ཨ་མྱེས་སྲས་ཆུང་གིས།
ནུབ་ཕྱོགས་མགོ་སེར་ཡུལ་ལ་གནས་གྱར་བའི།།
རིགས་ལ་ཞེན་པ་དཀར་བའི་འཁྱམས་པོ་ངས།།
དྲན་སྐུལ་སྙིང་དམའི་ཟུག་ཁྲག་དྭངས་མ་འདི།།
བགྲེས་སོང་ཐུབ་ཕུའི་སྙན་ལ་དལ་གྱིས་གསོལ།།
ལྷ་དང་བླ་མའི་བཀའ་ལུང་རྫུན་དུ་ལྟ།།
ཆོས་དང་སྲོལ་རྒྱུན་ཁུངས་མེད་མཐོང་ཡང་ཆོག།
རང་གི་ལྟ་བ་རང་གིས་ལེགས་འབད་ནས།།
དད་ལྡན་སེམས་པ་མ་དཀྲུགས་ཕ་བཟང་བུ།།
གངས་རིའི་ཕ་ས་ཆགས་དང་འཇིག་ལ་ཉེ།།
ཁ་འཐོར་གཞིས་བྱེས་མི་ལོ་དྲུག་བཅུར་རྒལ།།
ཤ་ཚའི་ཚིག་གིས་སྨྲེ་སྔགས་མ་ཤོར་ཡང་།།
རོ་ཐོག་རྟ་རྒྱུགས་མ་བྱེད་ཕ་བཟང་བུ།།
མེས་པོའི་དུས་ནས་གོམས་པའི་གདོང་དམའི་ལུགས།།
ཤ་རུས་གསེང་ལ་འཐིམ་པའི་ཁ་བའི་གཤིས།།
ཁྱོད་དང་ཁྱོད་ཀྱི་མི་ལ་མ་མཛེས་ཀྱང་།།
རིགས་ལ་མཚང་འབྲུ་མ་བྱེད་ཕ་བཟང་བུ།།
ཆོས་ཀྱི་བསླབ་བྱ་འདུལ་བའི་ལུང་ལ་གཏུགས།།
འཇིག་རྟེན་སློབ་གསོ་དེང་རབས་འགྲོས་དང་བསྟུན།།
གཅིག་ཡག་གཅིག་སྡུག་གདོན་གྱིས་བཟི་གཏམ་དེས།།
གངས་རིའི་སྙན་གྲགས་མ་རྣོགས་ཕ་བཟང་བུ།།
དཀར་ཟན་ཚོགས་པས་དགེ་སྐུལ་བྱེད་ཀྱང་ཆོག།
དམར་ཟན་མི་ཡིས་ཤ་ཁྲག་སྤྱོད་ཀྱང་རུང་།།
དགེ་སྡིག་འབྲས་བུ་རང་གིས་མྱོང་དགོས་པས།།
འབྲེལ་མེད་ཇུས་གཏོགས་མ་བྱེད་ཕ་བཟང་བུ།།
ཚེ་འདི་གཙོ་ན་རྒྱུ་དང་འབྱོར་ལ་བརྩོན།།
ཕྱི་མ་བསམ་ན་དམ་པའི་ཆོས་ལ་འབད།།
རང་གི་བདམ་ཀ་རང་གིས་མ་ནོར་བར།།
གཞན་གྱི་འགྲོན་ལམ་མ་བཀག་ཕ་བཟང་བུ།།
རོང་འབྲུག་གསེང་ནས་བོད་བླར་མཆོད་ན་ཐང་།།
རྒྱ་གྲོང་དཀྱིལ་ནས་རྒྱ་བླ་གསོས་ཀྱང་རུང་།།
རང་གི་དངུལ་ཁུག་དཀྲུག་མཁན་རང་ཡིན་པས།།
དོན་མེད་ཕྲག་དོག་མ་བྱེད་ཕ་བཟང་བུ།།
ལྷོ་ནུབ་མི་རིགས་སློབ་གླིང་གཡང་ར་ནས།།
ཕ་སྐད་གཙང་མའི་སློབ་གསོ་མ་འཕྲོད་ཀྱང་།།
སྦྲག་སྐད་བཤད་པར་སྔོན་ཐོན་ཡིན་རབས་ཀྱིས།།
བོད་ཕྲུག་ལོག་ལམ་མ་འཁྲིད་ཕ་བཟང་བུ།།
ཉེ་ནས་ཐུག་པའི་གོ་སྐབས་མ་བྱུང་ཡང་།།
རིང་ནས་རྣ་བས་གཏམ་བཤད་ཐེངས་འགར་གོ།
སློབ་ཆེན་སློབ་དཔོན་ཞིག་གི་མིང་འཁུར་ནས།།
ཀུན་གྱི་མཚན་སྙན་མ་བརྫད་ཕ་བཟང་བུ།།
ཆོས་དང་འཇིག་རྟེན་ཤེས་རྒྱ་ཆུང་ན་ཡང་།།
འཛེམ་མེད་ལྷག་བསམ་དཀར་པོའི་སྙིང་གཏམ་འདི།།
ལེ་དབར་འབུམ་གྱིས་ཁྱད་པའི་ས་མཐའ་ནས།།
ཞུ་བར་ཆུད་ཟོས་མ་གཏོང་ཕ་བཟང་བུ།།
དགེ་ཐུབ་བསྟན་ཕུན་ཚོགས་ཀྱིས་ཡིག་ངག་གཉིས་ཐོག་ནས་གཏམ་བཤད་འདྲ་མིན་ཞིག་ལྟ་ཉན་བྱས་པའི་རྗེས། དྲན་སྐུལ་གྱི་ཚུལ་དུ་ནུབ་ཕྱོགས་མགོ་སེར་ཡུལ་གྱི་རང་ཁྱིམ་ནས་ས་ག་ཟླ་བའི་ཚེས་༡༥ ཉིན་མཇུག་གྲུབ་བོ།། །།
ཨ་མྱེས་སྲས་ཆུང་ཏྲེ་ཧོར་ཡིག་རྨོངས་པ་ཅི་ཤེས་ལེ་རེད།
འབྲོང་གི་བུ་བརྒྱུད་ལགས་་་་མ་འདོད་ན་དགག་ལན་་་་དེ་མིན་སྨྱོན་གཏམ་མ་བཤད།
ཧ་ཧ། དགག་པ་རྒྱབ་ཡོང་ས་ཅི་མི་འདུག
མི་འདིས་རིགས་ལ་ངོ་ཚ་ཟེར་ཡ་མི་འདུག་འ་ཁ་ཁ་ཁ།