ཀླུ་སྨྱོན།
—-དགའ་ལྡན་ལྔ་མཆོད་བསུ་རྩོམ་ཐུང་ངུ་ཞིག
ཁོ་བོ་ཆུང་དུས་ཐང་ཀ་ཞིག་གི་ངོས་སུ་བླ་སྐུ་པཎ་ཞྭ་སེར་པོ་དང་ཆོས་གོས་རྣམ་གསུམ་མནབས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དང་ཕྱག་གཉིས་ཀྱིས་པད་སྡོང་གི་རྩེར་གླེགས་བམ་དང་རལ་གྲི་བསྣམས་པ་ཞིག་ཡང་ཡང་མཇལ་བ་དང་། མི་རྣམས་ཀྱིས་ཁོང་གི་མཚན་ལ་”རྗེ་རྒྱལ་བ་གཉིས་པ་”དང་”རྗེ་བདག་ཉིད་ཆེན་པོ།” “འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་”སོགས་ཀྱིས་ཆེ་བསྟོད་བསམ་གྱིས་མི་ཁྱབ་པ་ཞུ་བཞིན་འདུག་པས། མཚན་བྱང་རྫིག་པོ་འདི་དག་གི་གོ་དོན་རགས་ཙམ་ལས་མི་ཤེས་ཤིང་། ཁྱད་པར་དུ་བླ་སྐུ་འདིས་བསྟན་པའི་རྗེ་རྒྱལ་བ་གཉིས་པ་ཞུ་བའི་སངས་རྒྱས་སམ་ལྷ་དེ་སུ་ཡིན་ཙམ་ཡང་ཤེས་ཀི་མེད།
དེ་བས་ཁོང་ནི་འཇིག་རྟེན་གྱི་འགྲོ་བ་མི་ལས་འདས་པའི་སངས་རྒྱས་ལྟ་བུ་ནམ་རྒྱུན་མེ་ཏོག་པདྨའི་གདན་ལ་བཞུགས་ཏེ་ཅི་འདོད་གསོལ་བ་བཏབ་ན་དེ་འདོད་དངོས་གྲུབ་ཆར་བཞིན་འབབ་པའི་དག་པའི་ཞིང་གི་ལྷ་མཆོག་ཅིག་ཏུ་ངོས་འཛིན་ཞུས་པ་ཡིན། ཁྱད་པར་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་བླ་མ་མཆོད་པའི་ཆོ་ག་ཞེས་པའི་ནང་དུ་”ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། །”ཞེས་པའི་ཚིག་འདིས་ཐང་ཀའི་ངོས་ཀྱི་བླ་སྐུ་དེའི་གོ་ས་ལྡབས་འགྱུར་གྱིས་འཕར་ནས། ཁོང་ལ་ཤ་ཁྲག་གི་ལུས་པོ་དང་བཟའ་བཏུང་གི་ཡོ་བྱད། རས་སྣམ་གྱི་གྱོན་ཆས་དང་སློབ་སྦྱོང་གི་དཀའ་ངལ་སོགས་ཡོད་སྣང་རྩ་བ་ནས་སྐྱེས་མ་མྱོང་། དེ་ནི་ང་གཅིག་པོ་མ་ཡིན་པར་རྙིང་མ་པ་ཞིག་ཡིན་ན་”ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་”ཞེས་པའི་མཚན་བྱང་ཆེན་པོ་དེའི་ཕག་གི་དགེ་བཤེས་དྲི་མེད་འོད་ཟེར་དང་། ས་སྐྱ་པ་ཞིག་ཡིན་ན་”འཇམ་མགོན་ས་སྐྱ་པཎ་ཆེན་”ཞེས་པའི་ས་གཞིས་མི་ཐེགས་པའི་མཚན་བྱང་རྫིག་པོ་དེའི་རྒྱབ་ཀྱི་དགེ་བཤེས་ཀུན་དགའ་རྒྱལ་མཚན་གཉིས་ལ་བཅངས་པའི་དད་སེམས་མམ་འཁྲུལ་སྣང་གི་འཇིག་རྟེན་དེ་ཡང་ང་ལ་སྐྱེས་པ་དང་ངས་བཞེངས་པའི་”འཇམ་མགོན་རྒྱལ་བ་གཉིས་པའི་”སྣང་བརྙན་ཡང་དེ་ལས་མ་འདས་པ་ཞིག་ཏན་ཏན་ཡིན་རྒྱུ་རེད།
རྗེས་སུ་འབྲུག་རྒྱལ་དབང་ཆོས་རྗེས་བརྩམས་པའི་རྗེ་ཙོང་ཁ་པའི་རྣམ་ཐར་མཐུག་པོ་དེ་ལ་མཇལ་བའི་རྗེས་སུ། གཞི་ནས་རྒྱལ་བ་གཉིས་པར་བཀུར་བའི་ནམ་མཁའི་སངས་རྒྱས་པད་མའི་གདན་ལ་བཞུགས་པ་དེ་ནི་གཞི་རྩའི་ཆ་ནས་མདོ་སྨད་སྐུ་འབུམ་དགོན་པའི་ས་ཆ་དེ་གར་ཨ་མདོའི་བྱིས་པ་དཀྱུས་མ་སྤྱི་དང་འདྲ་བར་འབྲོག་པའི་མི་ཚང་ཞིག་གི་ཕྲུ་གུ་ཆུང་ཆུང་ཞིག་ནས་བྱ་ཁྱུང་དགོན་པའི་གྲྭ་རྐྱང་དཀྱུས་མ་ཞིག དེ་ནས་རིམ་བཞིན་སྟོད་དབུས་གཙང་འགྲིམ་པའི་བོད་ཀྱི་གྲྭ་རྐྱང་སློབ་གཉེར་བ་དཀྱུས་མ་ལྟོ་སྐྱ་གོས་ཧྲུལ་བ་དེ་ཚོའི་གྲས་ཀྱི་གཅིག་ཡིན་པ་དང་། ཆོས་ལ་ཤེས་འདོད་དྲག་པོས་རྙིང་མ་དང་བཀའ་བརྒྱུད། ས་སྐྱ་པ་དང་ཇོ་ནང་གི་མཁས་པ་སུ་བཟང་རྩད་གཅོད་ཀྱིས་དྲུང་དུ་གཏུགས་ནས་སློབ་གཉེར་རྡོ་རུས་ཐུག་པ་བྱས་པའི་མཐའ་མར། མཁས་པ་བརྒྱ་ཕྲག་མང་པོའི་དབུས་སུ་གཞུང་ཆེན་གྱི་བརྒལ་བརྟག་ལན་མང་བྱས་པའི་མཇུག་འབྲས་སུ་དགེ་བཤེས་གྲགས་པ་ཅན་ཞིག་ཏུ་གྱུར་པ་དེ་ཙམ་རེད། ཁོང་གིས་སློབ་གཉེར་བྱེད་པའི་སྐབས་དེར་ཟ་མའི་དཀའ་ངལ་ཡང་མི་ཉུང་བ་ཞིག་དང་འཕྲད་ཡོད་ཅིང་། དེ་ལ་ཁོང་གི་ལོ་རྒྱུས་ལས་”འཚོ་བའི་དཀའ་ངལ་ལ་འཕྲད་དུས་སྣར་ཐང་བའི་སྐྱོ་ཚལ་གྱིས་ལེགས་པར་སྦྱངས་”ཞེས་བྲིས་འདུག དེ་ཡང་སྐབས་དེའི་དགེ་བཤེས་བཟང་པོ་ཚོའི་བྱ་བ་མེད་དུ་མི་རུང་བ་གསུམ་སྟེ། འཆད་རྩོད་རྩོམ་གསུམ་གྱིས་ཉིན་མཚན་འདས་པ་དང་། རྩོམ་ཡིག་འདྲ་མིན་འབྲི་རྒྱུ་དེ་ནི་སྐབས་དེའི་དགེ་བཤེས་བློ་བཟང་གྲགས་པ་གཅིག་པོ་མ་ཡིན་པར་དུས་རབས་གཅིག་པའི་དགེ་བཤེས་ཕལ་མོ་ཆེའི་འོས་འགན་ཞིག་དང་འགྲན་བསྡུར་རང་བཞིན་གྱི་མི་ཚེའི་སྤྱི་འགྲོས་ཤིག་ཀྱང་ཡིན་པ་འདྲ།
དེ་ནས་དགེ་བཤེས་བློ་བཟང་གྲགས་པས་ཀྱང་རང་གི་ལྟ་གྲུབ་རྩལ་དུ་བཏོན་ནས་བརྩམས་ཆོས་དེབ་ཕྲེང་མང་པོ་ཞིག་སྤྱི་ཚོགས་སྟེང་སྤེལ་བ་རེད་ལ། ལ་ལ་ནི་རང་གི་བླ་མའི་དགོངས་གཞི་ལས་ཀྱང་རྒྱབ་འགལ་ལམ་ལྡོག་ཕྱོགས་སུ་ཕྱིན་ཡོད་པ་དཔེར་ན་ཁོང་གི་བླ་མའི་གཙོ་བོ་རེ་འདའ་བས་དུས་འཁོར་རྩ་རྒྱུད་དེ་རྒྱུད་རྣམ་དག་ཏུ་ཁས་མི་ལེན་ཡང་། དགེ་བཤེས་བློ་བཟང་གྲགས་པས་དུས་འཁོར་རྩ་རྒྱུད་སངས་རྒྱས་ཀྱི་གསུང་རྣམ་དག་ཏུ་ཁས་བླངས་ཏེ་དུས་འཁོར་སྦྱོར་དྲུག་ལ་ཉམས་ལེན་བྱས་ཏེ་ཐ་ན་མུན་མཚམས་ལ་ཡང་བསྡད་པ་རེད། གཞན་ཁོང་གི་ལྟ་བའི་སྐོར་གྱི་བརྩམས་ཆོས་དང་སྔགས་ཀྱི་བསྐྱེད་རྫོགས་ཀྱི་བསྟན་བཅོས་དེ་ཚོར་ཡང་མཁས་པ་གཞན་དག་གིས་དགག་པ་ཚ་ནན་བརྒྱབ་ཡོད་པ་རེད་ལ། ས་སྐྱ་པའི་ཕྱོགས་ནས་དགག་པ་མང་ཤོས་བྱུང་ཡོད།
ཡིན་ན་ཡང་དེ་དུས་ཀྱི་མཁས་པ་དགེ་བཤེས་དེ་ཚོ་ནི་དེང་དུས་ཀྱི་དྲ་འབུ་སྨྱོ་རྒྱུག་མཁན་འདི་ཚོ་དང་ཡེ་ནས་མི་འདྲ་བར་ལོ་བཅོ་ལྔ་ཉི་ཤུ་དང་ཡང་ན་མི་ཚེ་ཧྲིལ་བོ་སློབ་གཉེར་ལ་བསྐྱལ་བའི་དགེ་བཤེས་གྲགས་པ་ཅན་འབའ་ཞིག་ཡིན་པས། ཁོ་ཚོས་དགེ་བཤེས་བློ་བཟང་གྲགས་པར་བརྒྱབ་པའི་དགག་པ་དེ་ཚོ་ཡང་རང་སྣང་གང་དྲན་གྱི་ངག་འཁྱལ་དེ་འདྲ་མ་ཡིན་པར། རྒྱུད་རྒྱ་གཞུང་བོད་ཀྱི་མཁས་པ་ཚད་ལྡན་དེ་ཚོའི་གསུང་རྩོམ་གཞིར་བཞག་གིས་རྡོ་བསྒྲིགས་པ་ཅི་བཞིན་བྲིས་ཡོད་པས། དགེ་བཤེས་བློ་བཟང་གྲགས་པའི་རྗེས་འཇུག་པ་མང་པོས་ཁོང་ལ་བྲིས་པའི་དགག་པ་དེ་ཚོའི་ཕྱེད་ཀར་མ་གཏོགས་ལན་ཅི་བཞིན་དུ་ཐེབས་མེད་པར་ཡང་གྲགས། གང་ལྟར་དགེ་བཤེས་འདིས་ཁོ་རང་གི་རྩོམ་ཐུང་གྲགས་ཅན་ལམ་རིམ་བསྡུས་དོན་དུ། “ཤི་ནས་ངན་འགྲོར་མི་སྐྱེས་གདེང་མེད་ཅིང་། །དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། །”ཞེས་བྲིས་ཡོད་པ་བཞིན། རང་ཉིད་ཀྱི་སློབ་གཉེར་ཡར་རྒྱས་དང་སྐྱེ་བ་ཕྱི་མའི་ལམ་རྒྱགས་སུ་དམིགས་ནས་འོལ་ཁ་ཆོས་ལུང་སོགས་སུ་སྒྲུབ་པ་ཉམས་ལེན་ཡང་གང་འཚམ་བྱས་འདུག
ཡིན་ན་ཡང་ཁོང་དང་རྙིང་མའི་དགེ་བཤེས་དྲི་མེད་འོད་ཟེར་གཉིས་ཀའི་བྱེད་སྟངས་ཆ་འདྲ་བ་ཞིག་ནི། དབེན་པའི་རི་ཁྲོད་དུ་ཕྲེང་བ་བགྲང་བཞིན་སྡོད་པ་ཙམ་མ་ཡིན་པར། ཁ་ཁུ་སུམ་པའི་དབེན་གནས་དེ་དག་ཏུ་མདོ་སྔགས་ཀྱི་བརྩམས་ཆོས་རྒྱུན་མར་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེན་པོར་བརྩིས་འདུག ཁོང་དགེ་བཤེས་སྐད་གྲགས་ཅན་ཞིག་ཏུ་གྱུར་རྗེས་སྦྱིན་བདག་ཆེན་པོ་ཚོས་ཀྱང་སྔ་ཕྱིར་དད་པས་ཞབས་ཞུ་སྒྲུབ་རྒྱུར་ཁས་ལེན་བྱས་པ་དང་། ཁོང་གིས་ཀྱང་གོ་སྐབས་དེ་དམ་འཛིན་གྱིས་རྫིང་ཕྱིའི་བྱམས་པ་ཞིག་གསོ་དང་གཉལ་གྱི་ལུང་ར་ཆེན་མོ། ཆོ་འཕྲུལ་སྨོན་ལམ་ཆེན་མོ། ཇོ་བོར་དབུ་རྒྱན་བསྒྲོན་པ་སོགས་སྤྱི་ཚོགས་ཀྱིས་གདེང་འཇོག་གང་འཚམ་ཐོབ་པའི་ཕྱི་དངོས་པོའི་མཆོད་འབུལ་ཞིག་གསོ་སོགས་ཀྱང་སྐབས་དེའི་དགེ་བཤེས་གཞན་པ་ཚོ་དང་བསྡུར་ན་ལོ་རྒྱུས་ནང་འབྲི་ཆོག་པ་དེ་འདྲ་མང་པོ་ཞིག་བསྒྲུབས་འདུག
འོ་ན་ཁོང་ག་དུས་ཤིག་ལ་རྒྱལ་བ་གཉིས་པ་དང་འཇམ་མགོན་བླ་མར་གྱུར་པ་རེད་ཅེ་ན། དེ་ནི་ཁོང་གི་སློབ་མའི་གཙོ་བོ་རྒྱལ་ཚབ་མཁས་གྲུབ་གཉིས་དང་བྱམས་ཆེན་ཆོས་རྗེ། ཞང་ཞུང་ཆོས་དབང་གྲགས་པ་དང་དགེ་འདུན་གྲུབ། ཤེས་རབ་སེང་གེ་སོགས་ཀྱིས་བརྩམས་ཆོས་སྤེལ་དུས་དེ་ལྟར་མཚན་བསྟོད་ལན་མང་བྱས་པའི་འབྲས་བུར་རིམ་བཞིན། སྐབས་དེ་དང་དེའི་རྗེས་སུ་སྤྱི་ཚོགས་ཁྲོད་དུ་འབོད་སྲོལ་དེ་ལྟར་ཁྱབ་བརྡལ་དུ་ཕྱིན་པ་རེད། དཔེར་ན་ཁོང་དང་ཁོང་གི་སློབ་མ་ཚོས་བཏབ་པའི་དགེ་འབྲས་སེ་གསུམ་དང་བཀྲ་ཤིས་ལྷུན་པོ་སོགས་དགོན་ཆེན་དེ་དག་ས་ཆ་གནད་འགག་ཅན་དེ་འདྲར་ཆགས་ཡོད་པས། དགེ་བཤེས་བློ་བཟང་གྲགས་པའི་མཚན་སྙན་སྤེལ་བ་ལ་ཡང་ཕྱི་ནང་གི་ཆ་རྐྱེན་ཚད་མཐོན་པོ་དེ་འདྲ་རང་ཤུགས་ཀྱིས་གྲུབ་འདུག དེང་སྐབས་ཀྱི་ཁོ་བོ་ནི་དགེ་བཤེས་བློ་བཟང་གྲགས་པའི་ཐང་ཀ་དང་འབག་སྐུ་གསེར་དངུལ་དར་གོས་ཆེན་ག་འདྲ་ཞིག་གིས་རྒྱུ་ཆ་བྱས་ནས་བསྐྲུན་པ་ཞིག་མཐོང་ན་ཡང་། སྔོན་ཆད་ཀྱི་ལྷ་འམ་སངས་རྒྱས་འཇམ་མགོན་རྒྱལ་བ་གཉིས་པ་ཞེས་པའི་ཆེ་ཆེ་རྫིག་རྫིག་དེ་འདྲ་ཞིག་གཏན་ནས་ཡིད་ངོར་མི་འཆར་བར། དེ་ལས་ལྡོག་སྟེ་ཨ་མདོའི་གྲྭ་རྐྱང་དགེ་བཤེས་བློ་བཟང་གྲགས་པ་ཞེས་པའི་བླ་མ་བཟང་པོ། མཁས་པ་ཡག་པོ། ཉམས་ལེན་པ་ཚད་ལྡན། བཙུན་པ་སྡོམ་ལྡན་ཙམ་ཞིག་དུས་རྟག་ཏུ་ཡིད་ངོར་འཆར་བཞིན་ཡོད་དོ།།
* གོང་གི་གྲྭ་པ་ཆུང་ཆུང་གི་འདྲ་པར་དེ་ནི་དགེ་བཤེས་བློ་བཟང་གྲགས་པས་བྱ་ཁྱུང་དགེ་བཤེས་དོན་གྲུབ་རིན་ཆེན་གྱི་དྲུང་དུ་སློབ་གཉེར་བྱེད་སྐབས་ཀྱི་རྣམ་པར་རྗེས་དྲན་གྱི་ཚབ་ཡིན།
ཤིན་ཏུ་ལེགས་ ང་འདྲ བའི་མི་ལ་གསལ་བཤད་ཡག་པོ་ཞིག་གནང་འདུག་ བཀྲིན་ཆེ།
བཀྲིན་ཆེ། ངོ་མ་སྙན་མོ་བྲིས་འདུག་ཚར་གསུམ་བཀླགས་པས་གོ་བསྐྱེད་འཕེལ།
དགེ་བའི་བཤེས་གཉེན་བློ་བཟང་གྲགས། །
རྒྱལ་དབང་ཤྰཀ྄་ཐུབ་གདུང་ཚབ་རྗེ། །
འཇམ་མགོན་བླ་མ་ཙོང་ཁ་པ། །
རྗེ་བདག་ཉིད་ཆེན་པོ་འཇམ་དབྱངས་དངོས། །
མཆོག་དང་ཐུན་མོང་དངོས་གྲུབ་སྩོལད། །
བོད་ཡུལ་དུ་འཁྲུངས་པའི་བླ་ཆེན་ཚོ་ལྷའི་གྲལ་དུ་བཞག་ན་ཅུང་མ་བདེ་བར་ཡོད་དམ། དེ་མིན་རྒྱ་གར་ནས་འཁྲུངས་པའི་བླ་ཆེན་ཚོ་ལྷའི་གྲལ་དུ་ལོ་ངོ་སྟོང་ཕྲག་སྔོན་ནས་ཚུད་ཡོད་པ་རེད། སྐྱབས་སུ་མཆི། གང་ལའང་དག་སྣང་སྦྱང་ན་ལེགས་པར་མངོན། །
ཀླུ་སྨྱོན་དང་པོ་དགེ་ལུགས་ནང་ལ་ལྟོ་ཟ་དུས་འཇམ་དབྱངས་མི་ཡི་རྣམ་རོལ་རྗེ་རྒྱལ་བ་གཉིས་པ་ཟེར་དུས་མི་ཞིག་ཡིན་པའི་སྣང་བ་འཆར་ཡོད་མ་རེད། ཕྱིས་སུ་ཁོང་གི་རྣམ་དཔྱོད་རྒྱས་ཤིང་ནུབ་ཕྱོགས་སུ་རྫོགས་ཆེན་གྱི་རྟོགས་པ་སྐྱེ་བ་དང་དེང་རབས་ཀྱི་ལྟ་བ་ཡར་ཐོན་ཅན་ཆགས་དུས་ཨ་མདོ་ཞི་ལུ་ཞིག་དབུས་ལ་སོང་ནས་སློབ་སྦྱོང་བྱས་ཏེ་མཁས་པ་ཆགས་པའི་དགེ་བཤེས་བློ་བཟང་གྲགས་པ་ཟེར་བའི་བླ་རྒན་ཞིག་ཡིན་པ་གཞི་ནས་ཧ་གོ་བ་རེད་འདུག དངོས་གནས་བདེན་པ་རང་རེད། ང་ཚོ་ཚང་མའི་སློབ་སྦྱོང་གང་འཚམ་བྱས། ལྷག་པར་དེང་རབས་ཀྱི་ལྟ་བ་ཅུང་གོ་རྟོགས་མཐོ་པོ་ཆགས་དུས་སྔར་གྱི་སེམས་ནང་གི་བག་ཆགས་མང་པོ་ཡལ་འགྲོ་གིན་འདུག དཔེར་ན་སློབ་དཔོན་རིན་པོ་ཆེ་ཟེར་ན་མི་ཞིག་ཡིན་པའི་སྣང་བ་སུ་ལ་ཡང་ཤར་མྱོང་ཡོད་མ་རེད། ད་ཧ་གོ་དུས་་་རྒྱ་གར་བྱང་ཕྱོགས་ཀྱི་པན་ཇབ་རྒྱ་བོ་ཞིག་མོ་གྱོད་ཀྱི་རྐྱེན་པས་བོད་ལ་བྲོས་བྱོལ་ཡོང་བའི་རྒྱ་གར་བ་ཞིག་རེད་འདུག བྱས་ཙང་། ཧ་ཧ་ཧ། དེ་འདྲ་མང་གི སྐུ་རྩེད་ཡིན་དྭ།་
ཐ་མལ་ཚུལ་གྱིས་སློབ་གཉེར་བྱས། །
མཁས་དབང་ཐོན་ནས་ཉམས་ཞིབ་མཛད། །
བྱ་བྲལ་ཕེབས་ནས་ཉམས་ལེན་མཛད། །
བསྟན་པ་རྒྱས་ཕྱིར་དགུ་གཉིས་བརྩམས། །
ཁམས་གསུམ་ཆོས་རྒྱལ་ཁྱོད་ཉིད་ཙམ། །
བདག་ཀྱང་རྗེས་སུ་བཟུང་དུ་གསོལ། །
དམིགས་མེད་བརྩེ་བས་སློབ་མ་བསྐྱངས། །
དྲི་མེད་མཁྱེན་པས་བཅོ་བརྒྱད་བརྩམས། །
གངས་ཅན་མཁས་པའི་གཙུག་རྒྱན་ལ། །
གསོལ་བ་འདེབས་སོ་བྱིན་གྱིས་རློབས། །
ངོ་མ་རེད་ལགས། ང་ཚོས་སྔོན་བྱོན་གྱི་སྐྱེས་བུ་དམ་པ་ཚོར་འདི་ལྟར་བལྟས་ན་ད་གཟོད་ཡོན་ཏན་མང་པོ་མཐོང་བྱུང་ཐུབ་ཅིང་། ལོ་རྒྱུས་དངོས་བྱུང་གི་བདེན་པ་ཞིག་ཀྱང་རྙེད་ཐུབ།
ད་ཡང་ཕྱོགས་རིས་མཁན་པོ་ཚོས་དཀྲུག་ཡོང་གི་འདུག་ད།
དགེ་བའི་བཤེས་གཉེན་བློ་བཟང་གྲགས། །
རྒྱལ་དབང་ཤྰཀ྄་ཐུབ་གདུང་ཚབ་རྗེ། །
འཇམ་མགོན་བླ་མ་ཙོང་ཁ་པ། །
བདག་ཉིད་ཆེན་པོ་འཇམ་དབྱངས་དངོས། །
མཆོག་དང་ཐུན་མོང་དངོས་གྲུབ་སྩོལད། །
རྗེ་བླ་མར་བསྟོད་ཞོར་དྲ་འབུའི་བླ་བཙག་གིན་འདུག དྲ་འབུར་ཞེ་སྡང་རྡོ་རུས་ཐུག་པ་ཞིག་ཡོད་ས་རེད། ཨ་ལགས་དག་སྣང་སྒོམ་དགོས་ཡ། དྲ་འབུ་ཞེས་བ་དེ་རྗེ་བླ་མའི་སྐབས་སུའང་ཡོད་ན་ཐང་། གཞུང་ཆེན་མོ་དེ་དག་དེང་སང་ཁྲིམས་གཞུང་ཆེན་པོ་དང་འདྲ་བོ་འདུག ཁྲིམས་རྩོད་པས་བརྟག་སེལ་གཏོང་དུས་ཀྱང་ཁྲིམས་གཞུང་དེ་དག་བློ་ལ་ཤུར་ཤུར་དུ་འགྲོ་བཞིན་གཏོང་གིན་ཡོད་པས་ཡ་མཚར་བའི་གནས་ཤིག་མ་རེད། གང་ལྟར་དགེ་བཤེས་བློ་བཟང་གྲགས་པའི་འཁྲུངས་སྐར་དུས་ཆེན་ལ་ཨེ་མ་ཧོ་ལན་མང་ཞུ།
རྗེ་ཙོང་ཁ་པས་བོད་ཀྱི་སྤྱི་ཚོགས་ལ་བྱས་རྗེས་གང་བཞག་ཡོད་གསལ་ཁ་ཅན་ཞིག་འབྲི་ཐུབ་ན་བཟང་གི། ངས་བསམ་ན་བྱས་རྗེས་དམིགས་བསལ་དེ་ཙམ་བཞག་མི་འདུག་བསམ་གི། བླ་མ་དེ་འདྲ་མང་པོ་རེད། རྒྱལ་དབང་ལྔ་པའི་དུས་ཙམ་ནས་བཟུང་སྟེ་དགེ་ལུགས་པའི་མངའ་ཐང་ལ་འགྲན་ཟླ་མེད་པར་གྱུར་སྟབས་ལྔ་མཆོད་ལྟ་བུ་ཡང་གཞུང་འབྲེལ་མཛད་སྒོ་དང་དུས་ཆེན་ལ་བསྒྱུར་བ་རེད། དེང་སང་དྲ་སྟེང་ན་ལྔ་མཆོད་ཟེར་ནས་ཟུར་ལངས་འདུག་མཁན་དེ་ཚོ་ལས་ལྷག་པའི་དྲ་འབུའི་མཚན་གཞི་ཞིག་བཞག་རྒྱུ་མི་འདུག་བསམ་གི།
ལྷས་བྱིན་གྱིས་བཅོམ་ལྡན་འདས་ལ་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུའི་སྤྲས་པའི་རང་བཞིན་དུ་མི་མཐོང་བར་སྐྱོན་གྱི་གོང་བུ་དང་མི་སྡུག་པའི་རང་བཞིན་མཐོང་བ་བཞིན། དགེ་ལུགས་པའི་ནང་དུ་ཡང་གུ་རུའི་ཡོན་ཏན་དང་བཀའ་དྲིན་ལ་ལོག་པར་བལྟ་མཁན་ཡོོད་རེད་ཅེས་ཐོས་མྱོང་ཀྱང་ད་རེ་འགའ་ཞིག་ནས་གཞི་མེད་སྐྱོན་བརྗོད་བྱེད་སྟངས་ལ་བལྟས་དུས་བདེན་པའི་ར་སྤྲོད་བྱས་འདུག། ༧གོང་ས་མཆོག་ནས་གུ་རུ་རིན་པོ་ཆེ་ལ་ཡང་ཡང་སློབ་དཔོན་བཀའ་དྲིན་ཅན་ཞེས་གསུང་ཀྱང་རྟག་པར་༧གོང་ས་མཆོག་ཁ་ལ་འཁྱེར་ནས་དྲྭ་རྒྱ་ནང་དུ་ངར་ངར་ཤོར་ཤོར་བྱེད་མཁན་ཚོ་ཁོང་གི་བཀའ་ལ་བརྩི་མི་དགོས་དོན་ཅི་ཡིན། སྟངས་འཛིན་ཞིབ་མོར་བྱས་ན་དོལ་རྒྱལ་ཚོགས་པ་དང་ཁྱོད་ཚོ་རིགས་གཉིས་ལ་ཁྱད་པར་གང་ཡང་མེད་སྟེ། བཀའ་ལ་མི་བརྩི་བ་གཅིག་པ་ཡིན་པའི་ཕྱིར།
བཀྲ་ཤིས་ལགས་ཀྱིས་གསུངས་པ་ལྟར་བདེན་པ་འདྲ་བོ་སྣང་། ང་ཚོས་ཆོས་རྗེ་ཙོང་ཁ་པ་ཆེན་པོ་ལ་དད་འདུན་ལྟར། དགེ་ལྡན་ཕྱོགས་ལ་ཕལ་ཆེར་གུ་རུ་ལ་དད་འདུན་དེ་ཙམ་མེད་པ་འདྲ་ཚོར་སོང་། ཡིན་ན་རྒྱལ་འགོང་ཤུག་ལྡན་མི་རྟེན་ནའང་གུ་རུ་ལ་བལྟ་སྟངས་གཅིག་པ་བཟོ་འདྲ་འདུག ཡིན་ནའང་བོད་མགོ་ནག་ཡོངས་ལ་ལས་དབང་འདི་འདྲ་སྨིན་བཞིན་པ་རེད། དེ་ལ་ཧང་སང་དགོས་ཡག་དང་བློ་ཕམ་དགོས་ཡག་མི་འདུག དེ་ལས་གུ་རུ་ལ་དད་འདུན་པ་ཡོངས་བས་འབྲུག་ཆོས་གུ་རུ་ཞིང་ཁམས་དེར་ཉམས་ཆགས་མི་འགྲོ་བ་ཐབས་ལམ་ཡག་ཤོས་ཚོར་བསྡད་ཀྱིས་ཡོད། བོད་དུ་སྔོན་དུས་རྙིང་མའི་བླ་མ་མང་པོ་བཀྲོངས་ཡོད་པས། རྒྱུ་མཚན་གུ་རུ་ལ་མ་དད་པ་དང་རྗེས་སུ་མི་འཛིན་པ་ཡིན་གཤིས་གནས་སྟངས་དེ་ཆགས་ཡོད། ད་དུང་ཡིན་ནའང་དེ་དང་དེ་འདྲ་བར་ཡོང་སྣང་མི་སྲིད་པ་རེད་མི་འདུག
བཀྲིས་ལགས། དེ་འདྲ་གུ་དོག་པོ་མ་གནང་རོགས། གལ་ཏེ་ངའི་ཆན་དེར་ལབ་ཀྱིན་ཡོད་ན་སྐུ་རྩེད་ཡིན་ཅེས་ཞུས་མི་འདུག་གམ། ཀླུ་སྨྱོན་གྱི་རྩོམ་དེར་རྩེད་མཚར་གྱི་བྲིས་པ་ཡིན། ཁ་སྡིག་བསགས་ཡོད་ན་འཐོལ་ལོ་བཤགས། ང་ནི་སློབ་དཔོན་རིན་པོ་ཆེ་ལ་དད་པ་རྣམ་དག་ཡོད་པ་མ་ཟད་ཉིན་རེའི་མཚན་སྔགས་ཕྲེང་སྐོར་རེ་འདོན་མཁན་ཞིག་ཡིན། གསར་བཤད་ཞུ་ཡ་ལ་དགེ་ལུགས་པའི་ནང་དུ་སློབ་དཔོན་ལ་སྐྱོན་བརྗོད་བྱེད་མཁན་ཡོད་རེད་ཟེར་བ་ནི་བསྐུལ་བདེམས་ཡིན། དོལ་ཚོགས་ནང་དུ་ཡོད་རུང་དོལ་ཚོགས་ནི་དགེ་ལུགས་པ་མིན།
ཇོ་བོའི་ལམ་རིམ་སྒྲོན་མ་ལ། །
ལམ་རིམ་ཆེ་འབྲིང་བསྡུས་པ་ཡིས། །
འགྲེལ་མཛད་ཤིང་རྟ་སྲོལ་འབྱེད་ལ། །
གསོལ་བ་འདེབས་སོ་བྱིན་གྱིས་རློབས། །
ཀླུ་སྨྱོན་མཆོག་གིས་རྣམ་དཔྱོད་རྩལ་ཏུ་བཏོན་ནས། དགེ་བཤེས་བློ་བཟང་གྲགས་པ་འཇམ་མགོན་གྱི་རྣམ་སྤྲུལ་མིན་པ་གྲུབ་པ་དེར་ཡི་རངས་ཡོད། འོན་ཀྱང་། ངེད་ཚོ་ས་སྐྱ་ཚོས་འཇམ་མགོན་ས་པཎ་ནི་རྒྱལ་བའི་ལུང་གི་ཟིན་པའི་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་སྤྲུལ་ཡིན་པར་ཐེ་ཚོམ་མེད། ཀླུ་སྨྱོན་གྱིས་ཕྱི་སྙིང་མ་ནང་དགེ་ལུགས་ཀྱི་ནད་སྙིང་དེ་འཁུར་ནས། ཕྱི་ལ་ཙོང་ཁ་པ་ལ་དགེ་བཤེས་ཉམས་ཆུང་ཞིག་གི་རྣམ་པར་བསྟོད་ཚུལ་བྱས་ནས་ནང་ལ་གཙོ་བོ་འཇམ་མགོན་ཀློང་ཆེན་དང་ས་པཎ་སོགས་རྒྱལ་བའི་ལུང་གིས་འཛིན་པའི་སྐྱེ་ཆེན་དམ་པ་དེ་ཚོ་ལས་ཉོན་འོག་གིས་ས་སྟེང་འདི་ལ་སྐྱེས། རྗེས་མ་ས་སྙིང་ཕྱོགས་ཀྱིས་མི་དེ་ཚོས་འཇམ་དབྱངས་ལ་བསྒྲུབས་བཞག་ཟེར་བའི་ཟུར་ཟའི་སྐད་ཆ་ཞིག་གི་གོ་བ་བསྟེར་བྱུང་། ང་ཚོ་ས་སྐྱ་བ་ཚོར་ད་རེབ་ཀྱི་རྩོམ་འདིས་གོ་བརྡ་གཅིག་ཁོ་ན་སྤྲོད་པ་ནི། ས་སྐྱའི་རྗེས་བྲངས་ཀུན་གྱིས་འཇམ་དབྱངས་ཀྱི་རྣམ་སྤྲུལ་ལ་བཀུར་བའི་ས་པཎ་མཆོག་དེ་མི་ཕལ་པ། ཁྱི་ལ་སེང་གེའི་མིང་བཏགས་བཞག་ཟེར་བ་ཁོ་ན་གོ་བའོ།
ཀླུ་སྨྱོན་མཆོག་ད་ཆ་ས་སྐྱའི་བདག་ཁྲི་རིན་པོ་ཆེའི་བཀའ་དྲིན་ལས། གནས་ཚང་དང་ཟ་མ། ད་དུང་སྨན་བཅོས་རིན་པ་བཅས་ཚང་མ་ཨ་རིའི་ས་སྐྱའི་དགོན་པ་ནས་རིན་མེད་ལ་རགས་པའི་སྐབས་ལ། བཀའ་དྲིན་ལ་བསམ་ཤེས་ཀྱིས་འཇམ་མགོན་ས་པཎ་སོགས་ལ་མཐོང་ཆུང་མ་བྱས་ན་ལེགས།
ཁོང་སྔོན་མ་བོད་ལ་དགེ་ལུགས་པའི་བླ་མ་མང་པོས་མགོ་སྐྱབས་འགྲོ་ནས་མཇུག་སྟོང་ཉིད་ལྟ་བ་བར་ལ་བཀའ་དྲིན་བསྐྱངས་བ་གོ་བྱུང་བས། ཁོང་ཚོར་དྲིན་ལན་ལོག་འཇལ་བྱེད་མི་སྲིད། ང་ཚོ་ས་སྐྱའི་ལམ་འབྲས་གཞུང་ལ་རྡོ་རྗེའི་ཚིག་རྐང་གཅིག་སྟོན་མཁན་གྱི་བླ་མ་ལ་སངས་རྒྱས་ཀྱི་འདུས་ཤེས་འཇོག་གི་ཡོད།
དེང་སང་དགེ་ལུགས་པ་ཚོས་རང་གི་བླ་མར་དགྲ་ལྟར་བརྙས་བཅོས་བྱེད་པ་འདི་རྒྱུན་གཏན་རེད་འདུག། ལྟོས་དང་ཤུགས་ལྡན་གྱི་ངོ་རྒོལ་བ་ཚོ་དང་ད་ལྟ་ཀླུ་སྨྱོན་ཁྱེད་ལྟ་བུ།
འོན་ཀྱང་ད་རེབ་ཀྱི་རྩོམ་འདིའི་གོ་རྒྱུ་གཙོ་བོ་སྙིང་མ་དང་ས་སྐྱར་འཁོར་བཞིན་འདུག
ས་པཎ་སོགས་འཇམ་མགོན་གྱི་རྣམ་སྤྲུལ་ལ་ཁས་མི་ལེན་པར། ཀླུ་སྨྱོན་ཁྱེད་རང་སྙིང་མའི་བླ་མ་ཞིག་གི་ཡང་སྲིད་ཡིན་པར་རློམ་པ་ནི་གོད་བྲོ་བའི་བྱ་བ་མ་རེད་པས། འཇམ་མགོན་རྣམ་གསུམ་མི་ཕལ་པར་རྩིས། ཁྱེད་དོ་དོ་བླ་མའི་ཡང་སྲིད་ཡིན་ཟེར་ནས་ས་སྒྲོག་གནམ་སྒྲོག་བྱས། ད་ས་པཎ་སོགས་འཇམ་དབྱངས་ཀྱི་རྣམ་སྤྲུལ་མ་རེད་ཟེར་དུས་ཀློག་པ་པོ་ལ་ཚོར་བ་ཤོད་མི་ཤེས་པ་ཞིག་སྤྲོད་དོ།
ཧ་ཧ་ འུ་ཚང་གིས་ཅི་ཞིག་བཤད་ན་དྲ་འབུ་དག་གི་ཁ་སྒོ་ནས་ནང་འཁྲུག་ཅིག་ཏུ་བསྒྱུར་འགྲོ་བ་འདི་བོད་པའི་ཡོན་ཏན་རེད། དགེ་མཚན་རེད། ཁ་གཉེན་བསྐོར་ན་དུག་ཚེར་ལོ་མ་ལས་རྩུབ། ཕྱི་དགྲ་ལ་བསྐོར་དར་དཀར་ནང་མཛོད་ལས་འཇམ། རེད། མུ་མཐུད་དུ་རྩོད་ལྟད་མོ་འདུག