ཁངས་ཆར།
སྤྱིར་དོན་དག་འདིའི་ཐད་དུ་འགྲིག་དང་མི་འགྲིག་གི་སེམས་ཅན་རྣམ་པ་སྣ་ཚོགས་པས་འཆར་སྣང་གི་དྲ་བའི་སྣེ་རུ་ཐལ་ལྕགས་ཀྱིས་འཁོར་གསུམ་ཀླད་ནས་བསྐོར་བཞིན་རིག་པའི་གཞུང་ལུགས་བཙན་པོ་ཞིག་ཐལ་ངག་གིས་གཏན་འབེབས་བྱེད་པའི་ཚུལ་ལ་རོལ་ཏེ་མང་མང་ཞིག་ནི་འུར་གྱིས་འཁྱེར་ནས་བརྟན་བརླིང་དང་རང་ཚུགས་དམ་དུ་འཛིན་པའི་སྐལ་བའང་བཅད་འདུག་ཅིང་། དེ་དག་གི་ཤེད་དུ་སྔོན་མ་ཞིག་ནས་སུ་ཞིག་གི་སུག་རྗེས་ལ་ལད་ཟློས་ཀྱིས་བཙན་པོའི་སྙིང་སྟོབས་དང་བཙན་པོའི་དུས་རབས་གླེང་བའི་ཡི་གེ་བསྐྱར་པར་བ་འགའ་ཞིག་གིས་ད་ཚོད་བསྐྱར་དུ་སྐྱོམ་པ་སླ་བའི་ལྟ་བ་འཁྱེར་སོ་ཡ་མ་ཟུང་ངམ། བསམ་བློའི་འདུ་ཤེས་ཀྱི་རྩིས་ཡེ་ནས་མ་ཟིན་པར་དགེ་བཅུའི་སྲོལ་དང་‘‘ཚུལ་བློའི་”འབྲེལ་ཐག་གི་སྣེ་བཟུང་ནས་སྒམ་བརླིང་གིས་ཆེན་པོ་ཞིག་སྙད་ཀིན་པའི་ཚུལ་ལ་འབད་བཞིན་འདུག
མ་གཞི་སུ་ཞིག་གིས་དགེ་བཅུའི་ཁྲིམས་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་རང་གི་བཅོས་མིན་གྱི་འཆར་སྒོ་སྤྱད་དེ་དགག་པ་དང་སྙད་འདོགས་བྱེད་པར་ཁོ་བོ་མི་འཐད་རྒྱུ་ཅང་མེད་མོད་སུ་ཞིག་གཙོ་བོ་འགའི་འཁོར་དང་བྲན་གྱི་ཚུལ་བཟུང་ནས་འཆར་སྒོ་དང་བསམ་བློ་ཡོད་ཚད་གཞན་གྱི་བསླུ་དང་འདྲིད་ཀྱི་རྐྱེན་ལ་བརྟེན་ཏེ་‘‘ཁོས་དེ་སྐད་སྨྲ་ན་ངས་ཀྱང་དེ་ལྟར་སྨྲའོ་’’ཞེས་པའི་རང་གི་དཔྱད་ཤེས་ཀྱི་ནུས་པ་རུལ་སུངས་གཏོང་བཞིན་ད་དུང་ཐོབ་ཐང་དང་རང་དབང་སྨྲ་བ་ནི་དགོད་སྤྱད་ཅིག་ལས་མ་འདས་པས་ན་བདག་གིས་རང་ཚུགས་ཡེ་ནས་བོར་བའི་‘‘རྗེས་སྙེག་པ’’་དང་དེའི་གཡོ་འཕྲུལ་གྱིས་འདྲིད་པ་དག་ལ་གཟས་ཏེ་དགེ་བཅུའི་ཁྲིམས་ཀྱི་སྐོར་ཅུང་ཞིག་གླེང་བ་ན།
ཁོ་བོ་ནི་དགེ་བཅུ་ཁྲིམས་ཀྱི་མངའ་འོག་ནས་འཚོ་ཞིང་དགེ་བཅུའི་ཁྲིམས་ཀྱི་‘‘བྲོ་བ་’’མྱངས་བ་ཞིག་མིན་ལ་ཁྲིམས་དེ་དབང་བཙན་སོང་ན་ཉེས་པ་ཕོག་དོགས་དང་ལྷོད་སོང་ན་ཁེ་ལ་རེ་བ་དེ་འདྲ་གང་ཡང་མིན། དགེ་བཅུའི་ཁྲིམས་ལ་ཞིབ་འཇུག་གིས་མྱོང་བ་གཏིང་ཟབ་ཐོབ་པ་ཞིག་ཀྱང་མིན་ལ་གསེར་ཐང་བླ་རུང་དང་དམིགས་བསལ་གྱི་འབྲེལ་ལམ་ཡོད་པ་ཞིག་ཀྱང་མིན། ཡིན་ནའང་སྔོན་མ་ཞིག་ནས་གསེར་ཐང་བླ་རུང་ཚང་གིས་སྤྱི་ཚོགས་ཀྱི་གནད་དོན་ཆེ་མ་ཆུང་ཚགས་གང་མང་ཞིག་ལ་འགན་འཁུར་དང་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་མི་རིགས་རིག་གནས་བཅས་པའི་ཐད་དུ་རླབས་ཆེ་བའི་བྱས་རྗེས་དག་ལ་ཡི་རང་ནས་ཡོད་ལ་དགེ་བཅུའི་ཁྲིམས་ཞེས་པ་དེ་ལ་ཡིག་ངག་ཅི་རིགས་རྒྱུས་ལོན་ཨེན་ཙམ་བྱས།
དེ་ཡང་བླ་རུང་ནས་སྐྱོང་བའི་དགེ་བཅུ་ཁྲིམས་ནི་བོད་རབ་གནས་ས་བྱི་ལོར་གསེར་ཐང་བླ་རུང་སྒར་ནས་མང་ཚོགས་དང་གྲོས་གཞི་ཚུལ་དུ་བཏོན་ཞིང་རིམ་པར་‘‘དགེ་བཅུའི་སྲོལ་འདི་མུ་མཐུད་ནས་འཛུགས་ཐུབ་ན་ཕན་པ་བཟང་པོ་འདུག་ཅེས་དགའ་བསུ་བྱེད་མཁན་གྱི་མང་ཚོགས་ཤིན་ཏུ་མང་པོ་’’བྱུང་བས་དམངས་ཀྱི་གདམ་ཀ་བཞིན་དུ་ཁྲིམས་ཀྱི་ངོ་བོར་བསྒྱུར་ཏེ་ཁྱབ་ཁོངས་སུའང་རྫོང་རིམ་པའི་ཡུལ་དགོན་མང་དག་རང་མོས་ཀྱིས་འཛུལ་ཞུགས་བྱས། ཁྲིམས་དང་འགལ་བ་དག་ལ་ཉེས་ཆད་ཀྱིས་ཐག་གཅོད་བྱེད་དགོས་པ་ནི་ཁྲིམས་ཀྱི་ངོ་བོ་དང་ཐོབ་ཐང་ཡིན་པས་ན་དགེ་བཅུའི་ཁྲིམས་ལའང་སྤྱི་མཚུངས་དེ་ལས་མ་བརྒལ་བར་ཉེས་པ་ཆེ་ཆུང་དང་འཚམ་པར་ཆད་པ་བཅད་དེ་‘‘ཐོག་མ་ནས་ཆད་པ་སྤྱི་དང་ཁྱད་པར་དུ་དཔལ་འབྱོར་གྱི་ཆད་པ་སོགས་བཙན་ཤུགས་ཀྱིས་གཅུན་ན་དོན་དུ་འགྱུར་དཀའ་བས་དེ་ལྟར་མི་བྱ།’’བར་ཉེས་ཅན་པར་ཕན་ཐབས་ཀྱི་དགེ་བཅུའི་ཁྲིམས་ཀྱི་དོན་ཚན་དང་གཙང་སྦྲ་འཕྲོད་བསྟེན། རྒྱུན་ཤེས་རིག་གནས་སོགས་ལ་སྦྱོང་བ་བྱ་དགོས་པའི་ཆད་པ་གུ་ཡངས་གཅད་པའི་སྲོལ་བཙུགས།
དེ་ལྟར་དགེ་བཅུ་ཁྲིམས་ནི་སྤྱི་ཚོགས་སུ་ལག་བསྟར་བྱེད་པའི་བརྒྱུད་ནས་འཕེལ་རྒྱས་བྱུང་ཞིང་མང་ཚོགས་ཀྱིས་ཀྱང་རྒྱབ་སྐྱོར་ཐོབ་པ་དང་། ད་ལྟར་ཡང་དགེ་བཅུའི་ཁྲིམས་ཀྱི་ནུས་པ་དང་ཁྱབ་ཁོངས་ཆེར་འགྲོ་བཞིན་པའི་སྐབས་ཡིན། དགེ་བཅུའི་ཁྲིམས་དང་མ་གཞི་མཁན་པོ་‘‘ཚུལ་བློའི་”དང་འབྲེལ་བ་ལོས་ཡོད་དེ་ཁྲིམས་འདི་མཁན་པོ་‘‘ཚུལ་བློ”ས་ཁེར་རུས་ཅི་བདེར་དང་བླ་རུང་ཚང་གཅིག་པུས་དབང་ཤུགས་ཀྱིས་གནོན་བཞག་པ་ཞིག་མིན་པ་ཤེས་དགོས།
དགེ་བཅུའི་ཁྲིམས་ཀྱི་ཐོག་མའི་དམིགས་ཡུལ་དང་དགོས་འདུན་ནི་‘‘རང་རེའི་མི་རིགས་འདི་གཞན་ཕན་གྱི་བྱ་བ་ལ་གཙིགས་སུ་འཛིན་པ་དང་། རྒྱུ་འབྲས་དྲང་བདེན་གྱི་ལམ་ལ་མཐོང་ཆེན་བྱེད་པ་དང་། ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་ལག་ལེན་དུ་འདེབས་པ་དང་། གཞན་ལ་གནོད་པ་སྤངས་པའི་སྒོ་ནས་རང་གི་འཚོ་ཚིས་བསྒྲུབ་པ་གཞི་རྩར་འཛིན་མཁན་ཞིག་ཏུ་”འགྱུར་བའི་ཆེད་དུ་ཡིན་ལ་ཁྲིམས་ཀྱི་ངོ་བོ་ཡང་དམིགས་ཡུལ་དེ་དག་གི་ལྡོག་ཕྱོགས་ཀྱི་ཁ་གཏད་དུ་ཏག་ཏག་བཞག་པ་ལས་སྒེར་དང་ཚོགས་སྡེ་བྱེ་བྲག་པ་ཁོ་ནའི་ཁེ་ཕན་དང་འབྲེལ་རྩད་ནས་མི་འདུག
ག་དུས་ཤིག་ནས་དགེ་བཅུའི་ཁྲིམས་ལ་སྡང་ཟུག་གི་སྨྲེ་སྔགས་འདོན་མཁན་བྱུང་བ་གསལ་པོ་ཞིག་མི་དྲན་མོད་བར་སྐབས་ནས་དགེ་བཅུ་དང་ཚུལ་བློ་ཟེར་བའི་ཐ་སྙད་ཀྱིས་དྲ་ངོས་རྫོབ་ནས་སོང་ལ་མཁས་པ་དང་རྩོམ་འབྲི་བ་མང་ཤོས་སྨྱུག་ཁ་དེར་བསྐོར། དེ་དག་ལས་དགེ་བཅུའི་ཁྲིམས་ཀྱི་ལྡོག་ཕྱོགས་སུ་འགྲེང་ནས་སྐད་རྒྱག་མང་ཤོས་རིག་གནས་གསར་པའི་རྒྱུད་བརླན་པའི་ཚུལ་འཛིན་པ་དག་ཡིན་ལ་དེ་དག་ནི་གཅིག་སྡུད་རིང་ལུགས་ཀྱི་ཚུལ་དུ་ཁོ་ཚོས་‘‘དད་པ་”དང་‘‘ཕྱག་འབུལ་”བྱེད་བའི་ཆེན་པོ་གྲགས་པ་གང་ཞིག་གིས་ཅི་ཞིག་འགྲིག་གིན་མེད་ཚུལ་གྱིས་གསུང་རེ་འབྱོན་པ་ན་དེ་མ་ཉིད་དུ་རྗེས་འཛིན་པ་དག་གིས་ཀྱང་ལྟ་ཚུལ་གསར་བ་དང་རིག་གནས་མི་འདྲ་བ་རེ་འཆད་པའི་ཟོལ་གྱིས་གང་ཞིག་མི་འགྲིག་པའི་ཚུལ་དང་། རང་དབང་དང་ཐོབ་ཐང་ཟེར་བའི་ཐ་སྙད་ལྗིད་པོ་འགའ་ཡར་མར་འདྲུད་བར་འབད་ཀིན་འདུག
ཁོ་ཚོས་དགག་སྒྲུབ་ཀྱི་རྣམ་གཞག་ཚད་ལྡན་ཞིག་བྱེད་ཚེ་མང་ཚོགས་ཀྱི་འཚོ་བ་དང་དགེ་བཅུའི་ཁྲིམས་ཀྱི་གནད་དོན་ཐད་དུ་དངོས་ཡོད་ཀྱི་སྣང་ཚུལ་དང་དགེ་བཅུའི་ཁྲིམས་ཀྱི་རང་ངོས་ནས་ཞིབ་འཇུག་བྱ་རྒྱུ་ལས་མི་འདོད་ཕྲག་དོག་གིས་མྱོས་ཏེ་ཚུལ་བློ་དང་‘‘ཚུལ་བློའི་དགེ་བཅུ་”ཞེས་པའི་ཆོས་ལས་གང་ཟག་གཙིགས་སུ་འཛིན་པའི་སྐད་ཆ་དག་ནི་ངོ་མ་བྲོ་བ་ཡེ་ནས་མེད་པ་ཞིག་རེད། ད་དུང་‘‘འཚོ་རྟེན་དུ་རྟ་ནོར་ལུག་གསུམ་མེད་ཚེ་ཚེ་སྲོག་རྟ་རྔ་འདྲ་བོར་སྔ་ས་ནས་རྫོགས་ཚིག་བཞི་ཤད་བྲིས་པ་ཡོད་ངེས།
དེ་བཞིན་དུ་ལོ་ཟླ་ཁོར་མོ་ཡུག་དུ་དེ་དག་འཚོ་སྐྱོང་བྱས་ཤིང་། དེ་དག་གི་ལྤགས་རིགས་དང་ལྕི་ལུད། ད་དུང་དེ་དག་གི་ཤ་ཁྲག་ལ་བརྟེན་ནས་འཚོ་བ་ཡིན་པ་”མཛོ་བདག་ལ་མཛོ་རྒྱུས་”བཤད་ཅི་དགོས། ད་ནི་གློ་བུར་ཏུ་དེ་དག་སྤོངས་ཤིག་ཁྱོད་ཀྱི་ཡིད་ལ་ཅི་ཞིག་དྲན་ནམ།་”འདི་ལྟར་དགེ་བཅུའི་ཁྲིམས་ཀྱི་རྣམ་གྲངས་ཀྱི་ཟུར་ཙམ་ལ་རྒྱུས་མངའ་མེད་པའི་སྐད་ཆ་དག་ནི་ཅི་ཞིག་འབྲི་དགོས་བསམ་ནས་ཅིག་ཅིག་བྲིས་པ་ལས་འདི་ལྟར་བྲི་པོ་ཁོ་ཚོས་གང་ལ་དགག་སྒྲུབ་བྱེད་སའི་གནད་དོན་ཕྱོགས་ཙམ་ལ་རྒྱུས་ལོན་དགོས་དོགས་མི་འདུག
ཁ་ཤས་ཀྱིས་‘‘འུ་ཅག་གི་དམངས་ཚོགས་དག་གིས་ནོར་ལུག་བཤའ་བ་དང་བཙོང་བའི་ལས་འདི་སྤངས་ཚེ། དམངས་ཚོགས་དག་ལག་སྟོང་མཆན་ལ་བཙིར་ཏེ་གང་དུ་འགྲོ”ཟེར། མྱི་འདི་དག་གིས་སྒམ་ཚུགས་ཀྱིས་བོད་ཀྱི་འབྲོག་པ་ཚོ་མུ་ནས་མུར་རྗེས་ལུས་དང་བསྐྱར་བཟློས་ཀྱི་འཚོ་བའི་རྐྱལ་བ་ན་བརྫང་བ་ལས་བོད་ཀྱི་ཞིང་འབྲོག་དེང་རབས་ཅན་དུ་འགྱུར་བའི་རེ་བ་ཙམ་ཡང་འདོན་གིན་མི་འདུག ད་དུང་མི་རིགས་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་པར་རློམ་པ་ཅིས་ངོ་མི་མཚར་རམ། དོན་དུ་ཤེས་ཡོན་པ་དང་སྤྱི་ཚོགས་སྣེ་ཁྲིད་པ་ཞིག་ཡིན་ན་དེང་སྐབས་དང་བསྟུན་ནས་མི་རིགས་འཚོ་བའི་རིག་གནས་ལེགས་བཅོས་དང་འཕེལ་རྒྱས་ཀྱི་ཕྱོགས་སུ་འཁྲིད་ཐབས་བྱེད་དགོས། དེང་རབས་ཅན་དུ་འཁྲིད་དགོས།
བོད་ཀྱི་འབྲོག་པ་ཚོ་ལ་ལོ་ངོ་སྟོང་ཕྲག་གི་བསྐྱར་ཟློས་ཀྱི་འཚོ་བ་དེ་ལས་བརྒལ་བའི་བསམ་བློའི་ལྟ་ཚུལ་དང་སྐུལ་འདེབས་གསར་པ་གང་ཡང་མེད་པར་སྲོལ་རྒྱུན་གྱི་འཚོ་བ་དང་འབྲོག་པའི་འཚོ་བ་ཆུ་ལ་ཆུ་གཞག་གི་གཅིག་ཏུ་སྦྲེལ་བ་དག་གིས་འབྲོག་པའི་འཚོ་གནས་ཀྱི་སྙིང་པོ་སྟོར་འཇུག་གིན་ཡོད།
དགེ་བཅུའི་ཁྲིམས་ཀྱིས་མཚོན་པའི་དགོན་སྡེས་སྐྱོང་བའི་ཁྲིམས་ལུགས་དང་ཆོས་ལུགས་ཀྱིས་བཏོན་པའི་སྤྱི་ཚོགས་ཀྱི་འཚོ་བའི་གནས་བབ་ཀྱིས་ད་ཆར་མང་ཚོགས་ཀྱི་འཚོ་བའི་ཁ་ཕྱོགས་ལེགས་བཅོས་བྱེད་མི་ཐུབ་པར་འདོད་མཁན་ཚོའི་བསམ་བློའི་གཡོ་བ་དང་སྐད་ཆའི་བར་དུ་ཆོས་ལུགས་ལ་བཟུང་བའི་ལྟ་ཚུལ་ཕྱོགས་རེ་བས་ཟིན་ཡོད། ཁོ་ཚོས་དགེ་བཅུའི་ཁྲིམས་གླེང་ནའང་རེད། ཚུལ་ཁྲིམས་བློ་གྲོས་དང་‘‘ཚུལ་བློས་”གཏན་འབེབས་ཀྱི་འཚོ་བའི་ཐབས་ལམ་གང་འདྲ་ཞིག་གླེང་ནའང་དེ་ནི་ཆོས་ལུགས་ཀྱི་ངོས་ཤིག་གླེང་བ་ལས་སྤྱི་ཚོགས་འཚོ་བ་ཁེར་རེ་གླེང་བ་དཀའ། ང་ཚོས་ཞིབ་འདང་རེ་བརྒྱབ་ན་གསལ་པོ་རྟོགས་ཐུབ།
བཙན་པོས་”ངའི་རྒྱལ་ཁམས་སུ་གཏོགས་པའི་མི་རྣམས་ཀྱིས་སྲོག་མ་གཅོད་ཅིག། བཅད་ན་སྟོང་འདོད། མ་རྐུ། བརྐུས་ན་འཇལ་འདོད། མ་རྡུང་མ་འཕྲོག་ཅིག། འཕྲོག་ན་འཇལ་འདོད། བྱི་བྱས་ན་བྱི་རིན་འདོད། རྫུན་དང་ཕྲ་མ། ངག་འཁྱལ། བརྣབ་སེམས། གནོད་སེམས། ལོག་ལྟ། ཁྲིམས་དང་འགལ་བའི་ལས་རྣམས་གང་བྱས་ལ། དེ་རྣམས་ཀུན་ལ་ཆད་པ་གང་ཐོབ་གཅོད་བྱ།”ཞེས་གནའ་སྔ་མོའི་དུས་ནས་ཁྲིམས་སུ་བཅའ་བ་དང་ཁྲིམས་ལུགས་དེ་ཀུན་མགོ་ཐོག་བླ་བྲེ་བཞིན་དུ་བརྩི་བའི་རྒྱལ་ཁམས་ཤིག་སྟོབས་འབྱོར་མངའ་ཐང་སུམ་གཉིས་སའི་དཀྱིལ་འཁོར་ན་ཁྱབ་པ་དེའང་གཟི་བརྗིད་ཆེ་བའི་བཙན་པོའི་ལོ་རྒྱུས་ཀྱི་རབ་དང་རྩེ་མོར་བགྲང་། དེ་ལས་དགེ་བཅུའི་ཁྲིམས་ཀྱི་རང་ངོས་ནས་མང་ཚོགས་ལ་བཤུ་གཞོག་དང་གཉལ་གནོན་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་རྡོར་གྱུར་བར་འདོད་པ་ནི་སྤྱི་ཚོགས་ཀྱི་མཐོང་སྣང་ན་,ཚུལ་བློའི་,གནས་བབ་མངོན་གསལ་བ་ལ་མི་འདོད་པའི་སྡང་ཟུག་བཅང་བའི་བསམ་བློ་ལྷད་པ་ཅན་གྱི་མུན་སྤྲུལ་ཙམ་ཞིག་ཡིན་པར་གསལ།
ཡང་དག་པའི་ཁྲིམས་ལུགས་ཅན་གྱི་སྤྱི་ཚོགས་ནའང་ཁྲིམས་ལུགས་ལ་བརྟེན་ནས་རྙོག་གླེང་འགའ་རེ་འབྱུང་ངེས། དགེ་བཅུའི་ཁྲིམས་ལའང་རྙོག་གླེང་འབྱུང་ངེས་པ་རེད། སྔོན་མར་གསེར་ཐང་ག་ཤེད་ཅིག་ནས་མི་ཆེ་གེ་མོ་དགེ་བཅུའི་ཁྲིམས་ཀྱི་ར་བར་ཚུད་དེ་ཁྱིམ་གཞིས་སྟོང་བའི་གསར་འགྱུར་བྱུང་། དེ་ནི་ཁྲིམས་འོག་གི་འཚོ་བའི་གནས་ཚུལ་སྤྱི་སྟངས་ཤིག་ལས་ཁྲིམས་རང་ངོས་ཀྱི་སྐྱོན་ཞིག་མ་རེད། དེ་ལས་ཀྱང་ཁྲིམས་ལུགས་ཀྱིས་སྲོག་ཀྱང་འབྲེག་སྲིད། དེ་ནི་ཁྲིམས་དང་མང་ཚོགས་བར་གྱི་འཚོ་གནས་ཀྱི་ཆེད་དུ་གཡུལ་འགྱེད་ཅིག་ལ་བརྩི་ཆོག་པ་རེད།
སྤྱི་ཚོགས་སྟེང་དུ་མངོན་གསལ་གྱིས་དགེ་བཅུའི་སྲོལ་ལ་དགག་པ་གཏོང་མཁན་དང་། སྐྱོན་འཛུགས་བྱེད་མཁན་ནི་,དགེ་བཅུའི་ཁྲིམས,་ཀྱི་དོལ་ན་མ་ཚུད་པ་དག་ལས་དགེ་བཅུའི་ཁྲིམས་ཀྱི་ཁྱབ་ཁོངས་སུ་འཚོལ་བའི་རོང་འབྲོག་དག་མིན། ངོ་མར་བཤད་ན་དགེ་བཅུའི་སྲོལ་གྱི་དོན་ཚན་མང་དག་རྒྱལ་ཁམས་ཀྱི་རྩ་ཁྲིམས་འོག་ཏུ་ཚུད་པ་དང་། རང་གི་འཚོ་བ་དང་འཚོ་བའི་བར་གྱི་ཡང་དག་པའི་གདམ་ཀ་འབའ་ཞིག་ལས་”ཁྱེད་ཀྱིས་མྱི་སོད་དགོས་”ཞེས་པ་ལྟ་བུའི་བཀའ་ཆད་ལྗིད་པོ་ཞིག་ཁྱེད་ཀྱི་གཉའ་བར་བཀལ་མེད་པས་ཡང་སྙིང་དགེ་བཅུའི་སྲོལ་རྒོལ་མཁན་དག་གི་གཟས་ས་དེ་གང་ཡིན་ཤེས་དགོས།
༢༠༡༤ ༩ ༢༨ ཉིན་བྲིས།
བོད་བཙན་པོའི་སྙིང་སྟོབས་གླེང་མཁན་ཟེར་ནའང་འདྲ། བོད་བཙན་པོའི་མི་རིགས་ཀྱི་གཞོན་སྐྱེས་རྟོག་སད་པ་ཚོ་ཟེར་ནའང་ཆོག བོད་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་ལྷུངས་ནས་སྡོད་འདོད་མེད་མཁན་ཚོ་ཟེར་ནའང་འགྲིག སྤྲུལ་གོག་སྒེར་གཅོད་པའི་ལམ་ལུགས་ལ་དགག་པ་རྒྱག་མཁན་ཟེར་ནའང་རེད། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་དེ་དག་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་བར་དུ་འགལ་ཟླ་ཉུང་ལ་མཐུན་པ་མང།
ཡིན་ཀྱང་སྤྲུལ་གོག་དཀོར་ཁུག་འདྲ་བ་ཚོ་དང་། རྒྱ་བླ་རྒྱུ་འགོ་ཅན་ཁོ་ཚོའི་དཀོར་ཁུ་ལྡད་མཁན་ཤེས་མེད་གླང་གོག་འདྲ་བ་ཚོས་གཞོན་སྐྱེས་རྟོག་སད་པ་དེ་དག་དང་མཁན་པོ་ཚུལ་བློའི་བར་དུ་འགལ་ཟླ་སྒྲུབ་གང་ཐུབ་བྱས་པའི་མཇུག་འབྲས་ཀྱིས་ཚུལ་ཁྲིམས་བློ་གྲོས་ལ་དགག་པ་རྒྱག་མཁན་མང་པོ་བྱུང་།
དོན་དངོས་པོའི་ཐོག་ཏུ་གཞོན་སྐྱེས་རྟོག་སད་པ་དེ་དག་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ཀྱི་བར་དུ་བརྒྱ་ཆའི་དགུ་བཅུ་ལྟ་བ་མཐུན་གྱི་ཡོད། གྲྭ་ཆ་དམར་པོ་གྱོན་པའི་བོད་མི་ཞིག་གི་ནང་ནས་བོད་མི་རིགས་ལ་ཕུགས་རྒྱང་རིང་པོའི་མདུན་ལམ་འཚོལ་རོགས་བྱེད་མཁན་ནི་མཁན་པོ་ཚུལ་བློས་ངོས་ནས་ཧ་ཅང་ཡག་པོ་བྱས་ཡོད། སེམས་བསམ་པའི་གཏིང་ནས་དགའ་པོ་ཡོད།
ཡིན་ཀྱང་སྤྲུལ་གོག་ཁྱོད་ཚོས་བརྒྱ་ཆའི་བཅུ་ཙམ་ལྟ་གྲུབ་མ་མཐུན་པ་ཙམ་གྱིས་འུང་སྒྲོག་དང་ང་ཚོའི་བར་དུ་འགལ་ཟླ་བཟོས་ཡོད། འདི་ནི་བློ་ཕམ་དགོས་པའི་གནད་དོན་ཡིན། དགེ་བཅུའི་ཁྲིམས་ཀྱི་ནང་ནས་བརྒྱ་ཆའི་དགུ་བཅུ་ང་ཚོས་ངོས་ནས་ངོས་ལེན་ཡོད་ལ་རྒྱབ་སྐྱོར་ཡོད། དགེ་བཅུའི་ཁྲིམས་ཀྱི་ནང་ནས་བཤས་ཚོང་རྒྱག་མི་རུང་བ་དང་གཡག་བཤའ་མི་ཆོག་པའི་ཁྲིམས་ལུགས་འདི་ནི་ངོས་ལེན་ཡོང་ཐབས་རྩ་ནས་མེད་པའི་སྐད་ཆ་ཡིན། འདིའི་སྐོར་ལ་སྔོན་ནས་གསལ་བཤད་བྱས་ཡོད་པས་ཡང་བསྐྱར་བྱེད་དགོས་པ་མ་མཐོང།
སྤྲུལ་གོག་ཁྱོད་ཚོ་མིང་ལྷག་འདྲ་མིན་གྱི་འོག་ཏུ་གབ་ནས་མཁན་པོ་ཚུལ་བློ་ཡར་ཁུར་སྤྱང་སྣ་ཟློག་ཟློག་དང་མར་ཁུར་འཕར་སྣ་ཟློག་ཟློག་བྱས་ནས་གཞོན་སྐྱེས་རྟོག་སད་པ་མང་པོ་དང་མི་མཐུན་པ་བཟོས། སྤྲུལ་གོག་ཁྱོད་ཚོས་དེ་འདྲ་བཟོ་དགོས་པའི་རྒྱུ་མཚན་གཙོ་བོ་གཞོན་སྐྱེས་རྟོག་སད་པ་ཚོས་སྤྲུལ་སྐུའི་ལམ་ལུགས་ལ་དགག་པ་བརྒྱབས་ཀྱི་ཡོད་པས་རེད།
ད་དུང་་་བོད་མི་རིགས་ཀྱི་ཁོག་པའི་སྙིང་ཟེར་ནའང་ཆོག བོད་མི་རིགས་ཀྱི་རེ་བ་བཅོལ་ས་ཟེར་ནའང་འགྲིག དེ་དག་གི་ཐོག་ཏུ་སྤྲུལ་གོག་དང་སྤྲུལ་གོག་ཚོའི་དཀོར་ཁུ་ལྡག་མཁན་ཚོས་དགྲ་མཐོང་མཐོང་བཟོ་བསྡད་པ་ནི་རྩ་བ་སྤྲུལ་སྐུའི་ལམ་ལུགས་དགག་པ་ལ་ཐུག་ཡོད། ཁྱོད་ཚོ་དེ་འདྲ་བླ་རུང་སྒར་ལ་སེམས་ཤུགས་དང་ལ་རྒྱ་ཡོད་མཁན་ཡིན་ན། དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཡིན་ན་སོ་སོས་ངོས་ནས་སྤྲུལ་སྐུའི་ལམ་ལུགས་མཚམས་འཇོག་བྱོས། ཕོ་རབ་དམ་པ་ཁོང་གི་ཐུགས་དགོངས་བསྒྲུབ་རོགས་བྱོས།
གཞོན་སྐྱེས་རྟོག་སད་པ་ཚོ་དང་དམ་པ་འཇིགས་མེད་ཕུན་ཚོགས་གཉིས་ཀྱི་ལྟ་བ་མཐུན་ནས་ཡོད། ཁ་ཕྱོགས་གཅིག་ནས་ཡོད། རང་ཚུགས་མི་ཤོར་པར་བོད་མི་རིགས་འདི་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་ནས་སུག་བཞི་ས་ལ་འཛུགས་མི་དགོས་པ་ལ་འབད་བརྩོན་བྱེད་བཞིན་ཡོད། ང་ཚོས་ངོས་ནས་ཕོ་རབ་ཁོང་གི་བཀའ་དགོངས་སྒྲུབ་བཞིན་ཡོད་བསམས་པའི་སྤོབས་པ་ཡོད།
འདི་ནི་་གཞོན་སྐྱེས་རྟོག་སད་པ་ཚོ་དང་མཁན་པོ་ཁྲིམས་བློ་གྲོས་ཀྱི་བར་དུ་གསལ་བཤད་ཙམ་ཡིན། གོང་གི་རྩོམ་ཡིག་དེའི་ནང་དུ་རིག་པས་དཔྱོད་རིན་མེད་པའི་སྐད་ཆ་འདུག་ཀྱང་འགྲེལ་བཤད་རྒྱག་དགོས་པ་མ་མཐོང་ནས་བཞག་ཡོད།
སྐྱོན་འཛུགས་བྱེད་མཁན་ནི་,དགེ་བཅུའི་ཁྲིམས,་ཀྱི་དོལ་ན་མ་ཚུད་པ་དག་ལས་དགེ་བཅུའི་ཁྲིམས་ཀྱི་ཁྱབ་ཁོངས་སུ་འཚོལ་བའི་རོང་འབྲོག་དག་མིན། ཞེས་བཤད་ལུགས་བལྟས་ན་་དགེ་བཅུའི་ཁྲིམས་ཀྱི་ཁྱབ་ཚོད་ག་འདྲ་རེད་དམ། གསལ་བཤད་ཤིག་བྱོས་དང་། གསེར་རྟ་རྫོང་གཅིག་པོ་རེད་དམ། མདོ་སྟོད་སྨད་གཉིས་ཀ་རེད་དམ།
གལ་སྲིད་རོང་འབྲོག་མི་དམངས་ཉམ་ཆུང་ཚོས་ལུག་ཞིག་བཤས་པ་ཡིན་ནའང་ཁྲིམས་གཅོད་གཏོང་གི་ཡིན་ཟེར་ན་སྟག་དང་ཙི་ཙི་མཉམ་དགག་བྱེད་ཀྱི་ལས་ཚུལ་བློ་བཞག་ནས་དགག་འོང་ས་ཤིག་ཅང་མེད་ངེས་ཡིན་པས་དེ་ལུགས་བྱོས།
དགེ་བཅུའི་ཁྲིམས་ཀྱི་དོན་ཚན་ན་བཤས་ཚོང་མི་ཆོག་པ་ལས་བཤས་བཤའ་མི་ཆོག་བར་ད་བར་མ་རིག གལ་ཏེ་དགེ་བཅུའི་ཁྲིམས་དང་ཚུལ་ཁྲིམས་བློ་གྲོས་ལ་གཟས་ཏེ་བསྙད་འདོགས་རྒྱུ་ན་བཤས་ཚོང་མི་ཆོག་པ་འདི་བཤས་བཤའ་མ་ི་ཆོག་པ་ཨུ་ཚུགས་ཀྱི་བཅོས་དགོས་པ་རེད། ཅོག་རི་ཉི་མ་ཟེར་བ་འདི་ཡང་མི་དེ་འདྲའི་ཁོངས་སུ་གཏོགས། དགེ་བཅུའི་ཁྲིམས་ཀྱི་མངའ་ཁུངས་སུ་དགེ་སྡེ་བཞི་བཅུ་ལྷག་ཙམ་ཡོད་པ་རེད། གསེར་རྟ་རྫོང་གཅིག་པུ་མ་རེད།
ཅོ་རི་སོགས་ཀྱིས་ཤེས་དགོས་པ་ཞིག་ལ་འདིར་མཁན་ཆེན་འཇིགས་མེད་ཕུན་ཚོགས་མ་འདས་གོང་དུ་གཏན་ལ་ཕབས་པ་༡༩༩༩ ལ་ཁྱབ་བསྒྲགས་གནང་བ་ཞིག་རེད། ༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱིས་རྒྱུན་སྐྱོང་ད་དེ་ཙམ་རེད། ཐ་ན་ཡེ་ཤུ་དང་ཁ་ཆེའི་ཁས་ལན་པའི་སྲོལ་རྒྱུན་ཞིག་སྤེལ་བ་རེད། དུས་རབ་ཉེར་གཅིག་པའི་གངས་ལྗོངས་གཞོན་ནུའི་
ཁྱུ་ཚོགས་ལ་སྤྲིངས་པའི་མཆིད་གཏམ་དུས་ཀྱི་
སྒྲ་དབྱངས་ཞེས་བྱ་བ།
དུས་ཀྱི་ལྷ་སྟེ་དུས་ཀྱི་བདག།
དུས་གསུམ་མཉམ་ཉིད་གཅིག་ཏུ་བཟླུམ།།
དུས་དགྲའི་དབང་པོ་འཇིགས་བྱེད་རྒྱལ།།
དུས་འདིར་དགེ་ལེགས་མཆོག་བྱིན་ཅིག།
ལས་རླུང་དབུ་རྨོག་བཙན་པོའི་ཤེ་མོང་གིས།།
ས་ཆེན་ཆོས་ཀྱིས་སྐྱོང་བ་བོད་ཀྱི་རྗེ།།
རིགས་གསུམ་སྒྱུ་འཕྲུལ་མེས་རྣམ་གསུམ་གྱི།།
བཀའ་དྲིན་དྲན་པའི་ཐལ་མོ་སྤྱི་བོར་འདུད།།
རྒྱལ་རྣམས་གསང་གསུམ་ཡེ་ཤེས་གཅིག་བསྡུས་འཕྲུལ།།
རྩོད་ལྡན་མཐར་ཡང་མི་ཡི་བརྫུར་བྱོན་པ།།
བསྟན་ལ་སྟོན་པ་གཉིས་པ་མཚུངས་མེད་རྗེ།།
གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གཙུག་ཏུ་བསྙེན།།
ཤིན་ཏུ་མཛེས་པའི་ལང་ཚོའི་འཇོ་སྒེག་དང་།།
འགྲོག་པའི་ཚེ་གཡང་འདོད་དགུའི་དཔལ་འཛིན་མ།།
བཀྲ་ཤིས་ཚེ་རིང་མཆེད་ལྔ་འཁོར་དང་བཅས།།
བོད་སྐྱོང་བསྟན་མའི་ཚོགས་ཀྱིས་ཕུན་ཚོགས་སྤེལ།།
དབང་དྲག་སྒྱུ་མ་གློག་གི་ཟློས་གར་གྱིས།།
ཁམས་གསུམ་དབང་སྒྱུར་སྣང་སྲིད་དགྲ་ལྷའི་གཙོ།།
གེ་སར་ནོར་བུ་དགྲ་འདུལ་དཔའ་བརྟུལ་དཔུང་།།
རྨ་འཁོར་འབུམ་དང་བཅས་པས་བཀྲ་ཤིས་སྒྲུབས།།
སྟོང་པ་ཐིག་ལེར་ཤར་བའི་མཁའ་མཁའ་མཁའ།།
བདེ་སྐྱིད་ཟུང་འབྲེལ་མིག་གིས་ཉེར་མཚོན་པའི།།
ལོ་རབས་གསར་པའི་ཐོག་མའི་དུས་མཚམས་སུ།།
རང་ཡུལ་གངས་རིའི་འདས་དོན་ལྷག་པར་དྲན།།
བར་མེད་དུས་ཀྱི་འཁོར་ལོ་རྟག་འཁོར་བའི།།
དུས་ཀྱི་ཆ་ཤས་རྫོགས་པའི་མཐའ་མའི་ཆ།།
ཐིག་ལེར་ཤར་བའི་དུས་བརྡ་སྒྲོག་དང་ལྷན།།
གངས་ཕྲུག་གཞོན་ནུའི་ཚོགས་ལ་མཆིད་འདི་གསོལ།།
དབུ་འཕང་མཁའ་རུ་བསྙེགས་པའི་གངས་རི་དཀར།།
སྙན་གྲགས་ཉི་ཟླའི་རྣ་ཆ་གཡོ་བའི་ཚེ།།
མ་བསྡུས་ན་བུན་སོ་མའི་མགུལ་ཆིངས་ཀྱིས།།
མཛེས་མདངས་ལྷག་པར་སྤུད་ལ་ཉམ་མི་ང་།།
གནམ་སྔོན་མཐོངས་སུ་རྒྱུ་བའི་གློག་མ་སྤྲིན།།
ལྷོ་རླུང་བསེར་བའི་ངད་དང་ཉི་གཞོན་ཟེར།།
སྣ་ཚོགས་རྐྱེན་གྱིས་བསྒྱུར་བའི་ལོ་རྒྱུས་མདངས།།
གངས་རི་དཀར་པོའི་མདོག་དང་ལྷན་ཅིག་གསལ།།
ཡངས་བའི་གཞིའི་རྩེ་མོ་གངས་རིའི་ཏོག།
གཙང་ཆེན་ཆུ་བརྒྱའི་འགོ་མོ་གངས་དཀར་ཆབ།།
གདུང་དྲུག་རུས་ཀྱི་གྲོལ་ཕུགས་ཆོས་ལྡན་ཞིང་།།
གངས་ལྗོངས་ས་མཐོའི་སྙན་གྲགས་སྲིད་ན་མཐོ།།
ཡངས་བའི་ས་གཞི་ཕ་མཐའ་མི་མངོན་རྩྭ་ལྗང་འབྲས་བུས་རྟག་ཕྱུག་ཅིང་།།
དྭངས་བའི་གཡུ་མཚོ་གཏན་དུ་རབ་འཁྱིལ་དགོས་འདོད་ནོར་བུའི་གཏེར་ཁ་མཛོམ།།
ཤིན་ཏུ་དཀོན་པའི་རི་སྐྱེས་སྲོག་ཆགས་བག་ཕེབས་དལ་གྱིས་རྒྱུ་བའི་གནས།།
ས་ཡི་སྟེང་ན་མངོན་པར་མཐོ་བའི་རང་བྱུང་བོད་ཀྱི་མཛེས་སྡུག་མཚར།།
རིན་ཐང་འཛམ་གླིང་ནོར་གྱིས་བསྒྲུན་མིན་ཞིང་།།
བསྐལ་བ་བྱེ་བར་བཙལ་ཀྱང་མཇལ་དཀའ་བའི།།
ཆོས་རིག་ནོར་བུའི་མཛོད་འདིའི་ཆ་ཤས་ཙམ།།
ས་འདི་སིལ་བུར་བསིལ་ཀྱང་རྙེད་མི་འགྱུར།།
སྔོན་བྱོན་མེས་པོས་ངལ་བརྒྱས་དྲངས་གྱུར་ཐུན་མིན་མདོ་སྔགས་ཆོས་ཚུལ་ཆེ།།
ལོ་སྟོང་གཅེས་པའི་སྲོག་གིས་བསྲུངས་བྱས་སྐྱེ་དགུའི་མིག་གཅིག་ནོར་བུའི་མཛོད།།
ཕྱི་མའི་དུས་འདིར་ཤིན་ཏུ་བརྒལ་དཀའི་འཕྲང་ལ་གཅུར་བའི་ཉག་ཕྲའི་ཟུངས།།
གངས་རིའི་ལ་རྒྱའི་བཅུད་ཀྱིས་གསོ་འདི་དེང་གི་གངས་གཞོན་ཕྲག་ཏུ་བབས།།
གཞན་ལུགས་ཤེས་བྱ་ངོམས་མེད་འདྲེན་འོས་ཀྱང་།།
རང་ལུགས་ཡལ་བར་མི་འདོར་གལ་དུ་ཆེ།།
སྔོན་བྱོན་མཁས་པས་བཞག་པའི་རིག་གཞུང་ལ།།
སྲོལ་རྒྱུན་གོག་པོར་བརྩིས་ན་ཤིན་ཏུ་ནོངས།།
ར་མིན་ལུག་མིན་སྐད་སྣ་འདྲེས་མའི་འཆོལ་གཏམ་གདོལ་ཚིག་ཁ་ནས་སྨྲ།།
སྐྱ་མིན་སེར་མིན་ཡ་མ་ཟུང་གི་ཆ་ལུགས་འདྲེས་མས་རང་མཚང་འདོན།།
མནོག་ཆུང་འདོད་ཡོན་ཁེ་གྲགས་གཉེར་ལ་བསྟན་བླ་འཚོང་བའི་སྙིང་མེད་པོ།།
མེས་པོའི་མཚན་སྙན་དོང་དུ་སྦ་བའི་མ་བོས་གཤེད་པོ་ཀྱེ་མ་ཧུད།།
མགོ་སེར་སྐྲ་མདོག་བསྒྱུར་ཀྱང་མཐིང་མིག་མིན།།
སྐད་ལོག་ཁ་ནས་སྨྲས་ཀྱང་བོད་མིའི་གདོང་།།
གཞན་རྗེས་མ་ཟིན་རང་ཁྱུ་ལས་བུད་པའི།།
རང་མཚང་ཚོང་འདུས་ཁྲོམ་ལ་ཅི་ཕྱིར་འདོན།།
མི་རབས་བརྒྱུད་པའི་གནའ་བོའི་རྟེན་རྫས་ཕ་ནོར་རྒྱ་མཚོའི་ཕ་རོལ་བསྐྱལ།།
དམ་པའི་ཞལ་ནས་སྙན་དུ་བརྒྱུད་པའི་གདམས་ངག་ཟབ་མོ་ཟོང་དུ་བརྗེས།།
ད་དུང་ཨོ་རྫོབ་ནང་ལ་ངོམ་པའི་མ་རབས་སྐྱེ་བོའི་རིགས་འདི་དག།
ར་བ་གངས་རིའི་ཕྱི་རོལ་འོབས་སུ་རྟག་ཏུ་བསྐྲད་ན་ཤིན་ཏུ་བདེ།།
ཉམ་ཆུང་བོད་མིའི་གདུང་རྒྱུད་ལྷག་བསམ་གཤིས།།
ནམ་ཡང་འགྱུར་བ་མེད་པའི་གཞོན་ཆུང་ཚོགས།།
ཐོག་མར་རང་རིགས་ཞེན་པ་དཀར་པོའི་མཐུས།།
ལྔ་ཕྲག་རིག་པའི་གནས་ལ་བྱང་བ་གཅེས།།
ཟབ་དང་རྒྱ་ཆེའི་རིག་ལམ་གཏིང་ཟབ་ཀུན་གྱི་མཐར་རྒྱ་ཆོད་དཀའ་ཡང་།།
གུས་རྟག་སྦྱོར་བའི་བརྩོན་པ་དྲག་པོས་རང་བློར་འཚམས་པའི་བཅུས་བསྡུས་ཏེ།།
གཞན་ཕན་དཔལ་གྱི་ལེགས་ཚོགས་འགྱེད་པའི་བཀྲ་ཤིས་མཆོད་སྤྲིན་དཔལ་བརྒྱ་བ།།
ན་མཉམ་ཚོགས་པའི་སློབ་གྲལ་དབུས་ན་རང་གི་མེས་པོའི་རྣ་ཆར་ཟུངས།།
ཤེས་བྱའི་གནས་ལ་ཟད་པ་མེད་པའི་ཕྱིར།།
གང་ཞིག་གཅེས་པ་བླངས་པའི་དེ་མ་ཐག།
ལུགས་གཉིས་ལེགས་ཚོགས་སྤེལ་བའི་དགོས་གནས་དུ།།
གཞན་ལུགས་རིག་པའི་མཛོད་ལ་རང་དབང་བྱ།།
ཤིན་ཏུ་འཐས་པའི་རང་གཤིས་གྱོང་པོས་ཕྱོགས་གཅིག་བལྟ་བའི་གླེན་རྟགས་དང་།།
ཧ་ཅང་འཆོས་སླའི་ཤེལ་དཀར་མདོག་འཛིན་གྱང་སྟེང་འཇག་མའི་རྣམ་ཐར་བཅས།།
གཉིས་མཐར་མ་ལྷུང་རང་གཤིས་བཟང་པོས་ངོམས་མེད་ཡོན་ཏན་བསྲེལ་བྱས་ནས།།
གཞན་ཕན་ལྷག་བསམ་དྲང་པོའི་ཤུགས་བཅས་ཡང་རྩེའི་སྤོ་ལ་མངོན་པར་མཐོ།།
དེང་དུས་རྒྱལ་བསྟན་ཉི་མ་མ་ནུབ་ཅིང་།།
དམ་པའི་སྐྱེས་མཆོག་ད་དུང་བཞུགས་གྱུར་ཀྱང་།།
ཟོག་པོ་རྫུན་རྐྱལ་བྲིན་པའི་སྐབས་ཕྱེད་ན།།
ཕྱིས་ནས་སྨྱོན་པའི་རང་གཏམ་ཅིས་མ་བརྡོལ།།
རྒྱལ་བའི་ལུང་རྟོགས་མདོ་སྔགས་བསྟན་པ་ཆ་ཚང་དར་བ་གངས་རིའི་ལྗོངས།།
འདི་གཅིག་ཁོ་ན་འཛམ་གླིང་རྒྱན་མཆོག་ཁམས་གསུམ་སྲིད་པའི་གཅེས་ནོར་ཏེ།།
སེམས་ཡོད་ཤེས་ལྡན་བོད་མི་ཡོངས་ཀྱིས་སྙིང་ལ་རུས་པ་ཆེར་བཅངས་ནས།།
འདི་ཉིད་གངས་ཀྱི་ར་བ་དཀར་མོར་རྟག་ཏུ་བསྲུང་ལ་མ་གཡེལ་རེམ།།
ཐུབ་པའི་བསྟན་བཤིག་ཕྱི་ནས་མ་ཡིན་ཏེ།།
སེང་གེའི་གསོབ་བཞིན་ལག་དམར་ནང་ནས་འབུད།།
དེ་ཡང་ཆོས་བརྫུན་མཁན་ལས་གཞན་མིན་ཕྱིར།།
དུས་དང་དུས་སུ་དག་ཐེར་བྱ་བ་གཅེས།།
རྒྱལ་བའི་བསྟན་པ་དངུལ་གྱིས་མ་ཡིན་ཐོབ་དང་གསེར་ཁྲིས་དེ་བས་མིན།།
རིགས་དང་རུས་མིན་དཔུང་དང་སྟོབས་ཤུགས་ཧམ་ཤེད་རང་ཆེས་མ་ཡིན་པར།།.
དམ་པའི་ཚུལ་དགུའི་ཡོན་ཏན་གཅིག་པུས་འཛིན་དང་སྲུང་དང་སྤེལ་བའི་ཕྱིར།།
ཆེན་པོའི་མིང་དང་གོ་སས་བསླུས་མང་བཅོས་མའི་གསོབ་ལ་ཟོན་མཛོན་ཅིག།
ལས་དང་སྐལ་བ་མཆོག་ཏུ་མ་ལྡན་ན།།
གདམས་བག་ཟོང་དུ་མ་འཚོང་སྐུ་ཚེ་རིང་།།
དུས་བབས་དགོས་གནས་ཤིན་ཏུ་མ་ཆེ་ན།།
མཐའ་མི་ཁྲི་ལ་མ་འདོན་བོད་མིའི་རྒྱུད།།
ལ་རྒྱའི་ཁ་བྱང་ཁ་ལ་བཀོད་པའི་སྟོང་བཤད་ཚིག་གིས་དོན་མི་འགྲུབ།།
ཐད་ཀའི་ལྟད་མོ་ངག་ལ་འཁྲི་བའི་ཡིག་ཚོགས་སྤེལ་བ་མཐུ་ཆུང་བས།།
རང་ངོས་ལྷག་བསམ་བཙོ་མའི་གསེར་བཞིན་རང་མདངས་ལྷག་པར་ངོམ་བྱས་ནས།།
རེ་རེ་ཚོགས་པའི་ཐུན་མོང་བོད་མིའི་ཡ་རབས་བསམ་སྤྱོད་དཔལ་ཡོན་སྤེལ།།
སྟོན་པ་གཅིག་གིས་བསྐྱངས་པའི་བསྟན་པ་ལ།།
ཕྱོགས་རིས་ཁ་འཛིན་མ་ཆེ་གཅིག་ཏུ་དྲིལ།།
ཤ་ཁྲག་གཅིག་ལས་མཆེད་པའི་གདུང་རྒྱུད་ལ།།
ནང་འཐབ་ཕུང་དཀྲུག་མ་བྱེད་མཐུན་པར་སྒྲིལ།།
ཕྱི་རོལ་དངོས་པོའི་མཐུན་རྐྱེན་ཚོགས་མིན་གནས་སྐབས་ཙམ་གྱི་སྣང་ཚུལ་ཏེ།།
དམ་པའི་ཆོས་དང་དྲི་མེད་རིག་གཞུང་རང་གིས་བྱི་དོར་ལེགས་བྱས་ནས།།
ཡ་རབས་དམ་པའི་ངང་ཚུལ་དང་བཅས་སྲིད་འདིའི་ལེགས་ཆ་བཀུག་གྱུར་ན།།
གངས་རིའི་གཟི་མདངས་རྒྱང་ནས་འཚེར་ཞིང་བོད་མིའི་གཟུགས་བརྙན་རྣམ་པར་བཀྲ།།
ཚེ་གཅིག་རེ་སྟོང་བཅང་བ་ངལ་བའི་རྒྱུ།།
རྟག་ཏུ་གཞན་ལ་བརྟེན་པ་ངོ་ཚའི་གཞི།།
རྒྱུན་དུ་འཁང་ར་བྱས་ཀྱང་འབྲས་བུ་དབེན།།
ནམ་ཡང་རྗེས་སུ་ལུས་ན་ཀུན་གྱིས་བརྙས།།
འབྲོག་པའི་རྩྭ་ཐང་སློབ་གྲྭས་ཁེངས་ན་འབྲོག་ཕྲུག་མི་ཡི་གྲལ་འགོར་སླེབ།།
ཞིང་སྡེའི་རི་གྲོང་མཁས་པས་ཁྱབ་ན་ཞིང་པའི་སེར་ཀ་ཤུགས་ལ་སོས།།
ཐམས་ཅད་གཅིག་མཐུན་བསམ་པ་མཉམ་ན་མི་རྗེས་མི་ཡིས་ཟིན་སླ་སྟེ།།
དབྱངས་གསལ་སོ་བཞིའི་སྡེབ་ལེགས་ཕྲེང་ཚོགས་ལྷ་ཡི་སྐད་དུ་བརྩི་ཡང་སྲིད།།
ཕ་ནོར་ཆང་ལ་བརྗེས་ན་མཛངས་པ་མིན།།
རིགས་མཐུན་རལ་ཁ་འགྲན་ན་དཔའ་བོ་མིན།།
ལྷག་བསམ་ཀུན་སྤྱོད་མ་གཙང་ཡ་རབས་མིན།།
རྒྱང་མིག་ཕྱི་ཐག་མ་མཐོང་མཁས་པ་མིན།།
རྣམ་ཤེས་ཕྲ་མོ་རླུང་གིས་སྐྱོད་པའི་འཆི་གསོན་སྟོན་ཀའི་སྦྲང་མ་ལ།།
ཡིད་བརྟོན་མ་མཆིས་བཟའ་མི་ནང་འཐབ་ཕྱིས་ནས་འགྱོད་པའི་གཞི་མ་ཡིན།།
འགྱོད་མེད་མི་ཚེ་སྐྱིད་ལ་འཁྱོལ་བ་འཇིག་རྟེན་ཚེ་འདིའི་བདེ་སྐྱིད་དེ།།
ནང་གི་བདེ་བ་ཆོས་ལས་རྙེད་ན་འདི་བདེ་ཕྱི་མའི་ལམ་སྣ་ཟིན།།
རྔུལ་ཆུས་བསགས་པའི་དངོས་ནོར་ཕྲ་མོའི་རྫས།།
མཐའ་མར་གཞན་གྱི་ལོག་འཚོའི་རྒྱུར་འགྱུར་བས།།
ལོངས་སྤྱོད་ལྷག་མ་བུ་ཚའི་ཤེས་ཡོན་གྱི།།
རྟེན་དུ་ཐོངས་དང་རང་གཞན་ཀུན་ལ་ཕན།།
ཡངས་པའི་མཐོ་སྒང་རབ་ཏུ་རྒྱ་ཆེའི་རི་ཀླུང་དག་ལ་ཁ་གྲམ་པའི།།
ཤིན་ཏུ་གྲངས་ཉུང་བོད་མིའི་གདུང་རྒྱུད་གདུང་དྲུག་རུས་ལས་མཆེད་པའི་མི།།
རང་རིགས་མ་འཆོལ་གཙང་མའི་རིགས་རྒྱུད་དྲི་མེད་རུས་པ་དཀར་པོའི་མདངས།།
གཏན་དུ་སྲུང་བ་འབྱུང་འགྱུར་ལས་སྐལ་ཕྱི་མའི་དུས་ན་ལྷག་པར་གསལ།།
རིན་ཐང་གཞལ་དུ་མེད་པའི་རིག་གཞུང་གིས།།
ཀུན་ནས་ཕྱུག་པའི་བསིལ་ལྗོངས་ནོར་བུའི་གླིང་།།
རང་གིས་རང་ཉིད་ལད་དུ་མ་འཇུག་དང་།།
ས་ཡི་སྟེང་ན་དབུ་འཕང་ཡུན་དུ་མཐོ།།
དབུ་དཀར་རྒན་པོས་གྲལ་གྱི་འགོ་འཛིན་བློ་དང་ཤེས་བྱའི་གཏེར་སྒོ་འབྱེད།།
ཕ་མ་སློབ་དཔོན་བཀུར་སྟིས་བཀྱག་ཅིང་གུས་བཅས་ཞེ་སས་རྒྱུན་དུ་འདུད།།
ཉམ་ཆུང་དབུལ་པོ་དྭ་ཕྲུག་མགོན་མེད་རྟག་ཏུ་བྱམས་དང་སྙིང་རྗེས་སྐྱོང་།།
ཆོས་ལྡན་ཞིང་ཁམས་ཁ་བ་རི་བའི་སྲོལ་བཟང་ནམ་ཡང་མ་སྣུབས་ཤིག།
ཤར་ནུབ་མཐའ་ཡི་རྒྱ་མཚོའི་འགྲམ་ངོགས་ཚུན།།
རྫུན་མའི་གཏམ་གྱི་ཉོ་ཚོང་མཐོང་མཐོང་ནས།།
རིགས་མཐུན་གྲོགས་དང་ཕྲད་ན་སྤྲོ་བ་འཕེལ།།
ཡིད་གཅུགས་གཏམ་གྱི་ཕྲེང་བ་རྫོགས་མཐའ་བྲལ།།
ཀུན་རྟོག་སེམས་གྱི་རི་མོ་རྣམ་བཀྲ་བ།།
འདོད་འབྱུང་ངག་ལས་འཕོས་པའི་ཨ་དར་ཤ།
ལེགས་བྱས་དགའ་བ་བརྒྱ་བའི་རོ་ཉམས་ཅན།།
ལྷུག་པོར་སྨྲ་བའི་མགྲིམ་པ་ཡངས་ལ་བཏེགས།།
ཨེ་མ། ཕ་རུས་དཀར་པོ་གངས་དཀར་གྱི་རིགས་རྒྱུད་ལས་ཆད་ཅིང་། མ་ཁུངས་གཙང་མ་མཐོ་སྒང་གི་ལྷུམས་རྒྱ་ལས་གྲོལ་བའི་གངས་གཞོན་ན་མཉམ་ཕོ་མོ་ཚོ། འཛམ་གླིང་སྲིད་པའི་ཡང་རྩེ་ན་འགྱིང་བའི་གངས་རི་ཤེལ་དཀར་གྱི་མཆོད་རྟེན་ལྟ་བུ་འདིའི་རྩེ་མོ་མཐིང་མདོག་གི་ནམ་མཁར་ཟུག་ཅིང་། རྩ་བ་ཡངས་པའི་ས་ཆེན་དུ་བརྟན་པའི་ལོ་རྒྱུས་ཀྱི་དུས་རིམ་ནང་། དབྱར་ཉི་འོད་དང་ཆར་ཆུ། དགུན་གྲང་རླུང་དང་བུ་ཡུག་གང་གི་སྐབས་སུའང་མདོག་མི་འགྱུར་བར་བརྟན་པ་འདི་ནི་ང་ཚོའི་ཡང་མེས་ཀྱི་བླ་རི་རེད། མེས་པོའི་བླ་ཡིད་དུང་ངེར་འཁོར་བའི་གངས་རི་དཀར་པོ། ཁྱེད་ལ་བྱང་རླུང་ངར་མའི་རེག་བྱ་དང་། ཐོག་སེར་འཁྲུགས་པའི་རྦབ་རྒོད་ཀྱིས་མ་གོས་པར་སྔར་བཞིན་ཤར་གྱི་རྒྱ་མཚོ་ཆེན་པོར་ཞལ་ཕྱོགས་ཏེ་ལྷང་ངེར་འགྱིང་བ་ནི་ངོ་མཚར་ཆེ། འདས་དུས་ཀྱི་རྣམ་ཤེས་ཕྲ་མོ་ཇི་འདྲའི་མང་པོ་ཞིག་གིས་ཁྱེད་ལ་བསྐོར་ཏེ་ཡ་མཚན་གྱི་བསྟོད་བསྔགས་ཕུལ་བའི་མག་མོག་གི་ལོ་རྒྱུས་རྙིང་པའི་རི་མོ་གསལ་ལ་མི་གསལ་གྱི་རྗེས་ཤུལ་རེ་ཙམ་མཆིས་སྲིད།དུས་རབས་གསར་བའི་གངས་ཕྲུག་ཚོ། འདས་མ་ཐག་པའི་ལོ་ངོ་སྟོང་ཕྲག་གི་སྔ་རོལ་ན་ས་འདི་མ་སངས་སྤུན་དགུས་བདག་པའི་རྗེས་ཐོག་ཏུ་མེས་དབོན་དྲ་མས་ཡ་རབས་ཀྱི་སྲོལ་བཟང་བཏོད་པ་ཚུན། རང་རིགས་གཙང་མའི་རིགས་རུས་སུ་འཁྲུངས་པའི་མཁས་བརྒྱ་གྲུབ་སྟོང་བྱོན་ནས། རིན་བྲལ་ཆོས་དང་རིག་གཞུང་གི་བང་མཛོད་བསྐྲུན་གནང་བའི་ཕྱག་རྗེས་དུས་རབས་ཕྱི་མའི་བགོ་སྐལ་དུ་བཞག་པ་ད་དུང་བཞུགས་པའི་གསུང་རབ་ཀྱི་པོ་སྟི་འབུམ་ཕྲག་མང་པོ་བྲག་རི་ལྟར་མཐོ་བ་འདི་དག་གིས་མཚོན་ཐུབ་ལ། འཆད་ཉན་སློབ་ཁྲིད་ཀྱི་རྒྱུན་དང་མན་ངག་ལག་ལེན་གྱི་ཞལ་ཤེས་མེད་ན་ལྡེའུ་མིག་མེད་པའི་བང་མཛོད་དང་། ཡི་དྭགས་གཏེར་གྱི་སྒོ་སྲུང་བཞིན་བེད་མེད་དུ་འགྱུར་མོད། དེང་གི་དུས་སུ་ད་དུང་ཡང་གནས་ལྔ་རིག་པའི་མཛོད་ལ་མངའ་དབང་སྒྱུར་བའི་རང་རིགས་མཁས་གྲུབ་ ཀྱི་རྒྱུན་འཚོ་ཞིང་བཞེས་པའི་བཀའ་དྲིན་ལས་བསླབ་གསུམ་ཉམས་ལེན་གྱི་ཚེ་སྲོག་གསར་པའི་བསྟན་རྒྱུན་དང་བཅས་བཞུགས་པ་ནི་གངས་རི་དཀར་པོའི་སྙིང་བཅུད། མེས་པོས་བཞག་པའི་ཕ་ནོར།གཞན་མཚུངས་བྲལ་བའི་ཁྱད་ཆོས་སུ་སེམས། བོད་དུ་དམ་ཆོས་སྤེལ་བའི་ཆོས་འབྱུང་། ཆོལ་གསུམ་རིགས་རུས་ཆད་པའི་གདུང་རབས། རྒྱལ་བློན་དྲ་མ་བྱོན་པའི་རྣམ་ཐར།གླིང་རྗེ་གེ་སར་རྒྱལ་པོས་མཐའ་བཞི་དབང་དུ་བསྡུས་ལུགས།རྫོང་ཆེན་ནོར་གྱི་སྒོ་མོ་བོད་ལ་ཕྱེས་པའི་གནས་ཚུལ་སོགས་ངོ་མཚར་བའི་ལོ་རྒྱུས་ཀྱི་སྣང་བརྙན་འབུམ་ཕྲག་མང་པོ་དུས་རབས་གསར་རྙིང་གི་ལེ་ཚན་བརྗེས་པའི་ཤོག་ལྷེ་རེ་རེ་བཞིན་གལ་ཆེའི་དོན་སྙིང་དང་ལྡན་པ་ཤ་སྟག་ལ། སྐབས་རེར་སྐྱིད་པའི་ཁོང་བགད་སྙིང་ནས་ཤོར་བ་དང་། མཚམས་རེར་སྐྱོ་བའི་མིག་ཆུ་དབང་མེད་དུ་འབབ་པ་སོགས་འཇིག་རྟེན་སྤྱིའི་འགྱུར་འགྲོས་ཀྱི་སྣང་ཚུལ་ལྟར་རྗེས་དྲན་མངོན་རྟོགས་ཀྱི་རི་མོ་རྣམ་པར་བཀྲ་བས། སྔར་བྱོན་མེས་པོའི་མཁས་མཛངས་ཀྱི་རྣམ་ཐར་དང་། བོད་མི་དཔའ་བོའི་སྙིང་སྟོབས་ཀྱི་སེམས་ཤུགས་མངོན་ཐུབ་པ་མ་ཟད་འདས་དོན་རི་མོའི་རྒྱབ་ལྗོངས་སུ་ཉམས་པ་མེད་པར་ལྷམ་མེར་གསལ། དུས་རབས་ཉེར་གཅིག་ པའི་གསར་སྐྱེས་ཀྱི་གངས་ཕྲུག་ཚོ། ཁྱེད་ཚོའི་འཕར་རྩའི་ཁྲག་རྒྱུན་ནི་གངས་དཀར་ཆབ་ཏུ་བཞུས་པའི་ཉིང་ཁུ་ལས་བྱུང་ཞིང་། ཁྱེད་ཅག་གི་ལང་ཚོའི་བཀྲག་མདངས་ནི་ས་མཐོའི་མཁའ་རླུང་དྭངས་མོས་བསྐྱེད་བསྲིངས་བ་ཞིག་རེད། ཁྱེད་ཚོས་དུས་རབས་རྙིང་པའི་ལོ་སྟོང་གི་བྱུང་བར་ཕྱི་མིག་ཞོར་དུ་བལྟས་རྗེས་མདུན་འཆར་བའི་འོད་ཟེར་ནི། དུས་རབས་གསར་པའི་མ་འོངས་རྒྱང་རིང་གི་མདུན་ལྗོངས་དང་ཕུགས་བསམ་མ་ཡིན་ནམ། དེང་དུས་ས་གཞིའི་གོ་ལ་རིལ་མོར་གནས་འཆའ་ཞིང་རང་བྱུང་གི་ཁོར་ཡུག་ཆེན་པོ་འདིར་མཉམ་དུ་འཚོ་བའི་སྲོག་ལྡན་དག་གི་ནང་ནས་མཐོ་རིམ་དུ་གྱུར་བའི་སྲོག་ཆགས་རྐང་གཉིས་མིའི་རིགས་སུ་གྱུར་པ་ཐམས་ཅད་མདུན་ཕྱོགས་སུ་བསྐྱོད་སྐབས། རང་རེའི་གངས་རི་དཀར་པོའི་རྒྱུད་དུ་འཁྲུངས་བའི་དཔའ་བོ་ཕོ་མོ་དག་ཞུམ་པར་ག་ལ་འོས། རྨོངས་གཉིད་སྟུག་པོས་ཡུན་རིང་འཐུམ་ཆེས་ན་རྔ་མ་མེད་པའི་བྱོལ་སོང་གི་ཁྱུར་གཏོགས་སྲིད། དེས་ན་ལོ་སྟོང་ཀླད་པར་ཉལ་བའི་རྙིང་ཞེན་ཀྱི་བག་འཁུམ་གཏོར་ནས། སྔར་མེད་ཚན་རིག་གི་གསལ་སྒྲོན་ལག་ཏུ་ཐོགས་ཏེ་མཛེས་སྡུག་ལྡན་པའི་གངས་ལྗོངས་གསར་པ་བསྐྲུན་ཆེད་གོམ་གང་ཕྱི་ནུར་མེད་པར། དུས་ཚོད་ སྐར་ཆ་བརྩོན་ལེན་གྱིས་མདུན་དུ་འཆོང་བར་འོས། ང་ཚོས་མེས་པོས་བཞག་པའི་ཕ་ནོར་རང་གི་ཡུལ་ནས་བསྲུང་བ་དང་འབྲེལ་ཤེས་རིག་གསར་པ་ཁ་སྣོན་གྱི་བཅུད་དུ་བླངས་ཏེ་གངས་ལྗོངས་ཀྱི་དཔལ་ཡོན་སྤེལ་བ་ལས། རེ་སྟོང་དང་འཁེང་རས་ཉི་འོད་དྲོད་ཁུག་གི་ནམ་ཟླ་སྐྱེལ་བའི་ལོང་ཁོམ་ག་ལ་ཡོད།བར་མེད་རྒྱུན་དུ་ འཁོར་བའི་དུས་ཚོད་ཀྱིས་ཁྱོད་རང་བསྒུག་མི་སྲིད་ཅིང་། མགོ་སྐྱེས་གནག་སྣུམ་གྱི་ལྗོན་ཚལ་མདོག་འགྱུར་བ་ ཤིན་ཏུ་སླ་བས། དེང་གི་དུས་རབས་གསར་པའི་ཅོང་བརྡ་བཞིན་ཞོགས་པའི་སྐྱ་རེངས་ཀྱི་ཕོ་ཉས་ཉིན་རེ་ བཞིན་ཁྱེད་ལ་བསྐུལ་འདེད་གཏོང་གི་ཡོད། ལང་ཚོ། ནམ་ཟླ། དུས་བཞིའི་ནམ་ཟླ་འགྱུར་བའི་ལྟད་མོས་ཁྱེད་ཀྱི་ལང་ཚོ་འཕྲོག་བཞིན་ཡོད་ལ། རྒ་ན་ཤི་བའི་སྡུག་བསྔལ་ལ་སྐྱེས་ཚད་བཟུར་ཐབས་མེད་པས་ཧ་ཅང་འདོད་ལ་བརྔམས་པའི་ལས་ཐབས་ཀྱིས་རང་གི་མི་ཚེའི་བདེ་བ་དང་སྙན་གྲགས་དགྲ་ལྟར་འཇོམས་པ་མ་ཟད་ཕྱི་མར་ཡ་ང་བའི་རྣམ་སྨིན་གྱི་ཚོར་བ་རྩུབ་མོ་བསྐྱེད་སྲིད། ཀུན་སྤྱོད། ལས་འབྲས། འཚེ་བ་གཞན་ལ་བྱས་ན་གནོད་ལན་རང་ལ་འཁོར་བ་བྲག་ཅའི་སྒྲ་སྐད་ཀྱི་དཔེས། རྒྱུ་རྣམ་དཀར་ལས་ཀྱི་ས་བོན་གྱིས་འབྲས་བུ་བདེ་བའི་མེ་ཏོག་བསྐྱེད་པས་བསམ་བཟང་གཞན་ལ་ཕན་པའི་ཀུན་སྤྱོད་གཙང་མས་རང་ཉིད་བྱི་དོར་བྱེད་པ་ལུགས་གཉིས་ཀྱི་སྲོག་ཏུ་མཐོང་། ཤེས་ཡོན། ལེ་ལོ། མི་ཚེ་གློག་གི་ཟློས་གར་གྱི་འགྲོས་མྱུར་བས་ལ་འུར་བརྩོན་པའི་ཤུགས་དྲག་མ་བསྐྱེད་ན་ལེ་ལོ་སྒྱིད་ལུག་གི་རྨོངས་པའི་འཆིང་བ་ལས་ནམ་ཡང་ཐར་ ཐབས་མེད་པས། ངོམས་པ་མེད་པར་ཤེས་ཡོན་སྦྱང་བརྩོན་ལ་མ་འབད་ན་ཡིད་སྨོན་ཚིག་གིས་དོན་མི་འགྲུབ་ཅིང་། རང་གི་རྐང་པས་རང་ཉིད་ཐེག་པ་རང་གི་ལུས་ཟུངས་སྟོབས་དང་ལྡན་པར་རང་ཉིད་ཀྱིས་འབད་རིགས་པ་སྨོན་ཅི་དགོས། མཐུན་སྒྲིལ། ཕྱོགས་ཞེན། ས་ཆ་ཡུལ་རིས་ཆུང་བ་དང་གྲུབ་མཐའི་ཕྱོགས་ཞེན་ངན་པས་དེ་སྔ་བརླགས་པའི་ཕམ་ཉེས་ཀྱི་ཉམས་མྱོང་ལྡོག་ཕྱོགས་ཀྱི་དགེ་རྒན་དུ་བསྟེན་ནས། མཐུན་སྒྲིལ་གོང་བུ་གཅིག་གྱུར་གྱིས་མདུན་དུ་བསྐྱོད་ན་གངས་ལྗོངས་བདེ་སྐྱིད་ཀྱི་ལམ་ཆེན་དུ་གཞན་རིགས་དང་དཔུང་གདང་སྦྲེལ་ཏེ་བསྐྱོད་ཐུབ་པར་སྙམ། དུས་རབས་གསར་པའི་གངས་ཕྲུག་ཚོ། ཁྱེད་ཚོའི་དཀར་ལ་དམར་བའི་རང་བྱུང་གི་བཞིན་རས་ལ་སྨུག་ཅིང་སྣུམ་པའི་མཐོ་སྒང་གི་མཛེས་མདངས་བཀྲ་བས། དྲག་ཆར་རླུང་འཚུབ་ལ་ཉམ་ང་བྲལ་བའི་དཔའ་གདེང་མཚོན་ཐུབ་ལ། ཁྲ་ཆུང་སྤྱན་གྱི་ཟུར་མིག་དང་། ཚེམས་དཀར་དུང་ཕྲེང་གི་འཛུམ་མདངས་ཀྱིས་བརྩེ་དུང་དང་གཅེས་སེམས་ལྷང་ལ་འབུད་པའི་ཞོར་དུ། སྨིན་མ་བསྡུས་པའི་གཡོ་འགུལ་དང་། འབུར་ཚུགས་སྤྱན་གྱི་འོད་མདངས་ལས། མི་མངོན་པའི་སྟོབས་ཤུགས་ཀྱིས་བརླིང་ཞིང་བརྗིད་པའི་ལྐོག་གྱུར་གྱི་ཉམས་ཤིག་བག་ཙམ་མཚོན་ཐུབ། དུས་རབས་ཉེར་གཅིག་པའི་ན་གཞོན་བོད་ཕྲུག་ཚོ། ཁྱེད་ཚོའི་ཀྱག་ཀྱོག་གི་འགྲོ་ལམ་ལ་ཉེར་འཚེ་མེད་པར། འོད་འབར་མདུན་ལམ་གྱི་ཕྱོགས་སུ་བསྐྱོད་སྐབས་བསམ་སྤྱོད་ཚང་མས་ཡར་ཐོན་དུས་རབས་ཀྱི་རྗེས་ཟིན་པར་སྨོན། ཡང་དུ་སྨོན། ཡང་ནས་ཡང་དུ་སྨོན། རང་རིགས་རུས་ལ་ཞེན་པའི་ལྷག་བསམ་གྱི་རང་མདངས་གངས་རི་དཀར་པོའི་ཁ་དོག་དང་མཚུངས་པའི་དྲི་མེད་རབ་དཀར་གྱི་ཁ་དར་གསར་པ་ཞིག དུས་རབས་གསར་ཚེས་ཀྱི་བཀྲ་ཤིས་པའི་རྟེན་འབྲེལ་ལེགས་མཚོན་དུ་འབུལ་ན། བཀྲ་ཤིས་རྟགས་ཀྱི་རི་མོས་མངོན་པར་མཚན་པའི་ལྷ་རྫས་འདི། ལང་ལོང་དུ་གཡོ་བའི་སྨུག་སྤྲིན་དཀར་གཙང་ཞིག་ཏུ་གྱུར་ནས། མེས་པོའི་བླ་རི་བརྗིད་ཆགས་ཀྱི་མགུལ་པའི་རྒྱན་དུ་ནམ་ཡང་འཁྱུད་པས། བོད་ཁམས་ཡོངས་སུ་བཀྲ་ཤིས་བདེ་སྐྱིད་འཕེལ་བ་དང་། མ་མཐོང་འབྱུང་འགྱུར་གྱི་རིགས་མཐུན་དག་ལ་འདས་དོན་ལོ་རྒྱུས་ཀྱི་རི་མོའི་ཉམས་འགྱུར་བཀྲག་མདངས་འབར་བ་བསྐལ་པའི་མཐར་ཡང་གནས་པའི་མཚོན་རྟགས་སུ་འགྱུར་བའི་སྨོན་འདུན་ཞུ།།
དམ་པའི་ལྷ་གྲལ་ཆོས་ཀྱིས་བཙུན་གྱུར་ཅིང་།།
ཕ་ཁུའི་སྐུ་ཚེ་རི་རྒྱལ་བཞིན་དུ་བརྟན།།
དར་མའི་དབུ་འཕང་དགུང་ལས་མཐོ་བ་དང་།།
བོད་ཕྲུག་གཞོན་པའི་ཁ་ལས་དར་གྱུར་ཅིག།
ངལ་བའི་རྐང་རྗེས་འཁུན་པའི་སྒྲ་བཅས་མི་འདོད་རླུང་གི་སྐྱེལ་མ་ཅན།།
འཇིག་རྟེན་རྣམ་བཀོད་སྨྱོན་པའི་ཟློས་གར་གཟུང་འཛིན་སྒྱུ་མའི་གྲོང་ཁྱེར་ལས།།
ཤེས་རབ་ཟབ་མོའི་སྲོག་གི་ཟུངས་ཆེན་འགྲོ་བའི་མིག་ཏུ་རབ་སྒྲུབ་སྟེ།།
སྡུག་བསྔལ་མཐར་བྱེད་ཞི་བའི་ས་བོན་སྙིང་ལ་འཁྲུངས་པའི་བཀྲ་ཤིས་ཤོག།
ཅེས་དུས་རབས་ཉི་ཤུ་པ་མཇུག་བསྒྲིལ་བའི་འཕོ་མཚམས་ཏེ་སྤྱི་ལོ༡༩༩༩ལོའི་ཟླ་༡༢པའི་ཚེས་༣༡གི་མཐའ་མཇུག་གི་སྐར་ཆ་དྲུག་ཅུ་ཐམ་པ་རྫོགས་ནས་ཐབས་ཤེས་ཟུང་འབྲེལ་གྱི་ཨང་གཟུགས་ལ་སྟོང་ཆེན་དབྱིངས་ཀྱི་ཐིག་ལེ་སུམ་འགྲིག་གིས་བརྒྱན་པའི་དུས་རབས་ཉེར་གཅིག་པའི་ཐོག་མའི་དུས་བརྡའི་ཅོང་སྒྲ་སྒྲོག་པ་དང་མཉམ་དུ་ཤར་མཐའི་རྒྱ་མཚོའི་འགྲམ་ངོགས་ཀྱི་གྲོང་ཁྱེར་ཆེན་པོ་ཧྲང་ཧེ་ནས་བྲིས་པའོ།།
སྐལ་མེད་སར་སྐེ་གཟེངས་མཁན་མིག་ཁྱོད་ཀྱིས་ཅི་ཤེས་སམ། ཕག་བཙོང་ན་བཤས་ཚོང་མ་གཏོགས་ག་རེ་ཡོད། ཕག་ཉོས་ན་བཤའ་གྱི་མ་གཏོགས་ག་རེ་ཡོད། ངས་ཁྱོད་ལ་སྒྲུང་ཞིག་བཤད། འཇིག་རྟེན་བྱེད་པ་པོས་་་ཕག་པ་ལ་སྐད་ཆ་དྲིས་པ་རེད། ཕག་པ་ཁྱོད་ཀྱིས་ཁུར་པོ་འཁུར་རམ་ཞེས་དྲིས། ཕག་པས་མིན་ཞེས་ལབ། བྱས་ན་འོ་མ་བཞོ་འམ་ཞེས་དྲིས། ཕག་པས་མིན་ཞེས་ལབ། བྱས་ན་ཞིང་རྨོ་འང་ཞེས་དྲིས། ཕག་པས་མིན་ཞེས་ལབ། དེ་ནས་འཇིག་རྟེན་བྱེད་པ་པོས་དེ་འདྲ་ཡིན་ན་ཁྱོད་རང་བཤའ་གྱི་མ་གཏོགས་ལས་ཀ་གཞན་མེད་ཅེས་ཐག་གཅོད་པ་རེད།
བྱས་ཙང་་་ཕག་པ་བཤའ་ཡ་མ་གཏོགས་གཞན་དག་ཕན་ཐོགས་ཡོད་མ་རེད། ཕག་པ་བཙོང་ན་བཤས་ཚོང་ཡིན་པའི་ཁྱབ། ཧཧཧཧ དེ་ནས་་་དགེ་བཅུའི་ཁྲིམས་ཀྱི་མངའ་ཁུངས་སུ་དགེ་སྡེ་བཞི་བཅུ་ལྷག་ཙམ་ཡོད་པ་རེད། ཅེས་ཁྱོད་ཀྱིས་བཤད་འདུག སྡེ་བ་བཞི་བཅུ་པོ་གང་དང་གང་རེད་དམ།
གཉིས་པ། སོ་སོས་ལུས་ལ་གྲྭ་ཆས་གྱོན་ནས་ཤ་མོག་མོག་ཟ་ཞོར་འབྲོག་པས་གཡག་བཤས་བཤའ་སར་དང་རོང་བས་ཕག་པ་གསོད་སར་རྒྱུགས་མ་བསྡད་ན་དགའ་གི་མ་རེད་པེ། ཆོས་ཆོས་རེད་་འཇིག་རྟེན་འཇིག་རྟེན་རེད། སྐྱ་ལམ་སེར་ལམ་ཁ་ཁར་རེད། གྲི་དང་དབྱུག་པ་སོ་སོར་རེད། ད་དུང་་་བོད་མི་རྟོག་སད་པ་ཚོ་དང་ཚུལ་ཁྲིམས་བློ་གྲོས་ཀྱི་བར་དུ་དཀྲུག་གཏམ་འདྲ་ཞིག་བཤད་མདོག་མདོག སྡོམ་པ་ཤོར་ཡང་ཨ། གཟབ་གཟབ་བྱོས།
ནག་པོ་རྒྱ་ཡི་ཡུལ་གྱི་སྲིད་འཛིན་ཁོ།
ནུབ་ཕྱོགས་ཡུལ་དུ་ཁྱད་ལས་སློབ་སྦྱོང་ཕྱིན།
ཁྱད་ལས་མི་འདྲ་བརྒྱ་བརྒྱ་སྟོང་སྟོང་ནས།
ཕག་གསོའི་ཁྱད་ལས་སྦྱངས་དོན་ཅི་ཡིན་ནམ།
ཕག་གསོའི་ཁྱད་ལས་མཁས་པའི་སྲིད་འཛིན་ཁོ།
ནག་པོ་རྒྱ་ཡི་ཡུལ་གྱི་དཔོན་པོ་རེད།
འོ་ཇ་བཙོང་ལ་མཁས་པའི་སྲིད་འཛིན་ཁོ།
གར་པོ་རྒྱ་ཡི་ཡུལ་གྱི་དཔོན་པོ་རེད།
མྱི་ཚེ་དཀོར་གྱིས་བསྐྱལ་བའི་བན་རྒན་ཚོས།
ཕག་གསོ་ཇ་ཚོང་མཐོང་ཆུང་བྱེད་སྲིད་ཀྱང་།
ཉམ་ཐག་དམངས་ཀྱི་ལྟོ་གོས་སྒྲུབ་མཁས་པའི།
དཀར་ནག་རྒྱ་ཡི་དཔོན་གྱི་ལས་ལ་བལྟོས།།
དགེ་བཅུའི་ཁྲིམས་ཀྱི་ཁྱབ་ཚད་ནི་གསེར་རྟ་དགོན་པའི་ལྷ་སྡེ་འམ་ཉེར་འཁོར་གྱི་ཡུལ་གྲུ་ཁག་གཅིག་ལས། དེ་ཙམ་ཆེན་པོ་མ་རེད། ཡིན་ཡང་། མི་རྣམས་སེམས་ཁྲལ་བྱེད་དོན་ནི་ཁྲིམས་ལུགས་དེའི་ཁྱབ་ཚད་ཆེ་རུ་ཕྱིན་ཅིང་། དེའི་མ་འོངས་བར་མི་རིགས་ཀྱི་འཕེལ་རྒྱས་དང་རང་དབང་འགོག་མཁན་ཞིག་ཏུ་སེམས་ནས་མོས་བ་མེད་མཁན་དང་། ངོ་རྒོལ་བྱེད་མཁན་མང་པོ་བྱུང་བ་རེད། དགེ་བཅུའི་ཁྲིམས་ལུགས་ཞེས་བ་ནི་ཁ་ཆེའི་ཆོས་ཁྲིམས་ཟེར་ལྟར་ཆོས་ལུགས་ཀྱི་རྟག་མཐའ་ཅན་གྱི་མི་རྣམས་ཀྱིས་བཟོས་བ་ཞིག་ཡིན་ཡང་། ལྟར་པར་དུ་དགེ་བཅུ་བཟོ་མཁན་ནི་གྲྭ་བ་ལས་ཁྱིམ་པའི་སྤྱི་ཚོགས་ལ་ཆ་རྒྱུས་ཧ་ཅང་གི་ཉུང་མཁན་གྱི་ཟག་སྒེར་བ་ཞིག་བཟོས་ཁར། དེ་ལྟར་བཟོ་བའང་ལོ་ངོ་སྟོང་ཕྲག་གཅིག་དང་ལྷག་གི་ཁྲིམས་ལུགས་རྙིང་བ་ཞིག་ལ་གཞི་བཅོལ་བ་ཡིན་པས། དུས་དང་བོད་ཀྱི་གནས་བབ་དང་མི་མཚམས་པ་མཐོང་ནས་མི་མང་པོ་ཞིག་གིས་དགག་པ་རྒྱག་གི་འདུག་ལགས།
དགེ་བཅུ་ཁྲིམས་ཀྱི་སྐོར་ལ་ཤེས་འདོད་ཆེན་པོ་ཡོད། པདྨ་ལགས་ནས་ཚུལ་བློའི་ཚབ་བྱས་ནས་འགྲེལ་བཤད་གནང་ན་ཡག་པོ་འདུག
ང་ཡི་གྲོགས་པོས་ཁ་བརྡའི་ནང་དུ་བལྟ་ཙམ་བྱེད་ཐུབ་ན་ཡག་པོ་འདུག་ཟེར་ནས་དེ་རིང་སླེབས་མགོ་བརྩམས་པ་ཡིན། མ་ཟད་ང་ཡི་གྲོགས་པོས་ཁ་བརྡའིི་ནང་དུ་ཕེབས་མཁན་གྱི་རྟོག་སད་པ་མི་ཉུང་བ་ཡོད་འདུག་ཟེར་བྱུང་དེ་བྱེད་དུས་ཕལ་ཆེར་དེ་ནི་ཅོ་རི་དང་ཨ་ནུ་ཞུ་བ་དེ་རིགས་ཡིན་ས་རེད། ཡིན་ནའང་མི་རྒྱུས་མེད་ཞིག་གིས་ཐག་ཆོད་པའི་སྐད་ཆ་གང་ནས་ཤོད་ཐུབ། སྤྱིར་སྟངས་ང་ནི་མི་དྲང་པོ་དང་ཐད་ཀར་སྨྲ་མཁན་ཆོས་ལུགས་ཀྱི་རྨོངས་དད་མེད་མཁན་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་མཁན་ལ་དགའ་བོ་ཡོད།
དགེ་བཅུའི་ཁྲིམས་ལ་ཁ་གཡར་ནས་གང་འདོད་ཀྱིས་ཁྲིམས་བཟོས་པ་ནི་བློ་ཕམ་གྱི་གནས་རེད། དགེ་བཅུའི་ཁྲིམས་ནི་མང་ཚོགས་ལ་བླངས་དོར་འབྱེད་པའི་བསླབ་བྱ་ཙམ་ལས་བཙན་བཀའ་མིན།
ཁྱུང་སེ་ལགས། ཁྱོད་ཀྱིས་་མི་དྲང་པོ་དང་ཐད་ཀར་སྨྲ་མཁན་ཆོས་ལུགས་ཀྱི་རྨོངས་དད་མེད་མཁན་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་མཁན་ལ་དགའ་བོ་ཡོད།་ཅེས་གསུངས་པར་དགའ་པོ་བྱུང་ལ་་་ཁ་བརྡའི་ཐོག་ཏུ་ཕེབས་པར་བཀྲ་ཤིས་བདེ་ལེགས།
ངས་རེ་བ་ལ་་དྲང་བདེན་དང་མི་སེར་ཉམ་ཆུང་རྩ་བའི་རྩེ་ལ་བཞག་ནས་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་ཐོབ་པའི་རེ་བ་ཡོད།
ཅོ་རི་ཉི་མ་ཞེས་བྱ་བས་ཉོན།
ཁྱེད་ཀྱིས་སྐྱེས་བུ་ཕ་རོལ་པོ་ལ་བརྩི་འཇོག་ཙམ་ཡང་བྱེད་མི་ཤེས་ཚུགས་དེས་ཁྱེད་ཀྱི་རང་རློམ་དང་དོན་སྙིང་ཡོད་ཚད་ཕྱུང་ཡོང་གིན་འདུག སྤྱི་ཚོགས་སྟེང་གི་སེམས་ཁུར་གྱི་སྐད་ཆ་སྨྲ་མཁན་ཞིག་ལ་མ་མཐའ་ཡང་རྒྱུན་དུ་གཞན་ལ་བརྩི་བཀུར་དང་། གུས་ཞབས་བྱེད་ཤེས་དགོས་པ་གལ་ཆེ། དེ་ནི་ཕ་རོལ་པོའི་ཐོབ་ཐང་དང་འབྲེལ་བའི་སྐད་ཆ་ཞིག་རེད། དེ་ཙམ་ཡང་མི་ཤེས་ན་རྟག་པར་དྲ་ཐོག་ཏུ་བུད་དེ་ཅིག་ཅིག་འགྲིག་གིན་མེད་ཚུལ་དང་། ཉིས་ཉིས་ལས་ཀིན་མེད་རབས་ཀྱིས་སྨྲེ་སྔགས་ཅི་ཙམ་འདོན་ནའང་དེས་རང་གི་དྲ་སྒོར་དང་དུས་ཚོད་ཆུད་ཟོས་ལས་དེས་གསལ་བར་བྱེད་པའི་འོད་སྣང་ལྡེ་མཁན་ནི་སྲིད་མཐའ་ཙམ་མོ།། ཁྱེད་ཀྱིས་ཅི་ཡང་ཤེས་ཀྱིན་མ་རེད་ཅེས་ཐོག་མ་ཉིད་ནས་འབུར་འཇོམས་ཀྱི་སྐད་ཆ་རྐྱང་པ་ཙམ་གྱིས་ཕ་རོལ་པོ་ཁྱེད་ཀྱིས་གླགས་ཁེལ་བ་མ་རེད་ལ་དེ་ལྟར་མ་ལབ་ན་ཁྱེད་ཀྱིས་སྐད་རྒྱག་པའི་གོ་སྐབས་མི་རྙེད་པའང་མ་རེད། སློབ་གསོ་སྨྲ་བའི་སྐད་ཆ་ལྟར་ན་ཁྱེད་ནི་སྨྲ་བརྗོད་འགོག་པའི་སྒེར་གཅོད་པའི་གྲས་སུ་བགྲང་ན་ཆོག་པ་རེད། ད་དུང་དགེ་བཅུའི་ཁྲིམས་ནི་བོད་གངས་ཅན་པའི་འཕེལ་གྲིབ་དང་ཡང་སྒོས་ཕ་ཡུལ་གྱི་དར་རྒུད་དང་འབྲེལ་བ་དམ་ཟབ་ཡོད་ན་ང་ལ་འདིའི་སྐོར་གླེང་བའི་སྐལ་བ་ཅིས་མེད་སོང་བ་རེད། འོ་ན་གྲྭ་བ་ཞིག་གིས་འདིའི་ཕྱོགས་གླེང་བའི་སྐལ་བ་མེད་ན་ཁྱེད་ཀྱིས་ད་སོ་མར་ཚུལ་ཁྲིམས་བློ་གྲོས་ཀྱི་འདིའི་གླེང་ཕྱོགས་མང་དག་ཞིག་ན་གཞོན་དང་རྟོག་སད་པ་དང་མཐུན་ཚུལ་གླེང་གིན་པའང་ལྟག་འཛོལ་དུ་སོང་བ་མ་ཡིན་ནམ། ཁྱེད་ཚོ་རྟོག་སད་པ་དག་གི་མཐུན་མིན་གྱི་སྣང་ངོར་བླ་རུང་ཚང་གིས་དགེ་བཅུའི་ཁྲིམས་དམིགས་བསལ་བ་ཞིག་བཞག་པ་མིན་ན་ག་ས་ག་ན་མཐོང་དུ་ཡོད་པའི་དགེ་བཅུའི་ཁྲིམས་ཀྱི་དོན་ཚན་དང་པོ་ནི་བཤས་ཚོང་མི་བྱ་བ་ཞེས་པ་ལས་བཤས་བཤའ་མི་ཆོག་ཅེས་བྲིས་མི་འདུག་ལ་དེ་ལས་ཀྱང་ཕག་པ་གསོ་མི་ཆོག་ཅེས་བྲིས་མི་འདུག མ་བསམ་ས་ནས་ཁྱེད་ཀྱིས་ཕག་པ་ཞིག་གང་ནས་མཚན་གཞི་ལ་རྙེད་པ་ཡིན། ངོ་མར་དགོད་བྲོ། དང་ཐོག་ཁྱེད་ཀྱི་གཞན་ལ་ཉམས་ཚོད་ཀྱི་གཡོ་དེ་བརྗེད་དེ་ཁྱེད་ཀྱི་རེ་བ་བཞིན་དུ་ཁྲིམས་ཀྱི་ཁྱབ་ཚད་ཅུང་ཙམ་བགྲང་ཡོད། ཡང་དགོན་སྡེ་བཞི་བཅུ་པོ་རྩིས་ཟེར་ན་ང་ནི་ཁྱེད་ཀྱིས་ཚོད་ལེན་བྱ་སའི་བླུན་རྒན་དེའང་མིན་པས་ཤེས་འདོད་ན་ཁྲིམས་དཔོན་ཚོ་ལ་དྲི་གཏུགས་བྱོས་ཟེར་བ་ལས་ཅང་མེད། དེའི་མན་གྱི་ཉོག་གཏམ་དེས་ངའི་སྣང་བ་རུ་ཁྱེད་ནི་ཁྲོམ་སྲང་ན་ཉལ་ཏེ་སྦྱིན་བདག་གི་གཞུག་ནས་འཁང་ར་བྱེད་པའི་སྤྲང་པོ་ཧམ་ཆེ་ཞིག་འཆར་འོང་གིན། དགོངས་དག དེ་ལས་བཤད་དགོས་མེད།
xxxཁ་བརྡ་ཚང་གི་དྲྭ་གྲོགས་ཡོངས་ལ་ཞུ་རྒྱུར། ངས་བྱས་ན་དགེ་བཅུ་ཁྲིམས་ཟེར་ན་འདྲ་གང་ལྟར་མཁན་པོ་ཚུལ་བློ་ཚང་གིས་སྣེ་ཁྲིད་གནང་པའི་ལས་འགུལ་འདི་ཧ་ཅང་ཡག་པོ་མཐོང་སོང་ལ། འདིས་ནུས་པ་ཡང་གང་ཙམ་ཐོན་གིན་འདུག དེ་འདྲ་ཡིན་དུས་དགག་པ་མ་གནང་ན་ཡག་ས་རེད་དྲན།
མིག་གྱིས་ཉོན། ཡག་པོ་ཞིག་གླེང་བྱུང་། གཞན་ལ་གུས་བཀུར་ཟེར་བའི་ཚིག་འདི་མཐོང་བ་དང་ངའི་སེམས་སུ་གསལ་ལྷང་ངེ་དྲན་ཡོང་བ་ནིོ་་་ང་ཅོ་རི་ཐོག་མ་དྲ་ཐོག་ཏུ་བསླེབས་ནས་འཛམ་གླིང་ཕྱོགས་བཞི་མཚམས་བརྒྱད་དུ་ཁ་ཐོར་ནས་ཡོད་པའི་བོད་མི་དེ་དག་གི་མཉམ་དུ་བགྲོ་གླེང་བྱས། གུས་བཀུར་ཡོད་པའི་ཐོག་བོད་མི་སུ་འདྲ་ཞིག་ཐུག་ནའང་སྤུན་གྲོགས་ཅེས་ལོ་གཉིས་ཙམ་དེ་རིང་ཞུས།
ཁ་མ་ཡིན་དོན་གྱི་ཐོག་ནས་ལས་དབང་གཅིག་པ་དང་ཤ་ཁྲག་གཅིག་པའི་འདུ་ཤེས་བཟུང་ནས་སྤུན་གྲོགས་དང་སྤུན་གྲོགས་ཟེར་ནས་གུས་བཀུར་ཡོད་པའི་ཐོག་ནས་ལབ་པ་ཡིན། དུས་བབ་དང་ཁ་བརྡ། བང་ཆེན་དང་ཤམ་བྷ་ལའི་དྲ་རྒྱ་སོགས་ཀྱི་ཐོག་ཏུ་སྤུན་གྲོགས་ཀྱི་འདུ་ཤེས་བཟུང་ནས་དཀའ་ལས་རྒྱག་པ་ཡིན།
ཕར་སྤུན་གྲོགས་ཅེས་འབོད་དུས་ཚུར་ཁྱི་རྒན་ཞེས་འབོད་ཡོང་གི་འདུག ཡིན་ཀྱང་ལོ་ཤས་རིང་ཨུ་ཚུགས་བརྒྱབས་ནས་སྤུན་གྲོགས་ཅེས་ཞུས་པ་ཡིན། ཡིན་ཀྱང་་་དུས་རྟག་ཏུ་ཚུར་ལ་ཁྱི་འབོད་དང་སྐྱག་འབོད་ཤ་དག་འཐེན་གྱི་འདུག དེ་ནས་་་རང་གིས་ལ་སྒྱུར་བཅོས་བྱས་པ་ཡིན། ཚུར་ཁྱི་རྒན་འབོད་མཁན་ཚོ་ལ་ཕར་ཕག་རྒན་འབོད་ཀྱི་ཐག་གཅོད་པ་ཡིན། ཡིན་ལུགས་ཞུས་ན་དེ་འདྲ་་་་ཨ་གྲོགས། མྱི་ཡིས་གནམ་གང་མ་བརྩིས་ན་ཁྱིས་ཚེས་གཅིག་ཡོང་ཐབས་མེད་པ་འདི་ཆོས་ཉིད་སོང་ཙང་་་་་་་་་ད་ནི་་་་འཛམ་གླིང་འདིའི་ཐོག་ཏུ་འདྲ་འདྲ་བྱས་ནས་འགྲོ་བསམ་པ་མ་གཏོགས་་་་་གཞན་གང་ཡང་མེད། གནས་ཚུལ་དེ་དག་ཁྱོད་ཀྱིས་ཤེས་ཀྱི་རེད།
ད་དུང་་་ཁྱོད་ཀྱིས་ང་ལ་གུས་བཀུར་གྱི་སྐད་ཆ་བཤད་མདོག་མདོག་འདི་སྙིང་རྗེ། རང་ངོ་ཨེ་ཤེས་བལྟོས། མ་ཤེས་ན་ཕ་རྩ་བུ་རྒྱུད་ངས་ཁྱོད་ལ་ངོ་སྤྲོད་བྱ་ཆོག
གསེར་ལྗོངས་བླ་མ་རུང་གི་དགེ་བཅུའི་ཁྲིམས་ནི་གཤམ་གསལ་འདི་དག་རེད། འདི་དག་ཆོས་སྐད་རེད་དམ་འཇིག་རྟེན་གྱི་སྐད་ཆ་རེད། འདི་དག་གིས་བོད་པའི་སྤྱི་ཚོགས་ལ་ཕན་གནོད་ཅི་ཡོད་གཞན་ཟེར་གཡམ་རྒྱུག་ཙམ་མ་ཡིན་པར་སོ་སོས་ལེགས་པར་དཔྱོད། འདིར་དྲ་འབུ་ལ་ལས་ལོག་བཤད་བྱེད་རྒྱུའི་འགོ་བཙུག་ཡོང་གི་འདུག་པས་གསལ་བཤད་ཅིག་བྱས་པ་ཡིན།
གསེར་ལྗོངས་བླ་མ་རུང་གིས་གཏན་ལ་ཕབ་པའི་དགེ་བཅུའི་ལུགས་སྲོལ།
དང་པོ། བཤས་ཚོང་མི་བྱ་བ། རྟ་ཟོག་ར་ལུག་ཁྱི་སོགས་བཤའ་བའི་ཆེད་དུ་ཉོ་ཚོང་མི་བྱ་བའོ།།
གཉིས་པ། རྐུ་ཇག་མི་བྱ་བ། ཕྱི་ནང་སུ་ལའང་འཇབ་བུའི་རྐུ་དང་བཙན་པོའི་ཇག་མི་བྱ་བའོ།།
གསུམ་པ། མཚོན་འཛིང་མི་བྱ་བ། གྲི་དང་མེ་མདའ་ལ་བརྟེན་ནས་འཛིང་མོ་མི་བྱ་བའོ།།
བཞི་པ། སྨད་ཚོང་མ་མི་བསྟེན་པ། འདིས་ནད་འཇིགས་སུ་རུང་བ་མང་པོ་བསྐྱེད་ནས་ད་ལྟ་བོད་ཡུལ་ན་ཉེན་ཁ་ཤིན་ཏུ་ཆེ་བས་རྒྱ་རིགས་སོགས་སྨད་འཚོང་མ་བསྟེན་པར་མི་བྱའོ།།
ལྔ་པ། བོའུ་དང་ཉལ་ཐའི་ཚོང་མི་བྱ་བ། མེ་མདའ་རིང་ཐུང་མང་པོ་གཞན་གྱི་ས་ནས་ཚུར་ཉོ་ཞིང་བོད་ཀྱི་ནང་དུ་ཕར་འཚོང་བ་དང་། ཉལ་ཐ་ཉོ་ཚོང་མི་བྱ་བའོ།།
དྲུག་པ། ཉལ་ཐ་དང་ཐ་མག་མི་འཐེན་པ། ཉལ་དུད་དང་ཐ་མག་གི་རིགས་འཐེན་པར་མི་བྱ་བའོ།།
བདུན་པ། ཆང་མི་བཏུང་བ། ཆང་གི་རིགས་གང་ཡང་བཏུང་བར་མི་བྱ་བའོ།།
བརྒྱད་པ། ཤོ་རྒྱན་མི་བསྐུག་པ། སྒོར་མོའམ་དངོས་རྫས་མང་པོ་བསྐུག་ཏུ་བཞག་ནས་ཤོ་རྒྱན་གཞག་པར་མི་བྱ་བའོ།།
དགུ་པ། རྔོན་མི་བྱ་བ། རི་དྭགས་གཅན་གཟན་གསོད་ཐབས་སྣ་ཚོགས་ཀྱིས་གསོད་པར་མི་བྱ་བའོ།།
བཅུ་པ། གཅན་གཟན་གྱི་པགས་པ་མི་གྱོན་པ། གཟིག་དང་སྲམ་དང་ཝ་སོགས་གཅན་གཟན་གྱི་པགས་པ་གྱོན་པར་མི་བྱ་བའོ།།
བཤས་ཚོང་སོགས་བྱ་བ་བཅུ་པོ་འདི་རྣམས་ཀྱིས་རང་རེ་ཚེ་འདི་ཕྱི་གཉིས་ཀར་འཕོངས་པར་བྱེད་ལ། བཤས་ཚོང་མི་བྱེད་པར་དམ་བཅའ་བ་སོགས་བཅུ་པོ་འདི་རྣམས་ཀྱིས་ཚེ་འདི་ཕྱི་གཉིས་ཀར་ཕན་པ་དང་བདེ་བར་བྱེད་ཅིང་། མི་ཙམ་དུ་མ་ཟད་དུད་འགྲོ་ཡན་ཆད་བདེ་བའི་ངང་དུ་གནས་པར་འགྱུར་བས་དད་ལྡན་སྐྱེ་བོ་རྣམས་ཀྱིས་བླང་དོར་ཚུལ་བཞིན་བྱེད་པ་ཤིན་ཏུ་གལ་ཆེ་བས་འབད་པ་བྱེད་པར་ཞུ་ཞུ།།
གསེར་ལྗོངས་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ནས་བོད་རབ་གནས་ས་བྱི་ལོའི་ཆུ་སྟོད་ཟླ་བའི་ཚེས་ཉེར་ལྔ་ལ་སྤྲིངས་པའོ།།
རྒྱལ་ཁབ་ཞིག་མི་རིགས་ཞིག་སྲུང་སྐྱོབས་བྱེད་དགོས་ན་དགེ་བཅུ་སྤྱད་ནས་བསྡད་ན་འགྲིག་ཨ་ཡོང། རྒྱལ་ཁབ་ཞིག་དགོས་ཀྱི་ཡོད་ན་དེ་ལ་ཁྲིམས་ཁང་དགོས་བཙོན་ཁང་དགོས། ཁྲིམས་གཅོད་པ་དགོས། མི་ཡི་སྤྱི་ཚོགས་ཟེར་བ་གང་ན་ཡོད་དེར་རྐུན་མ་ཇག་པ་ཁྲམ་པ་ཡོང་རྒྱུ་གཤིས་སུ་གྲུབ་པ་རེད། དགོན་པ་ཞིག་ཡིན་ནའང་དེ་ལ་དགེ་བསྐོས་དགོས་དགེ་སྐོས་ཀྱིས་ཁྲིམས་འགལ་གྱི་རིགས་ལ་ཁྲིམས་གཅོད་དགོས། གང་ལྟར་དགོན་པ་གཅིག་པུའི་ཆེད་དུ་ཡིན་ན་གནས་ཚུལ་ལོགས་ཁར་རེད་དེ་མིན་མགོ་རིལ་དང་མགོ་ནར་གཉིས་ཀར་རྒྱུགས་པ་ལེབ་བརྡུང་བྱས་ན་ཅི་ཞིག་ཡོང་མིན་སུས་ཀྱང་རྟོགས་ནུས།
་་་་་་་་་་་་ བཙན་པོས་”ངའི་རྒྱལ་ཁམས་སུ་གཏོགས་པའི་མི་རྣམས་ཀྱིས་སྲོག་མ་གཅོད་ཅིག། བཅད་ན་སྟོང་འདོད། མ་རྐུ། བརྐུས་ན་འཇལ་འདོད། མ་རྡུང་མ་འཕྲོག་ཅིག། འཕྲོག་ན་འཇལ་འདོད། བྱི་བྱས་ན་བྱི་རིན་འདོད། རྫུན་དང་ཕྲ་མ། ངག་འཁྱལ། བརྣབ་སེམས། གནོད་སེམས། ལོག་ལྟ། ཁྲིམས་དང་འགལ་བའི་ལས་རྣམས་གང་བྱས་ལ། དེ་རྣམས་ཀུན་ལ་ཆད་པ་གང་ཐོབ་གཅོད་བྱ།”ཞེས་གནའ་སྔ་མོའི་དུས་ནས་ཁྲིམས་སུ་བཅའ་བ་དང་་་་་་་་་་་་་་་་་་་་་་་་
འབྲོག་པ་ཞིག་ཡིན་ན། ༼དང་པོ། བཤས་ཚོང་མི་བྱ་བ། རྟ་ཟོག་ར་ལུག་ཁྱི་སོགས་བཤའ་བའི་ཆེད་དུ་ཉོ་ཚོང་མི་བྱ་བའོ།།༽ ཟ་ཡ་འཐུང་ཡ་ཡོང་སྒོ་ཆ་ཚང་འགག་ཚར་བ་རེད་ལ། དེ་ནས་ལྟོགས་སྐོམ་ལ་བཟེད་དགོས་པས། རྐུ་འབྱུང་གི་རེད། དེ་ནས་འཕྲོག་བཅོམ་བསྐྱེད་ཀྱི་རེད། འདི་ནི་མང་ཚོགས་ལ་རྒྱུས་མེད་ཅིག་དང་མིང་གྲགས་གཉེར་མཁན་ཞིག་གིས་གཏན་ལ་ཕབ་པ་ལས་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ཡིན་བཟོ་མི་འདུག
ཀརྡོས་རྡོ་རིང་གི་ཡི་གེར་གོ་བ་ལོན་མི་འདུག སྲོག་མ་གཅོད་ཅིག་ཟེར་བ་སྒོ་ཕྱུགས་ཀྱི་སྲོག་མ་གཅོད་ཟེར་གྱི་ཡོད་པ་མ་རེད། མི་ཡི་སྲོག་མ་གཅོད་ཅིག་ཟེར་བ་རེད། དེ་མིན་སྔ་དུས་སུ་བོད་མི་ཤ་གཟན་ཞེས་ཡོངས་སུ་གྲགས་པ་རེད་་་སྲོག་མ་བཅད་ནས་ཤ་གང་ནས་འབྱུང་ངམ། ཡང་ན་མུག་ཤི་དང་སྤྱང་ཀིས་འཐེད་ཤ་ཡིན་ན་མ་གཏོགས་ཤ་གང་ནས་འབྱུང་དེ་དུས་ད་ལྟ་ནང་བཞིན་ཤ་ཁང་དེ་འདྲ་ཡོད་བཟོ་མི་འདུག ཅི་སྟེ་དགེ་བཅུའི་ཁྲིམས་དེ་དག་མ་ཉམས་པར་སྲུང་དགོས་ན་བོད་མི་ཐམས་ཅད་གྲྭ་བ་དང་ཨ་ནེ་བྱས་ན་ལེགས། ཞྭ་དཔེ་ལྷ་ལ་བཀབ་པ་རང་རེད། སེམས་ཅན་གྱི་སྲོག་རྩ་བ་ཉིད་ནས་གཅོད་མི་ཆོག་ཟེར་གྱི་ཡོད་ན་འོ་ན་ན་དུས་སྨན་ཀྱང་ཟ་མི་ཆོག་པ་དང། རྐང་པ་སྤོས་ནས་འགྲོ་ཡང་མི་ཆོག་པ་ཞིག་ཆགས་ཀྱི་རེད། རྐང་པས་འབུ་རིགས་ག་ཚོད་ཅིག་བསད་མེད་དམ། མགོ
དབུ་རིལ་བདག་པོས་དབུ་རིལ་ཚོར་བདག་པོ་བརྒྱབ་ན་ལེགས་མི་དགོས་པའི་སྐྱ་བོར་ཇུས་གཏོགས་དེ་ཚོ་དགོས་པ་མེད་པའི་སའཀད་ཆ་རེད།
བཤས་ཚོང་མི་བྱ་ཞེས་པ་ནི་འབྲོག་པ་ཚོས་རང་ཉིད་ལ་བདག་པའི་ནོར་ལུག་རང་ཉིད་ཀྱི་ཁ་ཟས་ཆེད་དུ་མི་བཤའ་བའི་དོན་མ་རེད། བཤའ་ཁང་སོགས་ལ་བཤས་ཀྱི་ཆེད་དུ་བཙོང་བ་དང་དེའི་ཆེད་དུ་ཉོ་བ་སོགས་མི་བྱེད་ཅེས་པའི་དོན་རེད། དེ་མིན་པའི་གཞན་དག་ནི་ཁ་བརྩ་དགོས་བཏུག་གིས་སྤྱི་ཚོགས་ལེགས་བཅོས་ཀྱི་ཐབས་ལམ་འབའ་ཞིག་ལས་སྤྱི་ཚོགས་དང་མི་འཚམ་པ་གང་ཡང་མེད་པ་མཐོང་ཆོས་རེད། འོན་ཀྱང་ཕྱོགས་རུས་དང་ཆགས་སྡང་ཅན་དག་ལ་ནི་བྱ་བ་བཟང་པོ་ཅི་འདྲ་ཞིག་སྒྲུབ་ཀྱང་འགུ་བའི་དུས་ཤིག་ཡོང་མི་སྲིད་པ་དེ། མཁས་དབང་དགེ་ཆོས་ཀྱིས། མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེ། །དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།། ཅེས་པ་དེས་གསལ་པོ་སྟན་ཡོད་པ་རེད།
ད་འོ་ན་འབྲོག་པ་ཚོས་རང་གི་སྒོ་ཕྱུགས་བསད་དེ་རང་གིས་ཟ་བ་ལས་གཞན་ལ་ཚོང་མི་ཆོག་པའི་ཁྲིམས་བཅས་ནས་དེ་ནས་ཡུལ་པ་ཚོར་ཤ་གང་ནས་ཐོབ་བམ། ཡང་ན་ཁོང་ཚོ་དཀར་ཟས་ཁོ་ན་ལ་སྤྱོད་དགོས་སམ། ཡང་ན་བོད་ཀྱི་ཡུལ་འབྲོག་གི་མི་ཚང་ཚང་མས་རང་རང་གི་སྒོ་ཁར་སྒོ་ཕྱུགས་ཤ་ཡི་ཆེད་དུ་གཉེར་དགོས་སམ། རང་རང་གི་ཉམས་ལེན་མི་བྱེད་པར་འཇིག་རྟེན་མི་ནག་ལ་བཙན་བཀའ་གཏོང་སྟངས་འདི་ལ་སྣང་བ་འགྲོ་གི་མི་འདུག