སྤོབས་པ་མཐའ་ཡས།
དགེ་བསྐོས་བཙན་པོ་དང་ཀླུ་སྨྱོན་ཧེ་རུ་ཀ། སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་ནི་བདུན་ཕྲག་ནས་བདུན་ཕྲག་མཐུད་དེ་དྲྭ་སྟེགས་འདིའི་སྟེང་དུ་གླེང་གཞི་ཞིག་ཏུ་གྱུར་སོང་བས་ད་ནི་དེའི་སྐོར་གླེང་ན་མང་པོ་ཞིག་སུན་ངེས་ཡིན། སུན་མཁན་ཚོས་འདི་ནས་མ་ཀློག་ན་ཡང་ཆོག ངས་ཉེ་སྔོན་ཀླུ་སྨྱོན་ཧེ་རུ་ཀས་དེབ་གསར་ཞིག་དཔར་འགྲེམ་བྱེད་བཞིན་ཡོད་སྐོར་དང་དེབ་དེ་ནི་རང་རེའི་སྤྱི་ཚོགས་ལ་དུས་བབ་གནད་སྨིན་གྱི་དགོས་མཁོ་ཞིག་ཏུ་གྱུར་ཡོད་སྐོར་ངོ་སྤྲོད་ཅིག་བྱས་པ་ཡིན། འོན་ཀྱང་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་བཞིན་རང་གིས་གང་བཤད་པ་དེ་གཞན་ལ་གོ་བརྡ་གསལ་ཐག་ཆོད་ཅིག་འཕྲོད་པའི་རེ་བས་ཡང་དང་བསྐྱར་དུ་བརྗོད་པར་ལ་ལ་ཞིག་གིས་བཀའ་བཀྱོན་ཡང་གནང་བྱུང་།
ང་ལ་མཚོན་ན་སྔོན་བརྗོད་པ་བཞིན་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོན་ནི་རྩོམ་པ་པོ་གྲགས་ཅན་ཞིག་དང་། མཚན་མཐོང་ཆེ་བའི་སྤྲུལ་སྐུ་ཞིག་དུ་ངོས་བཟུང་ཡང་གྲྭ་རྐྱང་དཀྱུས་མའི་གོ་ས་ཁོ་ནར་དགྱེས་པ། གུ་ཡངས་རང་དབང་གི་ཡུལ་སྐོར་བ་ཞིག་ཡིན་པའི་སྐོར་མང་དུ་ཐོས་མྱོང་ཡོད་སྟབས་ཡིད་སྨོན་དང་དགའ་གུས་ཆེན་པོ་ཡོད། ལྷག་པར་ཡང་ང་ལ་མཚོན་ན་ཁོང་གི་རྩོམ་ཡིག་སྤྱི་དང་ལྷག་པར་ཁོང་གི་སྙན་ངག་ཀློག་པར་ཧ་ཅང་དགའ། དེ་ནི་ཁོང་ནི་ངག་སྒོ་ཧ་ཅང་ཡངས་པོ་དང་། ཆོས་སྲིད་གནའ་དེང་གི་རིག་གནས་གང་ལས་གླེངས་ཀྱང་མཁྱེན་རྒྱ་ཆེ་བས་ཁོང་གིས་བྲིས་པའི་སྙན་ངག་དག་ཚིག་གི་སྙན་ཆ་ཙམ་དུ་མ་ཟད་པར་དོན་ཟབ་མོ་བརྗོད་ཀྱིན་འདུག་པས་ཀྱང་ཡིན། ཁོང་ནི་རང་རེའི་སྲོལ་རྒྱུན་གྱི་རྩོམ་དང་། རང་མོས་སྙན་ངག གཞས་ཚིག་སོགས་གང་ཞིག་བྲིས་ཀྱང་ཁ་གསལ་བ། གཏིང་ཟབ་པ། ཚིག་སྙན་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་ཕྱོགས་རེ་བའི་མིག་ཅན་དག་དང་མི་མཚུངས། ལྕང་མ་སྐྱེ་ལུགས་ཇི་ལྟར་དྲང་ཡང་ཡོ་ཕྱོགས་ཆུ་ཞེས་པ་བཞིན་རང་རེའི་ཆོས་ལུགས་པའི་རྩོམ་པ་པོ་ཕལ་མོ་ཆེར་ཆོས་ལུགས་ཕྱོགས་ཞེན་གྱི་ན་ཚས་མ་གོས་པ་ཧ་ཅང་དཀོན། དེ་ནི་རང་རེའི་སྤྱི་ཚོགས་འདི་རྒུད་པའི་རྩ་བ་གཅིག་ཏུ་ཡང་གྱུར་ཡོད་སྟབས་ད་ནི་དེ་ལྟ་བུའི་ཉེས་དམིགས་མཐོང་བར་འོས་ཀྱང་རང་རེའི་རྩོམ་པ་པོ་ཕལ་མོ་ཆེར་ད་དུང་ནད་གཞི་དེ་སངས་ཡོད་པ་ཆེར་ཉུང་ཡང་ཀླུ་སྨྱོན་ཧེ་རུ་ཀའི་བརྩམས་ཆོས་གང་ཞིག་ཡིན་ཡང་གངས་རིའི་ལྗོངས་ཀྱི་ཆོས་རྒྱུད་མཐའ་དག་གི་གཞུང་ལུགས་གང་ནས་གླེང་ཡང་ཤེས་ནས་ཐོབ་པའི་དད་པ་དང་དག་སྣང་གིས་ཁེངས་པ་ཁོ་ན་ལས་ཕྱོགས་དང་རིས་སུ་ཆད་པའི་འཐེན་འཁྱེར་གྱི་ཚིག་ཟུར་ཙམ་ཡང་མི་མངའ། སྤྱིར་བཏང་ཁོང་གིས་རྩོམ་ཡིག་དག་ལ་ཚིག་དོན་གང་ཐད་ནས་གསར་བཏོད་ཀྱི་རྣམ་པ་ཞིག་ཀྱང་རྒྱུན་དུ་མཐོང་རྒྱུ་ཡོད།
དེ་མིན་ཆོས་ཕྱོགས་ནས་དད་པ་དང་དད་ལོག འཇིག་རྟེན་ཕྱོགས་ནས་གྲོགས་དང་དགྲ་བོའི་འབྲེལ་བ་གང་ཡང་མེད། སྤྱིར་བཏང་ངའི་སེམས་ལ་སྐྱོ་སྣང་གྲང་ཤུར་ཤུར་ཞིག་སླེབས་དོན་ནི་ཉེ་སྔོན་ཀླུ་སྨྱོན་ཧེ་རུ་ཀའི་སྐོར་ལས་གླེང་མོལ་བྱེད་སྐབས་ལ་ལས་དགོན་པ་ལ་ཁྲིམས་དགོས་པ་སོགས་བཤད་ནས་ཁ་འགོག་ཐབས་བྱེད། དགོན་པ་ཁྲིམས་ལོས་དགོས། ཡིན་ན་ཡང་སངས་རྒྱས་ཀྱི་ཆོས་དང་མི་མཐུན་པའི་ཁྲིམས་ཞིག་དགོན་པས་ལག་ལེན་དུ་འདེབས་རུང་ངམ། ཆོས་དང་མཐུན་ན་མཐུན་པའི་སྒྲུབ་བྱེད་ཁྱེར་ཤོག ལ་ལས་འདི་ངའི་དགའ་ཕྱོགས་དང་མཐུན་གྱི་མི་འདུག་དེའི་ཕྱིར་མང་པོ་མ་གླེང་ཟེར། ངས་བོད་ཀྱི་སེར་མོ་བའི་མང་ཚོགས་ལ་གང་མཁོ་གླེང་བ་ལས་ཁྱོད་ཁོ་ན་ལ་མ་འཕྲོད་པ་ཙམ་གྱི་མཚམས་འཇོག་བྱ་ག་ལ་བཏུབ། ལ་ལས་གྲྭ་བ་ལ་དགོས་པ་ལས་ང་ཚོ་མི་སྐྱ་ལ་མི་མཁོ་བས་མཚམས་ཞོག་ཟེར། བོད་ལ་སེར་མོ་འབུམ་ཕྲག་མང་པོ་ཡོད་སྟབས་གྲྭ་བ་ལ་དགོས་པ་ཞིག་ཡིན་ན་དེ་གླེང་དགོས་དང་དགོས། ལ་ལས་ཀླུ་སྨྱོན་སྤྲུལ་སྐུ་བཟོས་པས་མི་འགྲིགས་ཟེར། གསེར་བུམ་དཀྲུག་པ་སོགས་ཀྱིས་བཟོས་པ་མ་ཡིན་པའི་སྤྲུལ་སྐུ་ཞེས་ཐོད་པ་ལ་ཡི་གེ་དོད་ཡོད་པ་ཞིག་ནི་སུ་ཡང་མི་སྣང་། ཁུངས་སྐྱེལ་དགོས་ཟེར་ན་མཐོ་དམན་ཚང་མ་མཉམ། གང་གིས་ཕྱིར་ལ་ལ་ལ་ངོ་སྲུང་དང་ལ་ལ་ལ་སྐྱོན་འདོགས་བྱེད། ལ་ལས་སེར་མོའི་སྤྱི་ཚོགས་ཀྱི་སྐྱོན་དེ་ཚོ་སྐྱ་བོ་བའི་སྤྱི་ཚོགས་ལ་བསྒྲགས་ནས་ཅི་བྱེད་ཟེར། སྐྱོན་ནི་སྐྱོན་ཡིན་སྟབས་གང་ན་ཡོད་ཀྱང་འདོན་རྒྱུ་ལས་སྐྱག་པ་ཁྱིམ་ཕུག་ཏུ་སྦས་ན་དྲི་ངན་ཇེ་བྲོ་ལས་མེད། མདོར་ན་ཁྱོད་ཚོས་ཀླུ་སྨྱོན་དང་ཀླུ་སྨྱོན་གྱི་དགེ་བསྐོས་བཙན་པོ་ལ་སྐྱོན་གང་བརྗོད་ཐམས་ཅད་ལ་རྒྱུ་མཚན་ཡང་དག་དང་མི་གཤིས་དྲང་པོའི་སྐད་ཆ་བཤད་པ་ཕལ་ཆེར་གཅིག་ཀྱང་མཐོང་མ་བྱུང་། ལ་ལ་ཞིག་ཞིག་བརྗོད་རྒྱུས་ཕོངས་ནས་ད་དགེ་བསྐོས་བཙན་པོའི་སྐོར་གླེང་མ་ཡོང་རོགས་ཟེར། ལ་ལས་དགེ་བསྐོས་བཙན་པོ་ཟེར་བའི་དེབ་དེ་ཀློག་རྒྱུ་མིན་ཟེར། ལ་ལས་སྐྱག་པ་ཟོ་ཟེར་བ་ལྟ་བུའི་ཚིག་ངན་ཡང་སྨྲ། རྒྱུ་མཚན་དང་མི་མཐུན་ན་འདི་དང་འདི་མཐུན་གྱི་མི་འདུག་ཟེར་ནས་རེ་རེ་བཞིན་ཤོད་ཤོག་དང་རིམ་པས་གླེང་མོལ་བྱེད་ཆོག
གླེང་གཞི་འདི་མགོ་འཛུགས་མཁན་ང་སྤོབས་པ་མཐའ་ཡས་ཡིན་སྟབས་ད་མཇུག་སྐྱེལ་བ་ལ་ཡང་སྤོབས་པ་མཐའ་ཡས་རང་གིས་སྐད་ཆ་རེ་ཟུང་ཞིག་མ་བཤད་ན་མ་འཐུས་པར་བསམས་ནས་འདི་བཤད་པ་ཡིན། དྲང་པོ་བཤད་ན་མི་མི་དགའ། །དབྱུག་པ་འཕྱར་ན་ཁྱི་མི་དགའ་ཞེས་དང་། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཟེར་བ་བཞིན་ཐུགས་ལ་གནོད་མཁན་ཡོད་ངེས་ཀྱང་བྱ་ཐབས་བྲལ།
ཡེ་ཤེས་དང་མཐའ་ཡས་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། དགེ་ཆོས་ནི་དེའི་གཉེན་ཆ༹༹ན་ཡིན། ཉམས་འཇོག་བྱས་དང་ཡེ་ཤེས་ལ་ད་དུང་མིང་མ་འདྲ་བ་ཁ་ཤས་ཡོད། ཡེ་ཤེས་ལག་དམ་པོ་ཡོད་པས་ཁོ་ག་ཆ༹༹ད་བཀྱགས་རུང་ཕན་ཐོགས་ཅིག་དཀའ་ཡ།
ང་ལ་རྒྱབ་སྐྱོར་དང་ཁ་རྡུང་གཏོང་མཁན་ཚང་མར་མཉམ་གཅིག་ཏུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་རྒྱབ་སྐྱོར་མེད་ན་ཁེར་རྐྱང་ཡིན་པ་དང་ཁ་རྡུང་མེད་ན་རང་སྐྱོན་མི་མཐོང་བས་སོ།། ད་གང་ལྟར་རང་རེའི་སྨྱུག་ཐོགས་པ་ཚང་མས་འཆི་ཁའི་ནད་པ་དང་རླུང་ཁའི་མར་མེ་ལྟ་བུའི་ཁ་བ་གངས་ཅན་པའི་ཆོས་སྲིད་ལུགས་གཉིས་ཀྱི་ཐད་དུ་མིག་རྒྱང་ཏོག་ཙམ་རྒྱང་རིང་དུ་བསྐྱེད་དེ་རྩོམ་ཡིག་རེ་འབྲི་རྒྱུ་དང་། མི་ཞིག་ང་ལ་དགའ་དང་མི་དགའ་དེ་ང་ལ་མཚོན་ན་གནས་ཚུལ་གསར་བ་ཅི་ཡང་མ་ཡིན་པར་རྙིང་ནས་རུལ་དྲི་ཁ་བའི་མི་ཚེའི་གྲུབ་ཆ་ཕལ་བའི་ནང་གི་ཕལ་བ་ཞིག་ཡིན་པ་དང་། ལྷག་པར་དུ་གོང་ས་མཆོག་གི་སྐུ་མདུན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཞུས་ནས་བཟུང་སྟེ་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བཅོས་མ་ཙམ་རེ་ཡང་རང་རྒྱུད་ལ་སྐྱེ་བའི་སྨོན་ལམ་ཉིན་དང་མཚན་མཐུད་ནས་འདེབ་མཁན་ཞིག་ཡིན་པས། “བདག་ལ་རྡེག་འཚོག་མཚང་འབྲུའི་སེམས་ཅན་རྣམས། ། མཐོང་ངམ་ཐོས་སམ་ཡིད་ལ་དྲན་པའི་ཚེ། །ཁོང་ཁྲོ་བྲལ་ཞིང་སླར་ཡང་དེ་དག་གི།ཡོན་ཏན་བརྗོད་ཅིང་བཟོད་པ་བསྒོམ་པར་ཤོག། ”
སྤྱིར་སོ་སོ་སྐྱེ་བོ་ང་འདྲ་ཞིག་ཡིན་ཕྱིན་མི་མང་གིས་ཤེས་དང་མ་ཤེས་ཙམ་གྱི་ཁྱད་པར་མ་གཏོགས་ཕྱི་ནང་གསང་བའི་རང་སྐྱོན་མཐའ་ཡས་པ་ཞིག་ཡོད་པ་ནི་རང་རེ་ནང་པ་སངས་རྒྱས་པའི་ཁས་ལེན་རེད། སྤྱིར་དགེ་བསྐོས་བཙན་པོ་འབྲི་དགོས་དོན་ནི། རང་རེ་བོད་ཀྱི་ནང་པའི་དགོན་པ་གྲྭ་ཚང་གི་ལམ་ལུགས་འདི་ཡིས་དུས་རབས་གསར་པའི་ནང་གི་ཆོས་ལུགས་གྲུབ་མཐའ་གཞན་གྱི་རྗེས་ཟིན་པའི་ཆེད་དུ་དང་། དྲག་རྡུང་ལམ་ལུགས་འདི་ནི་མདོ་རྒྱུད་བསྟན་བཅོས་དུ་མ་ནས་བཀག་འགོག་བྱས་ཡོད་པ་དེ་གསལ་སྟོན་བྱ་ཆེད་དང་། གྲྭ་པ་གྲངས་མེད་ཅིག་གི་ཚེ་སྲོག་སྐྱོབ་ཆེད་དང་དགེ་བསྐོས་རྫོགས་མེད་ཅིག་དམྱལ་བ་ལས་སྐྱོབ་ཆེད་ཡིན་པ་མ་གཏོགས། ང་རང་མི་སྒེར་གྱི་མི་ཚེའི་ནང་དགེ་བསྐོས་ཤིག་གི་མཐེབ་རྡོག་ཙམ་ཡང་རག་མ་མྱོང་མཁན་ཞིག་ཡིན། གང་ལྟར་ད་ལྟ་བར་དུ་དྲ་གྲོགས་མང་པོ་ཞིག་གིས་གནད་དོན་ཆེན་པོ་འདི་དང་ང་རང་མི་གྲལ་དུ་མི་ཚུད་པའི་མི་ཞིག་མཉམ་དུ་སྦྱར་ནས་གླེང་སློང་གནང་བ་རེད། གང་ལྟར་ཁ་ཆེ་དཔོན་པོ་མ་པུའུ་ཧྥང་གི་ལེགས་བཤད་ཅིག་གིས་མཇུག་བསྡུ་བ་སྟེ། “སེམས་ཁྲལ་མ་བྱེད། བོད་པའི་ནང་ནས་མགོ་འགྱོགས་མཁན་ཅི་ཙམ་ཞིག་བྱུང་ན་ཡང་བོད་པ་ཁོ་རང་ཚོས་ལམ་སེང་འཆི་ལམ་དུ་རྫོང་གི་རེད། “
ཀླུ་སྨྱོན་ལགས།
སྐྱོན་མི་འདུག ཡིན་ན་ཡང་། དེབ་ཐོན་གི་རེད་ཅེས་བསྒྲགས་པ་ཙམ་ལས། དེབ་དེ་ད་དུང་ཐོན་མེད་པ་འདྲ། དེབ་དེ་ཐོན་དུས་ང་ཚོས་ཀློག་གི་ཡིན། ངས་ཀློག་གི་ཡིན། དེ་ནས་བཟང་ངན་དགེ་སྐྱོན་གླེང་འཐུས་ལགས། ད་ལྟ་ཐུགས་ཕམ་གནང་དགོས་པ་མི་འདུག་ལ། ཐུགས་ཕམ་གནང་གི་མིན་གསུངས་དགོས་པ་ཡང་མི་འདུག ཡིན་ན་ཡང་། དྲ་གྲོགས་གཅིག་གིས་ཁྱེད་ཀྱིས་མིང་འདྲ་མིན་བྲིས་ནས་ཁྱེད་ཉིད་ཁྱབ་བསྒྲགས་བྱེད་ཀྱིན་འདུག་ཅེས་སྙོན་བཙུགས་སོང་། དེ་ལ་ཡིན་ན་ཡིན་དང་མིན་ན་མིན་ཞེས་ལན་ཞིག་གསུངས་རོགས།
དེ་ལ་ཁུངས་ལུང་མི་འདུག ང་འདྲ་བའི་མི་ཅོལ་ཆུང་དག་གིས་སོ་སོ་མི་ཞིག་ལ་དགའ་དུས་མི་དེ་ལྡབས་བརྒྱ་ཡིས་ཡར་འགྱོག་གི་རེད་ལ། མི་དགའ་དུས་ལམ་སེང་མི་དེ་ལྡབས་བརྒྱ་ཡིས་མར་གནོན་ཅི་ཐུབ་བྱེད་ཀྱི་རེད། གནད་འགག་ནི་ངའི་དེབ་དེས་གྲྭ་པའི་སྤྱི་ཚོགས་ལ་ཕན་ཐོགས་ཀྱི་རེད་དང་གནོད་སྐྱེལ་གྱི་རེད་ཅེས་པ་འདི་རེད།
དེབ་དེས་ཕན་གནོད་གང་ཡང་ཐོན་ཨེ་ཡོང་ངམ། གལ་ཏེ་ངོ་མའི་ཕན་ཐོགས་འདྲ་ལས་འདོད་པ་དངོས་གནས་ཡིན་ན་མ་རབས་དེའི་རིགས་ཁྲྲིམས་ལ་གཏུགས་ན་ཆོག་ཀ ང་ཆོ༹༹་རང་དབང་ལུང་བ་ན་ཁྲྲིམས་ཡོད་པ་རེད། དེའི་རིགས་ལ་རྣག་ཐོག་ཁབ་གཅ༹གས་བྱས་ན་གོ་ཆོད་ཆེ་བ་ཡོད་ལེ་རེད། ཨོ་་་་་་མཐའ་དོན་རེ་བ་ལ་བོད་ནང་ལ་རྒྱྒ་མིས་མི་བསོད་དྲག་གནོན་བྱས་པ་དེར་དེབ་ཅིག་འབྲྲི་རོགས།
དཀོན་མཆོག་ལགས། ང་ཚོ་དམངས་གཙོའི་ལུང་པ་ན་ཡོད་པ་ཙམ་གྱིས་ཕན་ཐོགས་ཁག་པོ་རེད། མང་ཚོགས་ལ་དམངས་གཙོའི་ཐོབ་ཐང་དང་དང་སྤྱིའི་ཁེ་ཕན་བསྲུངས་སྐྱོབ་བྱེད་པའི་གོ་རྟོགས་དགོས་ཀྱི་འདུག གཞུང་གི་ཁྲིམས་ཤིག་བཟོས་ཡོད་པས་ཀྱང་ལམ་སང་ཕན་ཐོགས་དཀའ་མོ་རེད། མང་ཚོགས་ལ་ཁྲིམས་ཐོག་གི་ཁེ་ཕན་སྲུང་སྐྱོབ་ཀྱི་ཤེས་རྟོགས་ཡོད་དགོས་འདུག ཁྱེད་ཀྱིས་གསུངས་པ་བཞིན་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོས་དེབ་ཅིག་བྲིས་མ་ཐག་ནས་ཕན་ཐོགས་དཀའ་མོ་རེད། གཙོ་བོ་རང་རེའི་མང་ཚོགས་ཁྲོད་ཀྱི་དེང་རབས་ཀྱི་ཤེས་ཡོན་ཅན་དང་དམངས་གཙོའི་ཁྲིམས་ལུགས་ཀྱི་ཤེས་ཡོན་ཅན་ཚོས་གནད་དོན་དེ་ལྟ་བུ་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་འདུག ཁྱབ་བསྒྲགས་བྱེད་དགོས་ཀྱི་འདུག རབ་ན་ཁྲིམས་ལ་གཏུག་མ་དགོས་པར་དགོན་པ་རང་གི་ངོས་ནས་མཚམས་འཇོག་ཤེས་པ་དང་། ཐ་ན་ཉེས་རྡུང་ཕོག་པའི་གྲྭ་བ་ཚོས་ཆོས་དང་མི་མཐུན་པའི་གནད་དོན་དེ་རིགས་ཁྲིམས་ལ་གཏུག་དགོས་ཀྱང་གཏུག་ཕོད་པའི་གོ་རྟོགས་བསྐྱེད་དགོས་པར་མཐོང་། ང་ཚོས་དེའི་སྐོར་མང་ཚོགས་ནང་དུ་ཁྱབ་བསྒྲགས་བྱ་ཐུབ་ན་གཙོ་བོ་བླ་ཆེན་དགེ་བཤེས་ཚོའི་སྙན་ཁུང་དུ་འཁྱོལ་ཐུབ་པ་དང་ཐུགས་རྒྱུད་སྐུལ་ཐུབ་རྒྱུ་རེད། མདོར་བསྡུས་ན་གནད་དོན་དེ་རིགས་ནི་མང་ཚོགས་ཀྱི་རྒྱུན་བག་ཆགས་འཐུག་པོའི་རྒྱབ་སྐྱོར་དང་བྲལ་ཉིན་ལྟག་ཆུ་ཆད་པའི་རྫིང་བཞིན་འགྱུར་རྒྱུ་ཡིན་སྟབས་གཙོ་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་རེད།
གོང་དུ་དཀོན་མཆོག་ལགས་ཀྱིས་བཤད་བ་ལྟར་ཀླུ་སྨྱོན་ནང་བཞིན་གྱི་མི་མཁྱེན་རྒྱ་ཡངས་མོ་ཚོས་རྒྱ་མིས་ང་ཚོ་བོད་པ་རྣམས་ལ་གསོད་རྡུང་དང་ངན་སྨྲས་བྱས་པའི་བྱ་སྤྱོད་ལ་ལན་འདེབས་གྱི་ཚུལ་དུ་དེབ་ཅིག་འདོན་ཐུབ་ན་ཅི་མ་རུང་།