ནག་ཆུ་ཀུན་དགའ།
སུམ་རྟགས་དག་གསུམ་རྩོམ་གྱི་ཟུངས་ཁྲག་རེད།།
ཟབ་རླིངས་བརྗོད་བྱ་རྩོམ་གྱི་སྲོག་སྙིང་རེད།།
སྡེབ་ལེགས་ཚིག་སྦྱོར་རྩོམ་གྱི་ལང་ཚོ་རེད།།
འདི་གསུམ་བྲལ་བའི་རྩོམ་དེ་བེམ་རོ་རེད།།
གཙང་མའི་སྤྱི་སྐད་རྩོམ་གྱི་རྒྱན་གོས་རེད།།
དངོས་ཤུགས་བསྟན་དོན་རྩོམ་གྱི་ཕྱི་ནང་རེད།།
འགོག་མེད་ཚོར་སྦྱིན་རྩོམ་གྱིས་ནུས་པ་རེད།།
འདི་གསུམ་བྲལ་བའི་རྩོམ་དེ་ཀེང་རུས་རེད།།
ཚིག་སྐམ་བཙན་སྒྲིག་རྩོམ་གྱི་ནད་འབུ་རེད།།
གོ་དོན་མི་སྟེར་རྩོམ་གྱི་མུན་ནག་རེད།།
ཚིག་མང་དོན་མེད་རྩོམ་གྱི་ངལ་བ་རེད།།
འདི་གསུམ་འཛོམས་པའི་རྩོམ་དེ་གད་སྙིགས་རེད།།
ར་མགོ་ལུག་སྦྱོར་རྩོམ་གྱི་འཆལ་སྤྱོད་རེད།།
གཡར་པོ་ཚིག་སྦྱོར་རྩོམ་གྱི་རྐུན་པོ་རེད།།
དཔེ་དོན་འཁྱོར་བ་རྩོམ་གྱི་ར་བཟི་རེད།།
འདི་གསུམ་འཛོམས་པའི་རྩོམ་དེ་ཁྲིམས་འགལ་རེད།།
དཀའ་གནད་མི་བཀྲོལ་རྩོམ་གྱི་ཟུངས་ཟད་རེད།།
སླ་མོ་དཀའ་བསྒྱུར་རྩོམ་གྱི་གཤེད་མ་རེད།།
སྒྲ་ཉམས་སྐད་སྒྲིག་རྩོམ་གྱི་སྨན་ལོག་རེད།།
འདི་གསུམ་འཛོམས་པའི་རྩོམ་དེ་འཆི་རྒྱུ་རེད།།
ནག་ཆུ་ཀུན་དགའ་འམ་བྱང་ཐང་ལང་ཚོ་ནས་་་རྩོམ་བྲིས་ཁ་ཤས་མཐོང་རྐྱེན་བྱས་ནས་བོད་ཕྱི་ནང་དུ་ཡོད་པའི་ཤ་རུས་གཅིག་པའི་སྤུན་ཟླ་སྨྱུག་ཐོགས་ཡོངས་ལ་གཟབ་དགོས་པའི་གནད་དོན་ཁ་ཤས་ཤིག་ངོ་སྤྲོད་སྙིང་གཏམ་དུ་བྲིས་པ་ལགས་ན། ཐུགས་མི་འཁྲུགས་པར་ཞུ།།
ཁ་བྱང་གི་འགྲེལ། ངན་དགུ་འཛོམས་པ་དང་བཟང་དྲུག་བྲལ་བའི་རྩོམ་རིགས་ཀྱི་གཤེད་མ་ཞེས་གོ་དགོས།
སྙན་ངག་འདིའི་བརྗོད་བྱ་ལ་འདང་རྒྱག་རྒྱུ་འདུག
རྩོམ་པ་པོ་ང་ཡིན་ཟེར་མཁན་ཚོར་གཟབ་དགོས་པའི་གནད་འགག་བསྟན་པ་རྣམས་ཡིད་འཐད་པ་ཙམ་མ་ཟད།
མྱོང་བྱང་དམར་མོ་རྗེན་པར་བཤམས་པའི་ནུས་པ་ཐོན་འདུག་སྙམ་མོ།།
གོ་བ་ཅན་གི་ཚིག་གཅིག།
ཉན་རྒྱུ་ཡོད་སའི་གཏམ་ཞིག།
དོན་དུ་གནས་བའི་སྲོག་འདི།
ཁ་སེམས་དྲང་བའི་མགུར་ཞིག།
ཡག་པོ་འདུག། ཡག་པོ་འདུག། དེ་མིན། རྩོམ་ལ་ལ་ཞིག་གིས་ང་ཤི་མི་ཐུབ་སར་། གསོན་མི་ཐུབ་སར་སྐྱོལ་འི་འདུག། དེ་ལས་ཀྱང་ཡིད་སྐྱོ་བ་རྣམས་ནི། བཤད་ན་ཚར་ཡ་མེད་པ་ཞིག་ཡོད་པ་རེད།