེམས་འགུལ་ཐེབས་སྲིད་པ་རེད། རྒྱ་ནག་དམར་གཞུང་གིས་ཁྱེད་ཚོ་ཁ་ཞེ་གཉིས་མེད་རེད་འདུག་ཅེས་འོ་སྐོལ་ཚོས་འཆད་བཞིན་པའི་ལམ་དབུ་མ་ལ་གཡབ་མོ་བྱ་སྲིད་པ་རེད། ཡང་རྒྱ་གཞུང་གིས་ང་ཚོའི་སྒྲིག་འཛུགས་འདི་ལ་ཡིད་ཆེས་ཡོང་བར་ཕན་སྲིད་པ་རེད། སྙམ་ལགས།
ང་ཚོའི་མང་ཚོག་འདི། ནམ་ཡང་དོན་གྱི་དམངས་གཙོའི་ལྟ་གྲུབ་ཆགས་རྒྱུ་ཁག་པོ་རྒྱུ་རེད།
ང་ཚོའི་མང་ཚོག་འདི། ནམ་ཡང་དོན་གྱི་དམངས་གཙོའི་ལྟ་གྲུབ་ཆགས་རྒྱུ་ཁག་པོ་རེད།
སྲིད་སྐྱོང་གསར་པ་བསྐོས་ཀྱང་། མི་དམངས་ཀྱིས་མཐའ་གཅིག་ཏུ་ལམ་དབུ་མར་དགའ་མདོགས་མདོགས་བྱེད་དགོས་པ་འདིས་ཅི་ཞིག་མཚོན་ནུས་སམ།
དགུ་བཅུ་ལས་འགུལ་ཚོགས་པ་ནི་ང་ཚོའི་འཐབ་རྩོད་ཀྱི་ཐད་ནས་ཚོགས་པ་གཞན་དང་མ་འདྲ་བའི་གནད་སའི་ཚོགས་པ་ཞིག་རེད། འཐབ་རྩོད་ཀྱི་སྲོག་ཤིང་ལྟ་བུའི་ཚོགས་པ་ཞིག་རེད། འཐབ་རྩོད་ཀྱི་ལྟ་བ་དང་ལངས་ཕྱོགས། བྱེད་ཐབས་བཅས་ལ་དཔྱད་གསུམ་དག་པའི་ཚད་མའི་རྙེད་དོན་གྱི་གཞུང་ལུགས་དང་། རྩ་འཛིན་ཡིག་ཆ་ཡང་དག་པ་དགོས་པ་སྨྲ་མི་དགོས། སྔ་རྗེས་དབར་གསུམ་དང་འདས་མ་ད་གསུམ་ལ་རྒྱང་མིག་ཆོད་པའི་ལྟ་བ་དང་ལངས་ཕྱོགས།་དེ་འབྲེལ་གྱི་བྱེད་ཐབས་དགོས། དེང་སང་ཚོགས་འདུ་མང་པོ་ཞིག་ལ་བམས་གཞིགས་གོ་རིམ་གླེང་རེས་བྱས་ནས་ལེགས་ཉེས་བླང་དོར་ཀྱི་གནས་མ་རྟོགས་པར། མཇུག་ཏུ་ཕྱོགས་ཞེན་དང་དཔུང་སྒྲིག རི་བོང་ཀྱལ་འདྲོགས་སོགས་ཀྱིས་ལག་པ་གྲངས་ཀ་བརྩིས་ནས་མང་གྲངས་ལ་རྒྱལ་ཁ་འཐོབ་པའི་ལུགས་སྲོལ་ཅིག་རྒྱུན་འབྱམས་སུ་ཡོད། ལེགས་ཉེས་ལ་མ་ལྟོས་པར་མཐའ་མའི་ཐག་ཆོག་དང་གྲུབ་དོན་འདོན་ཐབས་བྱེད་ཀྱི་འདུག ། ང་ལ་མཚོན་ན་དེ་ལ་མོས་པ་གཏན་ནས་མེད། ཚོགས་མི་ཐམས་ཅད་ལ་བསམ་གཞིག་གི་གོ་རིམ་ཡང་དག་ཡོད་མེད་ལ་མ་ལྟོས་པར་སྤྱིའི་ཆ་ནས་རང་སེམས་རྣམ་དག་ཡིན་མིན་དང་། ཕྱོགས་གཅིག་ལ་རྒྱབ་སྐྱོར་བྱེད་པའི་བསམ་བློ་གོ་རིམ་དང་། ཕྱོགས་གཅིག་ལ་རྒྱབ་སྐྱོར་མི་བྱེད་པའི་བསམ་བློ་གོ་རིམ་རྣལ་མ་ཞིག་ཡོད་མེད་ལ་ཞིབ་དཔྱད་རེ་བྱས་ན་རང་སེམས་ཀྱི་ཁ་དོག་ལ་གདེང་འཇོག་བྱེད་འོས་མིན་ཤེས་ཐུབ། སྤྱིར་ཡིན་ན་རྣམ་དག་ཙམ་གྱིས་གོ་མི་ཆོད། དངོས་ཐོག་བདེན་འཚོལ་གྱི་རྣམ་དཔྱོད་ནུས་པ་དགོས། བླུན་པོ་དང་མཁས་པ། སློབ་སྦྱོང་ཡོད་མཁན་དང་མེད་མཁན། བྱིས་པ་དང་རྒན་པ་སོགས་ཁྱད་པར་ནི་བསམ་གཞིག་གི་གོ་རིམ་དེ་དངོས་ཐོག་བདེན་འཚོལ་གྱིས་ཚད་མར་གྲུབ་མིན་གྱིས་འཇོག་གི་ཡོད། ལྷག་བམས་གྱིས་གོ་མི་ཆོད་ལ། སྒམ་པོས་གོ་མི་ཆོད། གཡོ་སྒྱུ་དང་། རྗུན་རྫུས་ཀྱིས་དེ་བས་ཀྱང་གོ་མི་ཆོད།
ངས་བསམ་ན་ཚོགས་པ་འདིའི་རྩ་བའི་ལངས་ནི་རང་བཙན་དང་དབུ་མ་གང་ཞིག་དང་ལེན་བྱེད་དགོས་མིན་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། བོད་ཀྱི་བདེན་མཐའ་སེལ་བར་ཕན་རླབས་ཆེ་མིན་ལ་དམིགས་དགོས་པ་མ་ཟད། མ་འོངས་པའི་བོད་ཀྱི་རྩ་བའི་མདུན་ལམ་ལ་རྒྱང་མིག་ཆོད་དགོས་པར་སྙམ། གོ་ས་མཆོག་གིས་ལྟ་བ་དང་ལངས་ཕྱོགས་མཉམ་གནས་བྱེད་མི་ཆོག་མི་འོས་པའི་བཀའ་སློབ་གནང་མྱོང་མེད་ལ། ཟླ་བ་ནོར་བུ་ལགས་ཀྱི་ལོ་རྒྱུས་ཀྱིས་ར་སྤྲོད་བྱེད་ཐུབ། དེ་མིན་ལྟ་བ་ཐམས་ཅད་རྩ་དོན་ལ་འགལ་མེད་གྲོགས་སུ་བསྒྱུར་མ་ཐུབ་པར་གཅིག་གི་དགྲར་གཅིག་ལངས་ན་ཕན་ལས་གནོད་ཆེ་བ་བླུན་པོ་གནག་རྫིས་ཀྱང་རྟོགས་ཐུབ། དེང་སང་འུ་ཚང་གི་སྤྱི་ཚོགས་སུ་ལྟར་སྣང་གི་ལྟ་བ་ཅན་འགས་དབུ་མ་དང་རང་བཙན་གཉིས་ནི་འགལ་ཟླའི་ཕུང་བོར་བསྒྱུར་ནས། གཅིག་གནས་ཐུབ་ན་གཅིག་གནས་མི་ཐུབ་པའི་རྒྱལ་ཕམ་ཐག་གཅོད་ལྟ་བུའི་སྐད་ཆ་་བཤད། སྦྱོར་བ་བརྩམས་ཏེ། མི་དམངས་མང་པོ་ཞིག་ལ་ཚོར་སྣང་གསར་བ་དང་། ངེས་པར་དུ་འདམ་གའི་ལམ་ཀ་ཞིག་ལ་ཤུགས་ཀྱི་འདེད་ཀྱི་ཡོད་པ་དང་འདྲ། གོང་ས་མཆོག་གིས་གསལ་བྱེད་མང་པོ་མ་བརྒྱབ་ན་ལོག་ཤེས་ཅན་མང་པོ་བསླེབ་ཡོང་གི་ཡོད། དོལ་རྒྱལ་བཀག་པ་ལས་རང་བཙན་བཀག་མེད་པ་གསལ་བོ་རེད།་དེས་ན་རང་བཙན་པ་རྣམས་ཀྱིས་རང་བཙན་གྱི་ལྟ་བ་དང་ལངས་ཕྱོགས་ལ་ཡིད་ཆེས་དང་། མོས་པ་ཡོད་ན་དེ་ལྟར་ལག་ལེན་བྱེད་ཆོག དེ་མིན་ཚོགས་པའི་མིང་དང་། དཔལ་འབྱོར། སྒེར་གཅོད་སོགས་ཀྱི་ཁེ་ཕན། སེམས་ཚོར་ཙམ་བོ་བ་སོགས་ཀྱིས་བླང་དོར་བགྱིས་ན་མཐའ་མ་འགྱོད་སེམས་ཤིག་ཀྱང་མེད་པར་ཉེས་སྐྱོན་ཕར་འཛུགས་ཚུར་འཛུགས་ཀྱིས་ལོ་རྒྱུས་ལ་ཉེས་པ་བསགས་ངེས། ང་ཚོའི་བོད་ཀྱི་རྒྱལ་གཅེས་རིགས་གཅེས་ཀྱི་དཔའ་བོ་དཔའ་མོ་རྣམས་ལྷན་འཛོམས་ཀྱི་ཚོགས་པ་ཡིན་པས་འཐབ་རྩོད་ཀྱི་ཐད་ནས་བཀུར་འོས་ཚོགས་པ་བླ་མེད་དེ་རེད། དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་གཙོས་རང་ལུས་མ་བསྲེག་མཁན་བརྒྱ་དང་ལྷག་གི་གདུང་ཤིང་གི་བདག་པོའང་དགུ་བཅུ་གསུམ་ཚོགས་པ་རེད། ང་ནི་ཚོགས་པ་འདི་ལ་གོང་བཀུར་ཆེན་པོ་བྱེད་འོས་པའི་ཐ་ཚིག་སྒྲོག་མཁན་ཞིག་ཡིན། ཡིན་ནའང་ཚོགས་པའི་མཉམ་ལས་ཀྱི་ངོས་ནས་བོད་དོན་ལ་དམིགས་བསལ་གྱི་ནུས་པ་འདི་ཐོན་སོང་བ་དྲན་གྱི་མི་འདུག གཅིག་བྱས་ན་ཡོད་སྲིད། བསམ་གཞིག་བྱེད་དགོས་གཅིག་ཡོད་པ་ནི། བོད་ཀྱི་བདེན་མཐའི་ཆེད་དུ་འདས་གྲོངས་སོང་བའི་ཆབ་སྲིད་བཙོན་པ་དག་གི་ཁ་ཆེམས་དང་འདོད་མོས་སོགས་ལ་བམས་ཞིབ་ཅི་ཡང་མེད་པར་གོ་སྐབས་སུ་ཤེས་ནས་རང་འདོད་རྐྱང་རྐྱང་བྱས་ན་ཁྲེལ་མེད་ཀྱང་ཡིན་སྲིད། ད་གང་ལྟར་ལངས་ཕྱོགས་ཡང་དག་ཅིག་དང་། འབད་བརྩོན་ལྷོད་ཅིག་ཡོད་ན་བོད་དོན་ལ་ཕན་ཐོག་པར་གདོན་མི་ཟ་བའི་ཚོགས་པ་ཞིག་ཡིན་དགོས་པ་ཚོགས་མི་ཡོངས་ཀྱིས་བརྗེད་དང་དོར་མི་ཆོག་པའི་རྩ་བའི་བླང་བྱའོ།།
དགུ་བཅུ་གསུམ་ནི་དཔལ་འབྱོར་གྱི་སྐྱབས་བཅོལ་བ་ལས་བོད་མི་རིགས་ཀྱི་མ་འོངས་བར་བསམ་བློ་བཏང་ཐུབ་མཁན་གྱི་མི་སྣ་རེ་ཟུང་ལས་མེད། མང་པོ་ཞིག་ཆབ་སྲིད་བཙོན་ཟུར་རྫུན་མ་དང་དེ་དག་གི་ཉེ་ཚན་ཙམ་ཡིན་པས། དོན་ལྡན་གྱི་ཆབ་སྲིད་གཙོན་མ་ཉུང་ལ། ལྟ་བ་བརྟན་པོ་ཡོད་མཁན་དཀོན་པོ་ཡིན། སུས་དངུལ་སྤྲད་ན་ལྟ་བ་དེ་ཕྱོགས་སུ་འགྱུར་མཁན་མང་ཤོས་ཡིན།
རྩོམ་པ་པོས་བསམ་ཚུལ་མཐོང་སོང་། མི་སྒེར་གྱི་བསམ་ཚུལ་ལ་དེའི་རྒྱུན་བརྩི་བཀུར་བྱེད་པ་གཞི་ལ་བཞག་སྟེ་རང་ཉིད་ཀྱིས་ལྟ་ཚུལ་བརྗོད་ཀྱིན་ཡོད་ལ། སྐབས་དེ་དང་དེར་མི་སྒེར་གྱི་ལྟ་ཚུལ་བཤད་ཀིན་ཡོད་ཙ་ན། གཞན་དང་གཞན་གྱི་སྐད་ཆ་དག་གིས་ལྷན་པ་གཏན་ནས་རྒྱག་གིན་མེད་ལ་དེ་ལྟར་མོས་པའང་མེད། དེང་སང་མང་བོ་ཞིག་གིས་རང་ཉིད་ཀྱི་སྐད་ཆ་ཚད་ལྡན་དུ་སྒྲུབ་བྱེད་ལ་གཞན་གྱི་སྐད་ཆ་ལུང་འདྲེན་བྱེད་ཀྱིན་ཡོད་མོད། དེས་ཅི་ཕན། ཅི་ཡང་མི་ཕན། སྤྱིར་ན། གང་ཞིག་ཚད་ལྡན་དུ་བསྒྲུབ་པར་འདོད་ན་གཏན་ཚིགས་ཁོ་ན་ལས་གཞན་ཅི། དེ་ལྟ་རེད།
དམངས་གཙོའི་ལུགས་ཀྱི་དཔོན་པོ་ལ། རང་མོས་རང་དབང་ཡོད་པ་མིན།
མང་མོས་མངོན་འདོད་གང་ཡིན་པ། དེ་ཉིད་སྒྲུབ་པ་དམངས་གཙོའི་དཔོན།
དགུ་བཅུ་གསུམ་ཟེར་བའི་ཚོགས་པ་དེ་སྔོན་མ་རེ་བ་དང་ཡིད་ཆེས་ཕྲན་བུ་ཡོད། འོན་ཀྱང་དེང་སྐབས་གཞན་དབང་ཅལ་སྒྲོག་གི་དབང་དང་། རྨོངས་དད་ཀྱི་དབང་དུ་སོང་ནས་བོད་མི་རིགས་དང་ལྷག་པར་གཞིས་ལུས་བརྒྱ་ཕྲག་ལྷག་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་རུ་སྒྲོན་གནང་མཁན་རྣམས་ཀྱི་ཞབས་འདྲེན་དང་། གཞིས་ལུས་རྣམས་སེམས་ཕམས་བཟོས་སོང་། བྱེས་སུ་འཁོད་པའི་ལྷག་བསམ་ཅན་དང་ཤེས་ཡོན་ཅན། ཕུག་རྒྱང་རིང་བའི་རྣམ་དཔྱོད་ཅན་རྣམས་བློ་ཕམས་སུ་བཅུག་སོང་། ད་ནི་དགུ་བཅུ་གསུམ་དགོས་པ་མེད་། གང་ཟག་རེ་ཟུང་གིས་དབང་སྒྱུར་བྱས་ཤིང་ལེགས་ཉེས་ཀྱི་བློ་གང་ཡང་འགྲོ་ས་མེད་པ། མང་གཙོའི་མིང་ཙམ་ལས་དོན་གྱིས་མི་རེ་ཟུང་གིས་མཛུབ་མོ་གར་གཏད་ཤར་བརྩི་མཁན་རྐྱང་ཡིན་ན་ཚོགས་པ་མང་པོ་དགོས་ཡ་མེད་པ་རེད།
དགུ་བཅུ་གསུམ་ཚོགས་པའི་ཚོགས་མི་ཕལ་མོ་ཆེ་བོད་དོན་གྱི་ཆེད་དུ་སྐུ་ལས་སྐྱོན་མྱོང་མཁན་གྱི་ལྷག་བསམ་ཅན་དག་དག་རེད། ཁོང་ཚོས་གང་གནང་བ་མ་མཐའ་ཡང་ལྷག་བསམ་རྣམ་དག་ཡིན་པར་ཡིད་ཆེས་བྱེད་ཆོག དཀའ་ལས་གང་ཡང་རྒྱག་མ་མྱོང་བའི་དྲ་འབུ་ཚོའི་འགན་ཁུར་མེད་པའི་སྐད་ཆ་དང་ལངས་ཕྱོགས་སོགས་དང་གཏན་ནས་མི་འདྲ།
སྤྱི་འཐུས་ཀརྨ་ཆོས་འཕེལ་དང་འཇམ་དབྱངས་ནོར་བུ་སོགས་ལ་རྒྱལ་ཞེན་ལྷག་མེད་ཅེས་ཁ་ཚོན་བཅས་ཏེ་ཤོད་རྒྱུའི་སྤོབས་པ་ནམ་ཡང་མེད། ཁོང་ཚོས་རང་བཙན་རྩོད་པ་ལ་ཡང་དགག་བྱ་གང་ཡང་མེད། འོན་ཀྱང་འཇམ་ནོར་གྱིས་དབུ་མའི་ལམ་ལ་དགག་པ་བརྒྱབས་པའི་ཚེ་ཚིག་བེད་སྤྱོད་བྱ་སྟངས་དང་། ཟུར་ཟ་བྱེད་སྟངས། དེ་བཞིན་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་༸གོང་ས་མཆོག་གི་ཐུགས་ལ་རང་བཙན་ཡོད་རབས་༼དང་ཐོག་སྐྱབས་བཅོལ་དུ་ཕེབས་པའི་ཚེ་བོད་མི་ཚང་མ་རང་བཙན་ཡིན་པ་ལ་ཕྱིས་སུ་དབུ་མར་འགྱུར་བ་ཕྱིན་པ་དེ་ལ་བསམ་གཞིག་ཀྱང་མེད་པར་༸གོང་ས་མཆོག་གི་ཐུགས་ལ་སྦས་པའི་བསྒྲུབ་བྱ་ཞིག་ཡོད་པ་དང་། དེ་རང་བཙན་ཡིན་པའི་རྣམ་པ་ཞིག་གྲོས་ཚོགས་སུ་བསྟན་པ་དེ་ནི་སྤྱི་དོན་ལ་གནོད་པ་ལས་ཕན་ཐོགས་གང་ཡོད། རྟ་ལམ་བོང་བུས་བཀག་པའི་བྱེད་སྟངས་ཐབས་རྡུགས་ཞེ་དྲག་རེད། ༽ཀྱི་ལུང་འདྲེན་ལོག་པར་བྱས་པའི་ཉེར་ལེན་ལས། བོད་མི་མང་པོ་ཞིག་གི་སེམས་ལ་ཕོག་ཐུག་དང་ཅ་མ་ཟིང་སྙམ་པའི་སུན་སྣང་ཞིག་སྐྱེས་ཡོད། འཇམ་ནོར་སོགས་བློ་གྲོས་དང་ལྡན་པ་ཞིག་ཡིན། འཕྲལ་ཕུགས་གཉིས་ཀར་བསམ་བློ་གཏང་སྟེ་ལས་ཀ་བྱེད་དགོས། ཁ་སྔོན་གཞོན་ནུ་ཚོགས་པའི་འགན་འཛིན་ལྷན་ཚོགས་སྐབས་སུ་རྙོག་དྲྭ་ལངས་པའི་སྐབས་སུ་ཟམ་གདོང་རིན་པོ་ཆེ་བཅར་ནས་གཞོན་ནུར་ཕན་ཐོགས་ཡོད་པ་ཞིག་གནང་ཡོད། དེ་ལ་དཔེ་བལྟ་དགོས་རྒྱུ་གལ་ཆེན་པོ་ཡིན།
འཇམ་ནོར་སོགས་བློ་གྲོས་དང་ལྡན་པ་ཞིག་ཡིན་ན་་་་་་ཞེས་་་་་་་་་་་་་་་་་་་ན་བསྣན་རོགས།
ཟམ་གདོང་བླ་རྒན་བཀའ་བློན་ཡིན་སྐབས་ནས་ལོ་ལྟར་སུམ་བཅུའི་དུས་དྲན་གྱི་ཉིན་མོར་རང་བཙན་གྱིས་འབོད་སྒྲ་ཚམས་འཇོག་བྱེད་ནས་བྱང་འཆུབ་སེམས་མཆོག་སྟོན་ནས་ད་བར་ལོ་ག་ཚད་ཕྱིན་སོང་ རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་ཡོད་དང་མེད་ ད་ལྟ་ང་ཚོ་ལ་ཡོད་བཞིན་པའི་ཤི་མ་གསོན་གྱི་ གཞོན་ནུ་ཚོགས་པ་དང་ དགུ་བཅུ་གསུམ་ཚོགས་པ་འདི་གཉིས་ཀྱི་ལང་ཕྱོགས་ལ་འགྱུར་བ་ཞིག་ཕྱིན་ཚེ་ད་ཧ་ལམ་འཛམ་གླིང་འདིའི་ཐོག་བོད་རྒྱལ་ཁབ་ཆེན་མོ་ཟེ་བ་དེ་ དེའི་ཉིན་མོ་ནས་བརླག་འགྲོ་གི་འདུག་ དེ་འདྲ་སང་ཙང་ང་ཚོ་ཚང་མས་དགོང་པ་རེ་གཞེས་དགོས་ཀྱི་འདུག།