༼གསར་འགྱུར་འདི་སྐོར་བོད་ཀྱི་དུས་བབ་དྲ་ཚིགས་ནས་བཤུ་འགོད་ཞུས༽
བོད་སིལ་བུའི་སྐབས་རྒྱལ་བསྟན་ཉག་ཕྲ་བའི་སྐབས་ཀརྨ་པ་སྐུ་ཕྲེང་ན་རིམ་གྱིས་རྒྱ་ནག་གོང་མ་རིམ་བྱོན་གྱི་དབུ་བླར་ཕེབས་ཏེ། བསྟན་པ་བསྐྱོངས་པའི་བཀའ་དྲིན་བརྗོད་ཀྱིས་མི་ལང་པ་བསྐྱངས་ཏེ། ད་བར་མི་ལོ་ ༩༠༠ འགྲོ་བཞིན་ཡོད་དུས་ང་ཚོས་ངེས་པར་དུ་རྗེས་དྲན་ཞུ་འོས་པ་ཞིག་ཡིན་ཞིང་། ཁྱད་པར་ཀརྨ་པ་སྐུ་ཕྲེང་དགུ་པ་ནས་བཟུང་༧གོང་ས་སྐུ་ཕྲེང་རིམ་བྱོན་བར་འབྲེལ་བ་དམ་ཟབ་བྱུང་ཡོད་ཟེར།
དེ་རིང་ཞོགས་པ་གནས་མཆོག་རྡོ་རྗེ་གདན་དུ་རྗེ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ ༩༠༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོ་དབུ་འཛུགས་གནང་ཡོད་ཅིང་། ཞོགས་པའི་ཆུ་ཚོད་ ༨ སྟེང་དགེ་འདུན་པ་རྣམས་པས་གཙོས་སྐུ་མགྲོན་སེར་སྐྱ་ཚང་མ་རྡོར་གདན་གཏེར་སྒར་དགོན་གྱི་ཉེ་འགྲམ་གྱི་༼ དགུ་བརྒྱའི་དུས་དྲན༽ མཛད་སྒོའི་ཚོགས་ཁང་དུ་ཚང་འཛོམས་ཐོག དཔལ་རྒྱལ་བ་ཀརྨ་པ་མཆོག་ཚོགས་མགོན་དུ་ཕེབས་ཏེ། མཆོད་པའི་སྤྲིན་ཕུང་འཁྲིགས་པའི་དབུས་རྗེ་དུས་གསུམ་མཁྱེན་པའི་སྐུ་གསུང་བྱོན་མ་གདན་འདྲེན་ཞུས་ཤིང་། མཛད་སྒོའི་གཙོ་སྐྱོང་པ་གོར་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཤིས་ཚིག་ཕུལ་བ་དང་སྦྲགས་ཚོགས་མི་ཡོངས་ལ་འཚམས་འདྲི་ཞུས་ཡོད་འདུག
མཛད་སྒོ་དེར་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ཆོས་རིང་བཀའ་བློན་ཚེ་རིང་ཕུན་ཚོགས། འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་གོར་ཤྲཱི་རྒྱལ་ཚབ་རིན་པོ་ཆེ། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ། རྒྱུད་སྟོད་མཁན་རིན་པོ་ཆེ། གཞན་ཡང་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བླ་སྤྲུལ། མཁན་པོ། གྲྭ་ཚང་ཁག་གི་ཕྱག་མཛོད་སོགས་སྐུ་མགྲོན་ ༣༠༠ ཙམ་ཆེད་ཕེབས་གནང་ཡོད་ལ། ཁྱོན་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་སེར་སྐྱ་ ༦༠༠༠ ལྷག་འཛོམས་ཡོད་འདུག
ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་བོད་མདོ་ཁམས་ཏྲེ་ཤོད་དུ་སྐུ་འཁྲུངས་ཏེ། མི་ལོ་ཧྲིལ་པོ་ ༩༠༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོ་དེ་ལོ་ངོ་གཅིག་ཧྲིལ་བོར་འཛམ་གླིང་རྒྱལ་ཁབ་དུ་མར་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་དངོས་སུ་དབུ་འཛུགས་གནང་སྟེ། དཔལ་རྒྱལ་བ་ཀརྨ་པ་མཆོག་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ནས་མཛད་སྒོ་དབུ་འབྱེད་ཀྱི་སྣང་གསལ་ཕྱེས་ཤིང་། དགུ་བརྒྱའི་དུས་དྲན་དང་འབྲེལ་བའི་དཔེ་དེབ་ཁག་གཉིས་དབུ་འབྱེད་དང་། ལྷོ་ཕྱོགས་ནས་གདན་དྲངས་པའི་སྲོལ་རྒྱུན་རོལ་དབྱངས་དང་ལྷག་པར་དོ་ཧཱ་རྡོ་རྗེའི་མགུར་དབྱངས་བ་ཁག་ཅིག་གིས་དོ་ཧཱ་རྡོ་རྗེའི་མགུར་ལེགས་སྦྱར་གྱི་སྐད་ཐོག་ནས་གདངས་སུ་གྱེར།
ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་༧གོང་ས་མཆོག་གིས་དགུ་བརྒྱའི་དུས་དྲན་གྱི་མཛད་སྒོར་བསྩལ་བའི་གསུང་འཕྲིན་སྒྲོག་སྦྱང་གནང་རྗེས་ས་སྐྱའི་སྤྱི་འཐུས་ག་གཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་གནང་། དེ་ནས་རུམ་བཏེག་ཕྱག་མཛོད་ཀརྨ་ཅུང་རྒྱལ་པ་ལགས་ཀྱིས་རྒྱ་གར་བྷེ་ཧཱར་མངའ་སྡེའི་བློན་ཆེན་དང་། འབྲས་ལྗོངས་མངའ་སྡེའི་བློན་ཆེན་གཉིས་ཀྱིས་ཐེངས་འདིའི་མཛད་སྒོར་གནང་བའི་གསུང་འཕྲིན་སྒྲོག་སྦྱང་གནང་།
སྐབས་དེར་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་དུས་དྲན་མཛད་སྒོ་འདི་ཚོགས་དགོས་པའི་རྒྱུ་མཚན་སྐོར་ངོ་སྤྲོད་གནང་དོན། ད་རེབ་མཛད་སྒོར་ཕེབས་པ་ཚང་མར་འཚམས་འདྲི་དང་སྦྲགས་ང་རང་ལྟ་བུར་མཚོན་ན་ལོ་ ༩༠༠ ལྷག་གི་ལོ་རྒྱུས་ཡོད་པའི་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་རྗེ་ཀརྨ་པའི་ཐུགས་རྗེའི་གྲིབ་བསིལ་འོག་འཚོ་མཁན་ཞིག་ཡིན་པའི་ཆ་ནས་ད་རེབ་ཀྱི་མཛད་སྒོ་འདི་ལོ་རྒྱུས་ཀྱི་བྱུང་རབས་ནང་རྗེ་ཀརྨ་པས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་ཅི་བསྐྱངས་རྣམས་གསལ་འདེབས་དང་། མ་འོངས་པར་ཡང་བསྟན་པ་མི་ཉམས་རྒྱུན་འཛིན་ཡོང་ཐབས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན། ཞེས་དང་། གཞན་ཡང་ད་ལྟའི་དུས་རབས་འདིར་ཚན་འཕྲུལ་སོགས་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་ཡོད་ཀྱང་། ནང་སེམས་ཀྱི་བདེ་བ་དེ་ཙམ་ཡར་རྒྱས་ཡོང་གི་མེད་སྟབས། གཞོན་རབས་ཚོས་ནང་ཆོས་ལས་གསུངས་པའི་ཡ་རབས་བཟང་སྤྱོད་ལས་བརྩམས་ཏེ། ནང་སེམས་ཀྱི་བདེ་བ་སྐྲུན་ཐབས་ལ་འབད་འབུངས་ཡོང་བའི་རེ་བའི་ཐོག་ནས་མཛད་སྒོ་འདི་གོ་སྒྲིག་གནང་བ་ཡིན། ཞེས་གསུངས་སོང་།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་བཤད་གྲུབ་རྗེས་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་གནང་དོན། ཐེངས་འདིའི་མཛད་སྒོ་འདི་ཉིད་ལོ་རྒྱུས་ཀྱི་བྱུང་རབས་ནང་དོན་སྙིང་ལྡན་པ་དང་། མ་འོངས་པར་རྒྱལ་བསྟན་སྤྱི་དང་ཁྱད་པར་བཀའ་བརྒྱུད་པའི་བསྟན་པ་འཛིན་སྐྱོང་གནང་ཕྱོགས་སྐོར་ཚང་མས་ཐུགས་ལ་འཛིན་དགོས་པའི་གསལ་འདེབས་ཤིག་ཆགས་ཀྱི་ཡོད་ཚུལ་དང་། གཞན་ཡང་ཀརྨ་པ་སྐུ་ཕྲེང་ན་རིམ་གྱི་མཛད་རྗེས་གཙོ་བོ་ཁག་རེ་རེ་བཞིན་ངོ་སྤྲོད་དང་སྦྲགས་ང་ཚོ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ནས་ལོ་ངོ་ཆིག་སྟོང་ལྷག་སོང་ཡོད་པ་དང་། བོད་སིལ་བུའི་སྐབས་རྒྱལ་བསྟན་ཉག་ཕྲ་བའི་སྐབས་སུ་རྗེ་ཀརྨ་པ་སྐུ་ཕྲེང་ན་རིམ་གྱིས་རྒྱ་ནག་གོང་མ་རིམ་བྱོན་གྱི་དབུ་བླར་ཕེབས་ཏེ། བསྟན་པ་བསྐྱས་པའི་བཀའ་དྲིན་བརྗོད་ཀྱིས་མི་ལང་པ་བསྐྱངས་ཏེ། ད་བར་མི་ལོ་ ༩༠༠ འགྲོ་གི་ཡོད་དུས་ང་ཚོས་ངེས་པར་དུ་རྗེས་དྲན་ཞུ་འོས་པ་ཞིག་ཡིན་ཞིང་། ཁྱད་པར་ཀརྨ་པ་སྐུ་ཕྲེང་དགུ་པ་ནས་བཟུང་༸གོང་ས་སྐུ་ཕྲེང་རིམ་བྱོན་བར་འབྲེལ་བ་དམ་ཟབ་བྱུང་ཡོད།
ལྷག་པར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རྣམ་གཉིས་ཕན་ཚུན་ཐུགས་སྣང་གཅིག་འདྲེས་ཀྱིས་རྒྱ་དཀར་ནག་སོགས་ཡུལ་གྲུ་དུ་མར་ལྷན་ཅིག་ཏུ་ཕེབས་པ། བཙན་བྱོལ་དུའང་བོད་ཀྱི་བདེན་མཐའ་གསལ་ཐབས་སུ་༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཀྱི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་ཡོད་པས་མཚོན་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ངལ་མང་པོ་བསྐྱོན་ཡོད་པ་དང་། ད་ལྟའི་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ཁོང་ལྟ་བུར་མཚོན་ན་ད་ལྟ་བར་དུ་སྐུ་ཕྲེང་བཅུ་དྲུག་བར་ཕེབས་པའི་མཛད་པ་ཚང་མ་བདག་གིར་བཞེས་ཐུབ་པའི་རེ་བ་དང་གོ་སྐབས་གཉིས་ཀ་ཡོད་པ་རེད། ཅེས་དང་། མཇུག་ཏུ་བཀའ་ཁྲི་མཆོག་གིས། མཛད་སྒོ་འདིར་ངོ་བཅར་ཐུབ་པ་དེ་ཆེས་སྐལ་པ་བཟང་པོ་ཞིག་བྱུང་ལ། ང་ད་ལྟ་བཀའ་ཁྲིའི་ལས་ཡུན་རྫོགས་མེད་སྟབས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་བྱ་བ་རླབས་ཆེན་ཞིག་ཀྱང་ཆགས་པ་རེད། ཅེས་གསུངས་སོང་།
གོང་གི་གནས་ཚུལ་དེ་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་བཏང་འབྱོར་བྱུང་།
ཆུ་སྐྱེས་སྒྲོལ་མ་ལགས་ནས་གསར་འགྱུར་འདི་འདྲེན་བཀོད་གནང་བར་ཐུགས་རྗེ་ཆེ་ཞུ། ཁ་གཉེར་བ་ཚོའི་གནང་སྟངས་ལ་རྗེས་སུ་ཡི་རང་བྱེད་བཞྀན་ཡོད།
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
དཔལ་རྒྱལ་དབང་ཀརྨ་པ་མཛད་ཕྲིན་རྒྱས་པར་ཤོག་
དཔལ་རྒྱལ་བ་ཀརྨ་པ་འཕྲིན་ལས་རྡོ་རྗེ་མཆོག་གི་སྐུ་ཚེ་རིང་ཞིང་མཛད་འཕྲིན་རྒྱས་པ་དང་མ་འོངས་པར་བོད་གངས་ཅན་སྡུག་བསྔལ་གྱི་ཡུལ་དུ་ལྷུང་བའི་ཚེ་མགོན་སྐྱབས་མཛད་པའི་སྨོན་འདུན་ཞུ།།