རྒྱལ་བ་རིན་པོ་ཆེས་མཛད་པའི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་དུ་འཇིག་རྟེན་གྱི་སྔོན་གླེང་དུ་‘‘རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་ལོ་མང་ཕྱིན་པའི་རྗེས་སུ། དགེ་འདུན་ཆོས་འཕེལ་ ་གྱིས་༡༩༤༠ནང་ལ་བོད་ཀྱི་ནང་པའི་མཁས་པ་ཚོར་སྤྲིངས་པའི་འཕྲིན་ཡིག་ཁ་གསལ་ཞིག་ངའི་ལག་ཏུ་འབྱོར་བྱུང་། ཁོང་གི་སྐབས་དེར་བོད་ཀྱི་མཁས་པའི་ཁྲོད་ལེགས་སྦྱར་གྱི་སྐད་ཙམ་མ་ཡིན་པར་ཨིན་ཡིག་ཀྱང་ཤེས་པའི་མཁས་དབང་ཁྱད་པར་བ་ཞིག་རེད་’’1ཅེས་གསུངས་ཡོད། སྤྱིར་བཏང་བཤད་ན་ང་ཚོས་དགེ་འདུན་ཆོས་འཕེལ་(1903–1951)ལགས་ཀྱིས་ཨིན་ཡིག་མཁྱེན་པར་ངོ་མཚར་གནང་དགོས་དོན་མེད་ནའང་། སྐབས་དེའི་སྤྱི་ཚོགས་དང་དུས་ཚོད་ལ་བསམས་ན་དམ་པ་ཁོང་ལ་བསྔགས་བརྗོད་གནང་འོས་པ་ཞིག་ཆགས་ཡོད།
དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཞེས་པའི་པོད་གསུམ་དང་། དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ་ཞེས་པའི་དེབ་བཅས་ཀྱི་ནང་དུ། དགེ་ཆོས་ཀྱིས་ལེགས་སྦྱར་ནས་བསྒྱུར་གནང་མཛད་པའི་བསྟན་བཅོས་ཁག་དང་། ཕལ་ཆེར་རྒྱ་ཡིག་ནས་བསྒྱུར་བ་ལྟ་བུའི་རྒྱལ་རབས་ལོ་རྒྱུས་སྐོར་ཞིག་བཞུགས་པ་ལས་ཨིན་ཡིག་གི་ལམ་ནས་མཛད་པའི་བསྟན་བཅོས་ཀྱི་སྐོར་མེད། དགེ་ཆོས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་བསྟན་བཅོས་སྐོར་ལ་དེབ་དང་དཔྱད་རྩོམ་སོགས་བོད་ཡིག་ཏུ་འབྲི་མཁན་ཚོའི་ཁྲོད་དུའང་དམ་པ་ཁོང་གི་ཨིན་རྩོམ་སྐོར་ལ་ངོ་སྤྲོད་གནང་མཁན་ད་ལྟའི་བར་ཕལ་ཆེར་བྱུང་མི་འདུག་པས། ང་ཚོས་དགེ་ཆོས་ལགས་ཀྱི་ཨིན་ཡིག་གི་མཁྱེན་སྟོབས་དང་སྒྱུ་རྩལ་བརྩམས་ཆོས་བོད་ཡིག་ཐོག་རོལ་མྱོང་བྱེད་དཀའ་བ་ཞིག་ཏུ་གྱུར་ཡོད།
དགེ་འདུན་ཆོས་འཕེལ་ནི་ལྷ་ལྡན་རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་ཡུལ་མདོ་སྨད་རེབ་གོང་གི་ནང་ཚན་ཞོ་འོང་འཕྱིས་སམ་ཞོ་འོང་ཞུ་བྱ་བར་བོད་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ཡོས་(ཕྱི་ལོ་༡༩༠༣)ལོའི་ཧོར་ཟླ་གསུམ་པའི་ཚེས་ཉེར་གསུམ་གྱི་སྔ་དྲོར་སྐུ་བལྟམས། ཡབ་ཀྱིས་རིག་འཛིན་རྣམ་རྒྱལ་ཞེས་མཚན་གསོལ། ཕྱི་ལོ་༡༩༠༧ལོར་དགུང་གྲངས་ལྔ་ལ་ཕེབས་སྐབས་ཞབས་དཀར་སྐུ་ཕྲེང་གཉིས་པ་འཇིགས་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་རྡོ་བྲག་མཁན་པོ་འཇིགས་མེད་བསོད་ནམས་རྣམ་རྒྱལ་གྱི་ཡང་སྤྲུལ་དུ་ངོས་འཛིན་གནང་། ཕྱི་ལོ་༡༩༠༨ལོར་ཞྭ་དམར་པཎཌིཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་དྲུང་ནས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་དཀྱུས་གཅིག་ཏུ་བཞེས་པས་དགེ་འདུན་ཆོས་འཕེལ་ཞེས་པའི་མཚན་གསོལ། ལོ་ངོ་འདི་དག་གི་རིང་དུ་གཡའ་མ་བཀྲ་ཤིས་འཁྱིལ་དང་། ཡང་རྟིང་རི་ཁྲོད། ཤེལ་དགོན་སོགས་སུ་བཞུགས། ཕྱི་ལོ་༡༩༡༥ལོར་དགུང་གྲངས་བཅུ་གསུམ་ཕེབས་སྐབས་ངྷི་ཚ་བཀྲ་ཤིས་ཆོས་ལྡིངས་སུ་ཕེབས་ཏེ་བསྡུས་གྲྭ་དང་ཐུན་མོང་རིག་གནས་སོགས་ལ་སྦྱངས་བརྩོན་གནང་འགོ་ཚུགས། ཕྱི་ལོ་༡༩༢༠ལོའི་ལོ་འགོར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་བློ་རྟགས་དང་། ཕར་ཕྱིན། དབུ་མ་སོགས་ཀྱི་གཞུང་ལུགས་ཁག་ལ་ཐོས་བསམ་གནང་ནས་མཁས་པའི་སྙན་གྲགས་རྒྱས་འགོ་ཚུགས་པའི་ལོ་རྒྱུས་སོགས་མང་པོ་ཡོད་ཀྱང་འདིར་མ་བྲིས་ལ། གཤམ་ནས་ཀྱང་དགེ་ཆོས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པའི་ལེགས་སྦྱར་སོགས་ལ་སྦྱངས་བརྩོན་གནང་ནས་བོད་ཡིག་ཏུ་བསྟན་བཅོས་མང་པོ་མཛད་པའི་སྐོར་བྲི་རྒྱུ་མིན། འདིར་དགེ་ཆོས་ལགས་ཀྱིས་ཨིན་ཡིག་གནས་གང་དུ་སྦྱངས་བརྩོན་གནང་བ་དང་། ཕྱག་རྩོམ་གང་དག་མཛད་ཡོད་མེད་ཀྱི་སྐོར་‘‘དཀྱུས་མའི་གླེང་མོལ་བཞིན་དུ་གང་རྙེད་པ་སྐབས་སྐབས་སུ་བཅུག་སྟེ་གླེགས་བམ་(རྩོམ)ཞིག་བྱེད་’’འདོད་པ་དེ་ཡིན།
དགེ་འདུན་ཆོས་འཕེལ་ལགས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་སྐབས། དམ་པ་ཁོང་བྱང་ཨ་རིའི་ཡེ་ཤུའི་ཆོས་པ་(Griebenow)བོད་མིང་ལ་ཤེས་རབ་བསྟན་འཕེལ་ཞུ་བ་ཞིག་དང་འབྲེལ་བ་བྱུང་འདུག དགེ་ཆོས་ཀྱི་སྐུ་ཚ་གཡུང་དྲུང་རྒྱལ་ལགས་ཀྱིས་‘‘ཁོང་བླ་བྲང་ན་ཡོད་པའི་སྐབས་དེར་ཁོང་གི་ཨ་མ་དང་གཅེན་མོ་ཁོང་ཚོས་བཤད་པ་ལྟར་ན། ཕྱི་གླིང་བ་དབྱིན་ཇི་ཡིན་པ་འདྲ་དེ་འདྲའི་གྲོགས་པོ་ཡོད་པ་རེད་ཟེར། དེ་ཡིན་དུས་ཁོང་གིས་ཚན་རིག་དང་དབྱིན་ཇི་དེ་ཚོ་བླ་བྲང་ན་སློབ་ཀྱི་ཡོད་པ་འདྲ་ཞེས་ཁོང་གི་ཨ་མ་དང་གཅེན་མོ་ཁོང་ཚོས་ང་ལ་བཤད་སོང་’’2ཞེས་བརྗོད་ཅིང་། ཨ་ལགས་ཙ་ཡུས་བསྟན་འཛིན་དཔལ་འབར་(1938–2004)ལགས་ཀྱིས་‘‘ཁོང་བླ་བྲང་ན་ཡོད་དུས་ཁོང་གིས་དབྱིན་ཡིག་དང་པོ་སྦྱངས་ས་དེ་ཤེས་རབ་བསྟན་འཕེལ་གྱི་ས་ནས་སྦྱངས་པ་རེད་ཟེར་བ་དང་། ཁོས་ཤེས་རབ་བསྟན་འཕེལ་ལ་བོད་ཡིག་བསླབས་པ་རེད་ཟེར་བ་ཞིག་གོ་སོང་། དེ་འདྲའི་སྐད་ཆ་ཞིག་འདུག་’’3ཅེས་དང་། ཨ་ལགས་ཡོངས་འཛིན་ཚང་(1907–2004)གིས་ཀྱང་‘‘མི་ཚོས་རྡི་ཚ་ཨ་ལགས་བླ་བྲང་མཐའ་བ་ན་མེ་གོའི་(ཨ་རི)ཤེས་རབ་བསྟན་འཕེལ་ཟེར་བ་ཞིག་ཡོད་པ་དེའི་རྩར་སོང་ནས་ཡི་གེ་དང་སྐད་རིགས་ཅུང་ཙམ་སྦྱངས་པ་རེད་དེ་འདྲ་ཞིག་ཟེར། ཡིན་ནའང་ངས་གསལ་པོ་མི་ཤེས་’’4ཞེས་གསུངས་ཡོད།
ཕྱི་ལོ་༡༩༢༨ལོའི་ཟླ་གསུམ་པའི་ཚེས་མགོར་དགེ་འདུན་ཆོས་འཕེལ་ལགས་གནས་མཇལ་བ་སྐོར་ཞིག་དང་ལྷན་དུ་ལྷ་སར་བསྐྱོད་ཅིང་། ལོ་དེའི་ཕྱི་ཟླ་བདུན་པའི་ལྷ་སར་ཕེབས་འབྱོར་གནང་ནས་འབྲས་སྤུངས་ྐླུ་འབུམ་ཁང་ཚན་དུ་ཞུགས། ལོ་དང་ཟླ་ཚེས་མི་གསལ་ནའང་། སྐབས་དེར་དགེ་ཆོས་ཀྱིས་ཨིན་ཡིག་སྦྱངས་བརྩོན་གནང་བའི་ལོ་རྒྱུས་དུམ་བུ་ཞིག་ཡོད་པ་འདི་ལྟར། ‘‘དམ་པ་དེ་ཉིད་དགུང་གྲངས་སུམ་ཅུ་ཐམ་པ་སྟེ་བོད་རང་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་སྤྱི་ལོ་༡༩༣༣ ལོའི་ཡས་མས་སུ་ལྷ་སའི་མདུང་རྩེ་ཟུར་དུ་ཕྱི་རྒྱལ་གྱི་སྨན་སྣ་ཚོགས་འཚོང་མཁན་གྱི་རྒྱ་གར་བ་སྦ་བུ་སན་ཏ་སྦི་རི་བྱ་བ་ཞིག་ཡོད་པའི་ས་ནས་ཉིན་ཤས་རིང་ཨིན་ཇིའི་སྐད་ལ་གསན་སྦྱོང་མཛད་པའི་མཁྱེན་སྟོབས་ལ་རྒྱ་གར་བ་དེ་ཡང་ཧ་ལས་པ་ཞིག་བྱུང་བ་རེད་’’5ཅེས་ཧོར་ཁང་བསོད་ནམས་དཔལ་འབར་(1919–1993)ལགས་ཀྱིས་གསུངས་འདུག སྐབས་དེར་དགེ་ཆོས་ཀྱི་སྙན་པའི་གྲགས་པ་དབུས་གཙང་ལ་ཁྱབ་སྐབས། དམ་པ་ཁོང་རྒྱ་གར་གྱི་མི་རིགས་ཡིན་པའི་སྐུ་ཞབས་ཇཱང་ཁཱ་ (JINGKA MAIM KRTAGYA )ཞུ་བ་དང་སྐུ་ཞབས་མཱེ་རེ་(MERI JIVAN YATRA) སོགས་ལའང་ཐུག་འཕྲད་བྱུང་བའི་ལོ་རྒྱུས་ཡོད་པ་མཐོང་ནའང་། དགེ་ཆོས་ལགས་དང་སྐུ་ཞབས་བ་སྦ་བུ་སན་ཏ་སྦི་རི་རྣམ་གཉིས་ཀྱི་བར་ལ་དགེ་སློབ་ཀྱི་འབྲེལ་བ་བྱུང་བའི་ལོ་རྒྱུས་རྙེད་སོན་མ་བྱུང་།
ཕྱི་ལོ་༡༩༣༤ལོར་དགེ་ཆོས་ལགས་རྒྱ་གར་གྱི་པཎཌིཏ་ར་ཧུ་ལ་(Rahul Sankrityayan 1893–1963)མཆོག་ལ་མཇལ་ཡོད་པ་དང་། པཎཌིཏ་ར་ཧུ་ལ་ཞུ་བ་འདིས་སྐད་རིགས་སུམ་བཅུ་སོ་བཞི་སྦྱངས་ཤིང་། དེབ་རིགས་མི་འདྲ་བ་བདུན་བཅུ་དོན་གཉིས་མཛད་6པར་གྲགས་ནའང་། དམ་པ་ཁོང་ཉིད་ཀྱིས་པཎཌིཏ་ར་ཧུ་ལའི་མདུན་ནས་ཨིན་ཡིག་བསླབ་མེད་པ་ཁོང་གི་གཏམ་རྒྱུད་གསེར་ཐང་དུ་‘‘དེ་ཡང་ཐོག་མར་པཎཌིཏ་དང་ངེད་གཉིས་འཕན་ཡུལ་དང་། རྭ་སྒྲེང་སོགས་སུ་གནས་བསྐོར་ལ་སོང་། ཞལ་ལ་པཎཌིཏའི་ཐད་ནས་ལེགས་སྦྱར་ཀྱང་ཕྲན་བུ་བསླབ་པའི་འགོ་ཚུགས་’’7ཞེས་པ་འདི་རེད། ཕྱི་ལོ་༡༩༣༥ལོའི་ལོ་མགོར་སྒང་ཏོག་བརྒྱུད་ནས་རྡོ་རྗེ་གླིང་དུ་གནས་སྡོད་བྱེད་པའི་བོད་རིགས་ཡིན་པ་ཨ་མ་ལྷ་མཚོ་ཞུ་བའི་ཁྱིམ་དུ་དུས་ཡུན་གང་འཚམས་བཞུགས་རྗེས། ལོ་དེའི་ཕྱི་ཟླ་བདུན་པའི་ནང་ཧི་མ་ལ་ཡའི་ནང་བསྟན་ཁང་པ་(Bhutia Busty)ཞེས་པར་གནས་སྤོར་གནང་འདུག པཎཌིཏ་ར་ཧུ་ལ་མཆོག་ཉི་ཧོང་དང་། ཁོ་རེ་ཡ། ཨུ་རི་སི་སོགས་སུ་ཕེབས་ཤུལ་དུ་དགེ་ཆོས་ལགས་སྐབས་རེར་ཁེར་རྐྱང་དུ་བཞུགས་ཏེ་འཚོ་བའི་ཐད་དཀའ་ངལ་ཆེན་པོ་བྱུང་བའི་ལོ་རྒྱུས་ཁོང་གི་ཕྱག་འཕྲིན་ཁག་ལས་ཀྱང་གསལ་པོར་མཇལ་ཐུབ་པས་འདིར་ཕྲན་གྱིས་རྒྱས་སྤྲོས་བྱས་མེད།
༡༩༣༥ལོའི་ཕྱི་ཟླ་༨པའི་ནང་དགེ་ཆོས་ལགས་དགེ་སློང་ཇི་ནོ་ར་ས་(Pel Ji Norasa)ཞུ་བར་མཇལ་ནས་ཁོང་གི་ཁྱིམ་དུ་བཞུགས་པའི་སྐོར་ལ་བོད་རིག་པ་བ་ཧོར་ཌིར་()Heather Stoddard ལགས་ཀྱིས་‘‘ཁོང་དགེ་སློང་དཔལ་ཇི་ནོ་ར་སའི་ཁྱིམ་དུ་ཟླ་བ་བཅོ་བརྒྱད་ལ་བཞུགས་ཤིང་། དགེ་འདུན་ཆོས་འཕེལ་ལགས་ལ་ཨིག་ཡིག་སྦྱོར་ྐློག་དང་འཚོ་རྟེན་ཐད་ལ་རོགས་རམ་གནང་འདུག’’8ཅེས་བརྗོད་ཅིང་། གོ་འཇོ་བླ་ཆུང་ཤེས་རབ་རྒྱ་མཚོས་‘‘ཐུགས་རྗེ་ཆེན་པོའི་འདྲ་རིས་ཀྱང་མཛད་དེ་ཕྱིར་ས་སྐྱ་བརྒྱུད་སྒང་ཏོག་དང་རྡོར་གླིང་དུ་ཡུན་རིང་ཙམ་བཞུགས་ཞོར་ཡེ་ཤུའི་ཆོས་ལུགས་ཨ་མ་རྒན་མོ་ཞིག་ནས་དབྱིན་ཡིག་བསླབས་བཞིན་ལྟོ་གོས་གཉིས་ཀ་ཕུལ་འདུག་པ་ཕྱིས་སུ་ཡང་ངའི་ཨ་མ་རྒན་མོ་དེ་དྲིན་ཆེ་གསུངས་ཀྱི་ཡོད། བར་སྐབས་ཤིག་ལ་ཨ་མ་འདི་ལ་ཕྱི་རྒྱལ་གྱི་མི་ཞིག་གིས་སྐྱབས་འཇུག་ཞུས་ཏེ་མ་བུ་གཉིས་ཀ་ཀ་ཀུ་ལ་ལ་ཕེབས་ནས་ཚད་མ་རྣམ་འགྲེལ་རྩ་བ་དབྱིན་སྐད་ཐོག་བསྒྱུར་འདུག་’’9ཅེས་གསུངས་པར་མ་ཟད། སྐུ་ཞབས་ཞོ་ར་བསྟན་པ་དར་རྒྱས་ལགས་ཀྱིས་ཀྱང་‘‘ལོ་འདིའི་སྨད་ཆར་ཡེ་ཤུའི་དགེ་སློང་ཇི་ནོ་ར་སི་དང་། དམ་པ་མཆོག་ཉིད་ཐུན་མོང་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་ཆ་ཚང་བོད་ཡིག་ལས་དབྱིན་ཇིའི་སྐད་ཡིག་ཏུ་བསྒྱུར་ཡོད་’’10ཅེས་གསུངས་ཡོད། དགེ་ཆོས་ཀྱི་སྐུ་ཚེའི་ལོ་རྒྱུས་ཕྱག་རྩོམ་གནང་མཁན་སྐོར་ཞིག་གིས་དགེ་སློང་ཇི་ནོ་ར་སི་ཞུ་བར་‘‘ཡེ་ཤུའི་ཨ་མ་རྒན་མོ་’’ཞེས་བྲིས་པ་མཐོང་ནའང་། ཁོང་ནི་དགེ་སློང་ཞིག་ཡིན་པ་
དྲན་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཨིན་ཡིག་གནས་གང་དུ་སྦྱངས་པ་མཛད་མིན་སྐོར་ལ་ངག་རྒྱུན་དང་ལོ་རྒྱུས་ཡོད་པ་དེ་ལྟར་ལགས་ཀྱང་། འདི་དག་ལས་མཁས་དབང་གོ་འཇོ་བླ་ཆུང་ཤེས་རབ་རྒྱ་མཚོ་ལགས་དང་ཧོས་ཌིར་རྣམ་གཉིས་ཀྱིས་གསུངས་པ་དེ་ནི་ཁུངས་དག་ཤོས་དང་ཡིད་ལ་འཇུག་བདེ་ཤོས་རེད་སྙམ། ༡༩༣༥ལོར་དགེ་འདུན་ཆོས་འཕེལ་ལགས་རྡོ་རྗེ་གླིང་དང་འབྲས་ལྗོངས་སུ་བཞུགས་སྐབས། དཔ་མ་ཁོང་གིས་པཎཌིཏ་ར་ཧུ་ལ་མཆོག་ལ་ཕྱག་འཕྲིན་11མང་པོ་ཞིག་ཕུལ་ཡོད་པ་དང་། ༡༩༣༥ལོའི་ཕྱི་ཟླ་༧པའི་ཚེས་༧ཉིན་སྤྲིངས་པའི་ཕྱག་བྲིས་ནང་དུ་དཔེར་ན་‘‘ད་དུང་ངས་ཨིན་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད་’’ཅེས་དང་། ༡༩༣༥ལོའི་ཕྱི་ཟླ་༡༢པའི་ཚེས་༡༥ཉིན་གྱི་ཕྱག་འཕྲིན་ནང་དུའང་‘‘གང་ལྟར་ལོ་རྗེས་མའི་ནང་། གལ་སྲིད་ང་བོད་དུ་དབྱར་ཁར་འགྲོ་མ་ཐུབ་ཚེ། ཉེ་ལམ་ངས་སྦྱངས་པ་ལྟར། ང་ལ་ཨིན་ཡིག་སྦྱོང་འདོད་ཀྱི་འཆར་གཞི་ཡོད་’’ཅེས་གསུངས་ཡོད་ལ། དེ་བཞིན་དུ་༡༩༣༦ལོའི་ཕྱི་ཟླ་༢པའི་ཚེས་༡༩ཉིན་གྱི་ཕྱག་འཕྲིན་ནང་དུ་‘‘སྐུ་ཞབས་ཇི་ནོ་ར་སིས་ཁ་ལག་དང་གནས་ཚང་རིན་མེད་གནང་བའི་རོགས་རམ་འོག་ངས་ཨིན་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད་’’ཅེས་པའི་ཚིག་འདི་འདྲ་མང་པོ་མཇལ་རྒྱུ་ཡོད། ལྷག་པར་དུ་འབྲས་ལྗོངས་ལྕགས་ཀོང་ནས་དགེ་ཆོས་ཀྱིས་པཎཌིཏ་ར་ཧུ་ལ་མཆོག་ལ་‘‘ཨིན་ཡིག་’’ཏུ་ཕྱག་བྲིས་མཛད་ནས་གསུངས་དོན་‘‘སྔ་ལོ་ནས་བཟུང་ངས་ཨིན་ཡིག་སྦྱངས་པ་ཡིན། ད་ལྟ་ངས་འབད་པས་ཚིག་རེ་ཟུང་འབྲི་ཤེས། ཡིན་ནའང་ངའི་སྒྲ་གདངས་ནི་ད་དུང་སྐྱོ་བོ་ཡོད། ཨིན་ཇིའི་སྐད་ཡིག་ནི་བོད་སྐད་དང་ལྡོག་ཕྱོགས་རེད་’’ཅེས་ཕྱག་འཕྲིན་དུ་གསལ།
གོང་གི་ཕྱག་འཕྲིན་འདི་དག་ནི་ཤིན་ཏུ་རྩ་ཆེན་པོ་རེད། ཕྱག་འཕྲིན་རེ་རེའི་ཚིག་དུམ་དག་ལས་དགེ་ཆོས་ལགས་ཧི་མ་ལ་ཡའི་ནང་བསྟན་ཁང་པར་བཞུགས་སྐབས། ཁོང་གིས་ཨིན་ཡིག་ཐོག་མར་སྦྱངས་འགོ་ཚུགས་ཤིང་། དགེ་སློང་ཇི་ནོ་ར་ས་ཞུ་བས་ཁོང་ལ་ཨིན་ཡིག་སློབ་ཁྲིད་གནང་བ་སོགས་གསལ་པོར་ཤེས་ཐུབ་ལ། ངེད་ཀྱི་བསམ་པར་ཡང་སྐབས་དེའི་སྤྱི་ཚོགས་དང་ཁོར་ཡུག་གི་དབང་གིས་དགེ་ཆོས་ཀྱིས་ཨིན་ཡིག་མི་སྦྱངས་ཐུ་མེད་དུ་གྱུར་པ་རེད་འདོད། གལ་སྲིད་དགེ་ཆོས་ཀྱིས་བླ་བྲང་དང་ལྷ་ས་ནས་ཨིན་ཡིག་སྦྱངས་པ་གནང་ཡོད་ཚེ། ‘‘སྔ་ལོ་ནས་བཟུང་ངས་ཨིན་ཡིག་སྦྱངས་པ་ཡིན། ད་ལྟ་ངས་འབད་པས་ཚིག་རེ་ཟུང་འབྲི་ཤེས། ཡིན་ནའང་ངའི་སྒྲ་གདངས་ནི་ད་དུང་སྐྱོ་བོ་ཡོད། ཨིན་ཇིའི་སྐད་ཡིག་ནི་བོད་སྐད་དང་ལྡོག་ཕྱོགས་རེད་’’ཅེས་གསུངས་དགོས་དོན་རྩ་ནས་མེད་པས། ‘‘དེ་ཁོ་དམར་པོའི་གསང་མྱུལ་རེད་ཅེས་བཅུག་པ་རེད་ཟེར། ཁོ་རྒྱ་གར་ལ་སོང་ནས་རི་མོ་ཅུང་ཙམ་བསླབས་པ་ཡིན་ཟེར། རི་མོ་སློབ་སའི་དགེ་རྒན་དེ་ཨུ་རུ་སུ་དཀར་པོ་མིང་ལ་རའོ་རིཀ་ཟེར་བ་ཞིག་ཡིན་ལ། ཁོའི་འཁྲིས་ལ་ཟླ་བ་དྲུག་ཏག་ཏག་ལ་རི་མོ་དང་དབྱིན་ཇིའི་སྐད་བསླབས་པ་ཡིན་ཟེར་’’12ཞེས་དགེ་ཆོས་ཀྱིས་ཇཱོར་ཇི་རོལ་རིག་(G. Roerich1902–1961)གི་མདུན་ནས་རི་མོ་དང་ཨིན་ཡིག་སྦྱངས་པའི་གསུང་དུམ་འདི་ཡང་ཧ་ཅང་མ་དག་པ་རེད་སྙམ།
ཕྱི་ལོ་༡༩༣༧ལོར་ཀ་ལིམ་སྦུག་ལ་ཕེབས་ནས་ཁུ་ནུ་བ་བྷ་བུ་མཐར་ཕྱིན་(1890–1976)དང་ཞལ་འདྲིས་ཀྱི་གྲོགས་པོར་གྱུར་ཅིང་། ཁོང་གིས་བོད་ཨིན་སྐད་གཉིས་ཤན་སྦྱར་གྱི་དེབ་འབྲི་བར་རོགས་རམ་གནང་བ་དང་། གསར་འགྱུར་མེ་ལོང་སྟེང་དུའང་རྩོམ་ཡིག་སྣ་ཚོགས་སྤེལ་འགོ་ཚུགས། ཧོས་ཌིར་ལགས་ཀྱིས་བརྩམས་པའི་ཨ་མདོའི་སློང་མོ་བ་ཞེས་པའི་དེབ་ཏུ་‘‘ཕལ་ཆེར་དེ་ནི་༡༩༣༧ལོའི་དབྱར་གཞུང་ཡིན་སྐབས་ཤིག་ལ། དགེ་འདུན་ཆོས་འཕེལ་གྱིས་བྷ་བུ་མཐར་ཕྱིན་ལགས་དང་ལྷན་དུ་རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་ཆ་ཤས་ཨིན་འགྱུར་མ་ཞིག་ལ་སློབ་སྦྱོང་གནང་འདུག་པ་དང་། ཁོང་རྣམ་པ་གཉིས་ཀྱིས་ཉིན་རེར་དུས་ཚོད་གསུམ་ཙམ་ལ་ཕྱག་ལས་ལྷན་གཅིག་ཏུ་གནང་བཞིན་ཡོད་’’13ཅེས་བྲིས་འདུག
ང་ཚོས་ཟླ་ཚེས་གསལ་པོར་མི་ཤེས་ནའང་། སྐབས་དེར་སྐུ་ཞབས་འཇའ་ཁུ་(Jacques Bacot1877–1965)བརྒྱུད་དགེ་ཆོས་ཀྱིས་ཐང་རྒྱལ་རབས་སྐབས་ཀྱི་ཐང་གི་དེབ་ཐེར་དུ་བོད་ཀྱི་ལོ་རྒྱུས་སྐོར་འཁོད་པ་མཁྱེན་འདུག་པ་མ་ཟད། སྐུ་ཞབས་ཟི་ཊལ་(Stephen Wootton Bushell1844 –1908) ལགས་ཀྱིས་བསྒྱུར་བའི་ཐང་རྒྱལ་རབས་ལས་བོད་ཀྱི་སྐོར་གྱི་ཨིན་འགྱུར་མ་ཕྱག་ཏུ་རེག་སྟབས། ‘‘ཀ་ལོན་སྦུག་ཏུ། ཁོང་གིས་རྒྱ་ནག་གི་མཁས་པ་ཙང་ཞང་འཇུ་(Zhang Zhengji)ལགས་ལ་འབྲེལ་བ་གནང་སྟེ། ཁོང་དང་ལྷན་དུ་རྒྱ་ནག་གི་སྐད་དུ་བྲིས་པའི་ཐང་ཡིག་ལས་བོད་ཀྱི་ལོ་རྒྱུས་བྐླགས་ཤིང་། དེ་ནས་སྐུ་ཞབས་ཟི་ཊལ་ལགས་ཀྱི་ཨིན་འགྱུར་མ་འགྲིགས་མིན་དང་ཞིབ་ཆ་གནང་འདུག་’’14ཅེས་བྲིས་ཡོད།
༡༩༣༨ལོར་པཎ་ཌི་ཏ་ར་ཧུ་ལ་དང་རི་མོ་མཁས་པ་ཀཱང་བཱེ་(Kanwal Krishna 1890–1976 )གཉིས་དང་ལྷན་དུ་རྒྱ་དཔེ་རྩད་གཅོད་ཆེད་བོད་དུ་ཕེབས། ལོ་དེར་རི་མོ་བ་ཀཱང་བཱེ་ལགས་དགེ་ཆོས་མཆོག་ལ་ཀ་ལི་ཀ་ཏ་ནས་ཐོག་མར་མཇལ་ཞིང་། དམ་པ་ཁོང་ཀ་ལི་ཀ་ཏར་བཞུགས་སྐབས། ‘‘དགེ་འདུན་ཆོས་འཕེལ་ལགས་ཀྱིས་དུས་ཚོད་སྟོང་པ་མང་ཤོས་སྒྱུ་རྩལ་བ་གཉིས་ཀྱི་ལྷན་དུ་བསྐྱལ་བ་རེད། ལྷག་པར་དུ་སྐུ་ཞབས་པན་ནཱེ( Pheni Moukherji 1890–1976)ལགས་དང་ལྷན་དུ་ཡིན་པ་རེད། ཁོང་གིས་ཁོང་གི་འདྲ་པར་གྱི་ལས་ཀའི་ཕྱོགས་ལ་རོགས་རམ་གནང་བ་རེད། ཁོང་རྣམ་གཉིས་ཀྱིས་གླེང་མོལ་ནི་དམིགས་བསལ་ཨིན་སྐད་ཐོག་གནང་འདུག ༡༩༣༨ལོར་ཀཱང་བཱེ་ལགས་ནི་དགེ་འདུན་ཆོས་འཕེལ་ལ་ཐོག་མར་མཇལ་འདུག་པ་དང་། ཁོང་གིས་བཤད་ན་དགེ་ཆོས་ལགས་ཀྱིས་ཨིན་སྐད་ཐོགས་མེད་དུ་མཁྱེན་གྱི་འདུག་’’15ཅེས་ཀྱང་གསལ་ལོ།
འདིར་འཆད་དགོས་པ་ཞིག་ལ། སྔོན་མེད་ལེགས་བཤད་མཁན་དགེ་ཆོས་ལགས་རྡོ་རྗེ་གླིང་དང་། འབྲས་ལྗོངས། ཀ་ལི་ཀ་ཏ། སིངྒ་ལ། ཀུ་ལུ་་ཏ་སོགས་སུ་བཞུགས་སྐབས་རྒྱ་གར་གནས་ཆེན་ཁག་དང་། གྲོང་ཁྱེར། དེ་བཞིན་གནའ་ཤུལ་རིག་རྫས་ཡོད་པའི་ཡུལ་ལུང་གང་སར་ཞབས་ཀྱིས་བཅགས་ནས་དེ་དག་གི་སྔར་གྱི་མིང་དང་། དེང་དུས་ཀྱི་བརྡ་གསར་པར་ཅི་ལྟར་འབོད་པ། སྔར་དང་ད་ལྟའི་གནས་ཚུལ། ཐ་ན་རྩི་ཤིང་དང་མེ་ཏོག་སོགས་ལའང་ཞིབ་འཇུག་རྩལ་དུ་གནང་ནས་ཐོ་འགོད་དང་། ལ་ལར་ཕྱག་བྲིས་རི་མོར་ཕབ་པ་སོགས་རྣམ་ཐར་གཞན་དུ་གསལ་བས། འདིར་ཁོ་བོས་རྩོལ་བ་བྱེད་པའི་དགོས་པ་མ་མཐོང་།
༡༩༣༩ལོར་དགེ་འདུན་ཆོས་འཕེལ་ཡུལ་དབུས་གྲོང་ཁྱེར་སྐྱ་ནར་གྱི་བུར་བཞུགས་པ་ནས་བཟུང་། དམ་པ་མཆོག་ཉིད་ཀྱིས་ཨིན་ཡིག་གི་ལམ་ནས་ཕྱག་རྩོམ་གནང་འགོ་ཚུགས་པ་རེད། ༡༩༣༩ལོར་མ་ཧཱ་བྷོ་ཏའི་ཆོས་ཚོགས་(Mahabodhi Society)ཞེས་པའི་ནང་པའི་ཆོས་ཚོགས་དེས་ཀ་ལི་ཀ་ཏ་ནས་དཔར་སྐྲུན་བྱས་པའི་‘‘མ་ཧཱ་བྷོ་ཏའི་དུས་དེབ་’’(Mahabodhi Journal)ཏུ་‘‘བླ་མ་དགེ་འདུན་ཆོས་འཕེལ་’’ཞེས་པའི་མཚན་ཐོག་ནས་‘‘སྐུ་འབུམ། ལྐོག་གྱུར་གྱི་གྲོང་ཁྱེར་’’16ཞེས་པའི་རྩོམ་ཞིག་སྤེལ་འདུག་པ་འདི་ནི། བོད་ཀྱི་ལོ་རྒྱུས་ཁྲོད་དུ་བོད་མི་ཞིག་གིས་ཨིན་ཡིག་ཏུ་བྲིས་པའི་རྩོམ་ཡིག་ཐོག་མ་དེ་ཡིན་འདུག
མ་ཧཱ་བྷོ་ཏའི་ཆོས་ཚོགས་འདི་ནི་ཕྱི་ལོ་༡༨༩༡ལོར་སིངྒལའི་ནང་པའི་དགེ་སློང་ཨེ་ནཱ་རྒ་རེ་ཀཱ(Anagarika Dharmapala 1864 – 1933)དང་ཨིན་ལན་གྱི་གསར་འགོད་པ་དང་སྙན་ངག་པ་ཨེ་བཱན་(Edwin Arnold 1832 – 1904)རྣམ་གཉིས་ཀྱིས་སིངྒལའི་ཡུལ་དུ་དབུ་འཛུགས་གནང་ཞིང་། ཕྱིས་སུ་ཆོས་ཚོགས་དེའི་ལས་ཁུངས་རྒྱ་གར་ཀ་ལི་ཀ་ཏར་སྤོར་གནང་བ་དང་། ༡༨༩༢ལོ་ནས་བཟུང་མ་ཧཱ་བྷོ་ཏའི་དུས་དེབ་ཀྱང་འདོན་སྤེལ་གནང་འདུག དགེ་ཆོས་ཀྱི་གྲོགས་པོ་པཎཌིཏ་ར་ཧུ་ལ་མཆོག་གིས་ཆོས་ཚོགས་འདི་ཁོང་བོད་དུ་མ་ཕེབས་གོང་ནས་མཁྱེན་པར་མ་ཟད། འབྲེལ་བའང་ཡག་པོ་ཡོད་སྟབས། ཕྱིས་སུ་ཁོང་གིས་དགེ་ཆོས་མཆོག་ལ་ངོ་སྤྲོད་གནང་ཞིང་། ཆོས་ཚོགས་འདིའི་རོགས་རམ་ལ་བརྟེན་ནས་དམ་པ་ཁོང་་སིངྒལའི་ཡུལ་དུའང་ཕེབས་ཐུབ་པ་བྱུང་ཡོད།
༡༩༤༠ལོར་དགེ་འདུན་ཆོས་འཕེལ་ལྷོ་ཕྱོགས་སིངྒ་ལའི་གླིང་དུ་ཕེབས་ཤིང་། སྐབས་དེར་དགེ་ཆོས་ཀྱིས་སིངྒ་ལའི་ལོ་རྒྱུས་ཀྱི་ཟིན་བྲིས་མང་པོ་ཞིག་ཨིན་ཡིག་ཏུ་བཏབ་འདུག་པ་དང་། ཁོང་གི་ཨིན་ཡིག་གི་ཟིན་བྲིས་དེ་དག་ད་དུང་ཡང་ང་ཚོའི་མཇལ་ཡུལ་དུ་ཡོད། དགེ་ཆོས་ལགས་ཀྱིས་བོད་ཀྱི་དེང་རབས་རི་མོ་བ་གྲགས་ཅན་ཨ་མདོ་བྱམས་པར་(1914–2002)‘‘རྒྱ་གར་ནས་ཁོ་སིང་ག་ལ་ཕྱིན་པ་ཡིན་ཟེར། སིང་ག་ལར་ཕྱིན་དུས་རྒྱ་མཚོའི་ནང་ནས་འགྲོ་དགོས་ཀྱི་འདུག་ཟེར། བལ་ཡུལ་ནས་ཡིན་པའི་བུ་ཞིང་ངའི་མཉམ་དུ་ཕྱིན་པ་ཡིན་ཟེར། བལ་ཡུལ་གྱི་བུ་དེས་ང་ལ་དབྱིན་ཇིའི་སྐད་རྒྱག་གི དེ་ནས་ངས་ཀྱང་ཕར་དབྱིན་ཇིའི་སྐད་བརྒྱབས་པ་ཡིན་ཟེར། ངའི་དབྱིན་ཇིའི་སྐད་ཆའི་སྒྲ་དེ་བུ་དེས་དབྱིན་ཇིའི་སྒྲ་དང་བསྡུར་ན་ངས་ཁོ་ལ་དོ་ཡི་མི་འདུག་ཟེར། ཁོ་རང་གི་སྒྲ་དེ་ཞེ་དྲག་གི་ཡག་གི ང་ལོ་ཆེན་པོ་ཡིན་དུས་དབྱིན་ཇིའི་སྐད་བསླབས་པ་ཡིན་སྐབས་སྒྲ་དེ་ཞེ་དྲག་ཡག་པོ་མི་འདུག ངེད་གཉིས་གྲུ་གཟིངས་ནང་ནས་ཕར་རྒྱ་མཚོའི་ནང་འགྲོ་དུས། ང་ལ་རྒན་ལགས། ཁྱོད་རང་གིས་དབྱིན་ཇི་སློབ་སྦྱོང་གནང་ནས་ལོ་ག་ཚོད་བསྡད་པ་ཡིན་ཞེས་ང་ལ་ཚུར་སྐད་ཆ་འདྲི་གི ངས་དྲང་པོར་བཤད་པ་ཡིན། ང་དབྱིན་ཇིའི་སློབ་གྲྭའི་ནང་མ་བསྡད། ངས་མ་གཞི་རི་མོ་སློབ་སྦྱོང་བྱས་པ་ཡིན། དེའི་ཞོར་ལ་དབྱིན་ཇི་ཟླ་བ་དྲུག་ལ་སྦྱངས་པ་ཡིན་ཞེས་པར། རེད་རེད། རྒན་ལགས་ཀྱིས་ང་ལ་ཞལ་རྩེད་གནང་གིན་ཡོད་པ་འདྲ་ཟེར། མ་རེད། མ་རེད། དེ་འདྲ་མ་རེད། ཁྱོད་ཞེ་དྲག་གི་དབྱིན་ཇི་མཁས་པོ་རེད་འདུག་ཟེར། ཁྱོད་རང་གིས་ཞེས་ན་ངའི་དབྱིན་ཇིའི་སློབ་སྦྱོང་གི་ཚད་ག་འདྲ་འདུག་ཅེས་པར། ངས་བྱས་ན་ཁྱོད་ལོན་གྲོན་གྱི་སློབ་གྲྭ་ཆེན་མོ་ཞིག་གི་ནང་ནས་སློབ་སྦྱོང་བྱས་པའི་མི་ཞིག་རེད་འདུག་ཅེས་དེ་འདྲ་ཟེར་གི་ཟེར་’’17ཞེས་གསུངས་འདུག
དགེ་འདུན་ཆོས་འཕེལ་ལགས་སིངྒ་ལར་བཞུགས་ནའང་། ཁོང་གིས་ཨིན་ཡིག་ཏུ་མཛད་པའི་རྩོམ་ཡིག་ཁག་མ་ཧཱ་བྷོ་ཏའི་དུས་དེབ་ཏུ་ཆད་མེད་དུ་སྤེལ་གྱིན་ཡོད། ༡༩༤༠ལོའི་ཕྱི་ཟླ་བདུན་པའི་དུས་དེབ་ཏུ་‘‘སྐུ་འབུམ་ནས་ལྷ་ས་བར་གྱི་ངའི་འགྲུལ་བཞུད་’’18ཅེས་པ་དང་། ལོ་དེའི་ཕྱི་ཟླ་༡༠པའི་དུས་དེབ་ཏུའང་‘‘ལྷ་ས། གངས་ལྗོངས་ཀྱི་རྒྱལ་ས་’’19ཞེས་པ་སྤེལ་ཡོད། དེ་བཞིན་དུ་‘‘བོད་ཀྱི་བླ་མ་དགེ་བཤེས་ཆོས་འཕེལ་’’གྱི་མིང་ཐོག་ནས་ཀྱང་‘‘མཚན་སྙན་མེད་པའི་ཏཱ་ལའི་བླ་མ་’’20ཞེས་པའི་རྩོམ་ཞིག་སྤེལ་འདུག གོང་དུ་གླེང་བའི་‘‘སྐུ་འབུམ། ལྐོག་གྱུར་གྱི་གྲོང་ཁྱེར་’’ཞེས་པ་དང་། ‘‘སྐུ་འབུམ་ནས་ལྷ་ས་བར་གྱི་ངའི་འགྲུལ་བཞུད།’’ ‘‘ལྷ་ས། གངས་ལྗོངས་ཀྱི་རྒྱལ་ས་’’ ཞེས་པའི་ལྗགས་རྩོམ་འདི་དག་ནི་དམ་པ་ཁོང་ཡུལ་ལུང་དེ་དག་ཏུ་བཞུགས་སྐབས་དངོས་སུ་མཇལ་སྣང་བྱུང་བའི་ཚོར་བ་དང་དངོས་ཡོད་ཀྱི་ལོ་རྒྱུས་ཁག་གཞི་ལ་བཞག་སྟེ་མཛད་པའི་བརྩམས་ཆོས་གསུམ་རེད་ལ། ‘‘མཚན་སྙན་མེད་པའི་ཏཱ་ལའི་བླ་མ་’’ཞེས་པའི་རྩོམ་འདི་ནི་རྒྱལ་དབང་སྐུ་འཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མཛད་རྣམ་ཧ་ཅང་ཉིང་བསྡུས་སུ་བྲིས་པ་ཞིག་ཡིན་ནའང་། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ནི་སོག་པོ་དབང་སྒྱུར་བས་བཀྲོངས་པ་མིན་པར། ཁོང་ཨ་མདོའི་ཕྱོགས་སུ་བྲོས་བཤོལ་དུ་ཕེབས་ནས་ཕྱིར་ལྷ་སར་ལོག་ཅིང་། དེ་ནས་རྒྱ་གར་སོགས་སུ་སྐུ་ཚེ་བསྐྱལ་བའི་ལོ་རྒྱུས་ཤིག་རེད།
དེ་བཞིན་དུ། ༡༩༤༠ལོའི་ཕྱི་ཟླ་བཅུ་གཅིག་པའི་མ་ཧཱ་བྷོ་ཏའི་དུས་དེབ་ཏུ་‘‘དགེ་བཤེས་ཆོས་འཕེལ་’’གྱི་མཚན་ཐོག་ནས་‘‘མ་ཕམ་གཡུ་མཚོ་’’ཞེས་པ་དང་། ‘‘ཀྱེ་ཧུད། ཕྱོགས་གང་དུ།’’ ‘‘རེབ་གོང་།’’ (སྙན་ངག་འདི་ཁོ་བོས་བོད་ཡིག་ཏུ་བསྒྱུར་ཡོད།)‘‘ མི་ལ་རས་པའི་དྲིས་ལན་’’ཞེས་པའི་སྙན་ངག་ཁག་བཞི་21སྤེལ་འདུག སྙན་ངག་འདི་དག་རོལ་མྱོང་གནང་བའི་ནུབ་ཕྱོགས་པ་ཚོས་དགེ་ཆོས་ཀྱི་ཨིན་ཡིག་གི་མཁྱེན་རྩལ་ལས་འཕྲོས་ཏེ་སྙན་ངག་ཁག་གི་ཚིག་གི་སྒྱུ་རྩལ་དང་། གཉུག་མའི་རྒོད་གཤིས་ཀྱི་ཆ་ལ་ངོ་མཚར་གནང་བཞིན་ཡོད་ལ། དགེ་ཆོས་ཀྱིས་བརྩམས་མིན་ལ་དོགས་པ་22གནང་བཞིན་ཡོད། ‘‘རེབ་གོང་།’’ཞེས་པའི་སྙན་ངག་འདི་ལ་ཨིང་ལན་གྱི་སྙན་ངག་པ་དང་ཟློས་གར་འཁྲབ་གཞུང་རྩོམ་པ་པོ་གྲགས་ཅན་བེལ་ཡམ་ཤག་ཁུ་སི་པེ་ཨར་( William Shakespeare 1564-1616)མཆོག་གི་སྙན་ངག་གི་གཤིས་ཉམས་ཡོད་པར་གྲགས་མོད། དགེ་ཆོས་ཀྱི་མགྲིན་པ་དང་སྙུག་རྩེ་ནས་ཐོན་པའི་སྙན་ངག་འདི་དག་གནས་གང་དུ་བརྩམས་པ་དང་། ཟླ་ཚེས་ནམ་ཞིག་ལ་བྲིས་པ་དང་འབྲེལ་བའི་ལོ་རྒྱུས་ཀྱི་གསང་བ་ཤེས་དཀའ་སེ་ཞིག་འདུག
༡༩༤༡ལོའི་ཕྱི་ཟླ་དང་པོའི་མ་ཧཱ་བྷོ་ཏའི་དུས་དེབ་ཏུའང་‘‘བླ་མ་དགེ་བཤེས་ཆོས་འཕེལ་’’གྱི་མཚན་ཐོག་ནས་‘‘བོད་ཀྱི་སྙན་གྲགས་ཆེ་བའི་བྷངྒལའི་པཎ་གྲུབ་གཉིས་’’23ཞེས་པ་དང་། ༡༩༤༢ལོར་བྷོ་ས་ཌི་(The Bosat)ཞེས་པའི་ཚགས་ཤོག་ཏུ་‘‘བླ་མ་དགེ་བཤེས་ལགས་’’ཀྱི་མཚན་ཐོག་ནས་‘‘བོད་དང་ལིངྐ་’’(སིངྒ་ལ)24ཞེས་པའི་ངོ་སྤྲོད་རྩོམ་ཡིག་ཅིག་ཀྱང་སྤེལ་འདུག དགེ་ཆོས་ཀྱི་བརྩམས་ཆོས་འདི་དག་གི་དབུར་‘‘བླ་མ་དགེ་འདུན་ཆོས་འཕེལ་’’དང་། ‘‘བོད་ཀྱི་བླ་མ་དགེ་བཤེས་ཆོས་འཕེལ།’’ ཡང་ན་‘‘བླ་མ་དགེ་བཤེས་ཆོས་འཕེལ།’’ ‘‘བླ་མ་དགེ་བཤེས་ལགས་’’ཀྱི་མིང་འདི་དག་འཁོད་འདུག་ནའང་། ལྷ་ས་ནས་དགེ་ཆོས་ཀྱིས་བྷ་བུ་མཐར་ཕྱིན་ལ་སྤྲིངས་(ཕལ་ཆེར་༡༩༤༩ལོར་ཡིན་པ་འདྲ)པའི་ཡི་གེ་ཞིག་ཏུ་‘‘ཁོ་བོའི་མིང་ལ་ཨ་མདོ་དགེ་འདུན་ཆོས་འཕེལ་ཞེས་པ་ལས་དགེ་བཤེས་དགེ་འདུན་ཆོས་འཕེལ་ཞེས་མ་འགོད་’’གསུངས་པ་ལ་དཔགས་ན། མ་ཧཱ་བྷོ་ཊའི་དུས་དེབ་ཏུ་གསལ་བའི་དགེ་ཆོས་ཀྱི་མིང་འདི་དག་ཀྱང་དུས་དེབ་དེའི་རྩོམ་སྒྲིག་པས་ལག་པ་འཆང་བ་མིན་སྙམ་པའི་དོགས་པ་རང་ཤུགས་སུ་སྐྱེས་བྱུང་།
དྲན་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བོད་ཡིག་དང་ཨིན་ཡིག་ཏུ་ཕྱག་རྩོམ་སྣ་མང་མཛད་བཞིན་པ་དང་། ཧ་ཅང་རྩོམ་བྲེལ་ཆེ་བའི་དུས་སྐབས་དེ་འདྲ་ཞིག་ལ། ར་ཤེ་ཡའི་མཁས་པ་ཇཱོར་ཇི་རོལ་རིག་ལགས་ཀྱིས་དགེ་འདུན་ཆོས་འཕེལ་རྒྱ་གར་བྱང་ཕྱོགས་ཀུ་ལུ་ཏར་གདན་ཞུས་མཛད་པ་དང་། དེ་ནི་ཕྱི་ལོ་༡༩༤༢ཙམ་རེད། རོལ་རིག་གིས་དགེ་ཆོས་ཀྱི་རོགས་རམ་ལ་བརྟེན་ནས་དེབ་ཐེར་སྔོན་པོ་ཨིན་ཡིག་ཏུ་བསྒྱུར་བ་དང་། རོལ་རིག་གིས་དེབ་ཐེར་སྔོན་པོའི་འགྱུར་མ་དེའི་སྔོན་གླེང་དུའང་‘‘བོད་ཀྱི་མཁས་པ་གྲགས་ཅན་དགེ་འདུན་ཆོས་འཕེལ་དང་ལྷན་དུ་འགྱུར་འདིར་བགྲོ་གླེང་གནང་ཐུབ་པ་བྱུང་བ་དེ་ནི་ངའི་འདོད་པ་ཁེངས་པའི་རྒྱུ་ཚོགས་ཤིག་ཏུ་གྱུར། ཁོང་གི་ཕན་ཐོགས་ཧ་ཅང་ཆེ་བའི་ལམ་སྟོན་ལ་འདིར་ངས་ཤེས་པའི་སྒོ་ནས་བཀའ་དྲིན་རྗེས་དྲན་ཞུ་འདོད་བྱུང་’’25ཞེས་གསལ་བཤད་གནང་ཡོད་ནའང་། ཧོར་ཁང་ཚང་གིས་‘‘ཨུ་རུ་སུའི་རི་མོ་མཁས་པ་རོལ་རིག་སི་བྱ་བས་རྒྱ་གར་ཀུ་མུར་གདན་དྲངས་པ་ལྟར་ཕེབས་ཏེ་ཁོང་དང་མཉམ་དུ་དེབ་ཐེར་སྔོན་པོ་ཧྲིལ་བོ་དབྱིན་ཡིག་ཏུ་སྒྱུར་རོགས་མཛད་པ་རེད། རོལ་རིག་གིས་བྱས་ཟེར་ནའང་ཕྱག་ལས་ཧྲིལ་བོ་དགེ་འདུན་ཆོས་འཕེལ་གྱིས་གནང་བ་རེད་26’’ཅེས་གསུངས་ཡོད་ལ། དྲན་དབང་ཁོང་གི་སྙན་རྩོམ་ཞིག་ཏུའང་‘‘ཁྲམ་དང་གཡོ་སྒྱུའི་རྩེད་མོ་དགུ་སྒྲིག་ཏུ་བྱས་ཏེ། །འབད་པ་བརྒྱ་ཡིས་སྒྲུབ་པའི་འཇིག་རྟེན་གྱི་འདུན་མས། །ཡུན་རིང་སྒུགས་པའི་མཐའ་ལ་སྟོང་བསླུས་སུ་བྱས་པས། །ལོ་གསུམ་སྡུག་ལས་བྱས་པའི་ཨ་ཐང་ནི་ཆད་སོང་།’’27ཞེས་གསུང་སྐད་ཤོར་བའི་ཚིགས་བཅད་ཅིག་ཡོད། གལ་སྲིད་དགེ་ཆོས་ཀྱིས་ཚིགས་བཅད་འདི་རོལ་རིག་ལ་བྲིས་གནང་ཡོད་ཚེ། རོལ་རིག་གིས་དམ་པ་ཁོང་ལ་དྲང་བདེན་གནང་མེད་པ་ཞོར་ནས་ཤེས་ཐུབ་པ་ཞིག་རེད།
ཕྱི་ལོ་༡༩༤༤ལོའི་སྔ་རྗེས་སུ་དགེ་འདུན་ཆོས་འཕེལ་ལགས་བྱང་ཀུ་ལུ་ཏར་རྒྱུན་བཞུགས་གནང་བཞིན་ལྗགས་རྩོམ་གནང་བཞིན་ཡོད། སྐབས་དེའི་སྔོན་ཙམ་ཞིག་ལ་མ་ཧཱ་བྷོ་ཊའི་དུས་དེབ་ཏུ་བྱང་ཨ་རིའི་བོད་རིག་པ་བ་ཞིག་གིས་དགེ་ཆོས་ལགས་ཉིག་ཡོར་ལ་གདན་འདྲེན་གནང་བའི་རྩོམ་ཞིག་སྤེལ་ཡོད་འདུག་ལ། དགེ་ཆོས་ལགས་ཀྱང་ཕེབས་འདོད་ཀྱི་རེ་བ་ཤིན་ཏུ་ཆེ་ནའང་། འཛམ་གླིང་དམག་ཆེན་གཉིས་པའི་རྐྱེན་གྱིས་ཕེབས་ཐུབ་མེད་པ་རེད། ‘‘རྒྱ་གར་གཞུང་ནས་དམ་པ་འདི་ལ་བོད་ཡིག་ཏུ་ཡོད་པའི་ཆོས་དང་རིག་གནས་སྐོར་ཁག་ཅིག་ཨིན་ཡིག་ཏུ་བསྒྱུར་རྒྱུའི་ལས་འགན་ཕུལ་བ་འཚོ་བ་དོན་གཉེར་གྱི་སླད་དུ་དེ་དོན་མི་མཛད་ཐུ་མེད་ལྟར་ཞེས་བྱ་བའི་ཚན་པའི་ནང་དུ་(RAYAASIATIGSOCIETVO)ཕྱག་ལས་གནང་མུས་སྐབས། ཟེར་ཐོས་སུ་ཨ་རིའི་མི་ཞིག་གི་རྒྱ་གར་སྲིད་གཞུང་དང་འབྲེལ་བ་བྱས་ནས་ཁོང་ཨ་རིར་གདན་འདྲེན་ཞུ་རྩིས་བྱས་སྐབས་དང་། ཡང་ཁ་ཅིག་གིས་ཕ་རན་སིའི་གདན་ཞུ་བྱ་རྩིས་བྱས་སྐད་ཟེར་བ་གང་ལྟར་ཨ་རིའམ་ཕ་རན་སི་གང་ཡིན་གྱི་མི་ཞིག་གིས་ཕོགས་ཐོབ་ཆེན་པོ་དང་བཅས་གདན་ཞུ་བྱས་པ་སྐབས་དེར་དམ་པ་དེ་ཉིད་ལ་འཚོ་བའི་ཐོག་སྐུ་ངལ་ཡོད་’’28ཅེས་རྟོགས་བརྗོད་དད་པའི་སྣང་བའི་ནང་དུ་གསལ་བ་འདི་ལའང་བདེན་པའི་ཆ་ཡོད་པ་རེད་དྲན་བྱུང་།
༡༩༤༥ལོར་བོད་ནས་ཁྲི་བྱང་རིན་པོ་ཆེ་དང་བཀའ་བློན་ཀ་ཤོད་པ་ཆོས་རྒྱལ་ཉི་མ་གཉིས་ཀྱིས་ཞབས་སྐུལ་འཕྲིན་ཡིག་ནན་པོར་གནང་བས། དགེ་ཆོས་ལགས་མོན་རྟ་དབང་བརྒྱུད་ནས་བོད་དུ་ཕེབས་པ་ཡོངས་གྲགས་ཡིན་ནའང་། སྐབས་འདིར་ལྷོ་འབྲུག་དང་མོན་རྟ་དབང་གཉི་གར་ཕེབས་ནས་བོད་ཡུལ་དུ་གཤེགས་པའི་དགོངས་པ་བཞེས་མཁན་ཀྱང་ཡོད། 29དགེ་ཆོས་ལགས་དང་ར་ཛ་རྡོ་རྗེ་ཞུ་བ་གཉིས་ཀྱིས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་གསུང་ཞིག་ཨིན་ཡིག་ཏུ་བསྒྱུར་གནང་མཛད་ཅིང་། དེ་ལ་བརྟེན་ནས་ཁོང་འབྲུག་ཡུལ་དུ་གནས་གཟིགས་ལ་ཕེབས་ཐུབ་པའི་སྐོར་ལ་ཀིརྟི་སྐྱབས་མགོན་ཚང་གིས་མཛད་པའི་རབ་བྱེད་ཞབས་བཏགས་མའི་ནང་དུ་‘‘རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་རྗེ་ཙོང་ཁ་པའི་གསུང་ཞིག་ཨིན་སྐད་དུ་བསྒྱུར་དགོས་ཞེས་འབྲུག་པ་དྲག་ཤོས་ར་ཛ་རྡོ་རྗེ་མཆོག་ལ་བཀའ་ཡིག་ཅིག་ཕེབས་ཡོད་འདུག་པས། ར་ཛ་རྡོ་རྗེས་དགེ་འདུན་ཆོས་འཕེལ་ལགས་རོགས་པར་བཙལ་ནས་བསྒྱུར་རོགས་ཞུས་ཏེ་ཟླ་བ་གཉིས་ཙམ་ནས་བསྒྱུར་ཟིན་མཚམས་སུ། ར་ཛ་རྡོ་རྗེའི་རོགས་རམ་ལ་བརྟེན་དགེ་ཆོས་ལགས་འབྲུག་ཁུལ་དུ་གནས་གཟིགས་ལ་ཕེབས་པ་རེད་’’30ཅེས་བཀོད་ཡོད་པ་འདིར་དྲངས་པ་ཡིན།
ཕྱི་ལོ་༡༩༤༥ལོར་དགེ་འདུན་ཆོས་འཕེལ་ལགས་ལྷ་སར་ཕེབས་རྗེས། ཁོང་གིས་ཕྱག་ལས་གཙོ་བོ་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོའི་ཕྱོགས་ལ་གནང་ཡོད། ཡིན་ནའང་ད་དུང་ཡང་རྒྱུ་རྐྱེན་གང་ཡིན་གསལ་པོར་མི་ཤེས་པའི་ཉེས་མིང་འོག་དམ་པ་ཁོང་བཙོན་དུ་བཅུག་ཅིང་། ཁོང་བཙོན་ནས་གློད་གྲོལ་བྱས་རྗེས་ཀྱི་ལོ་ཁ་ཤས་ཀྱི་རིང་དུ་ཕྱོགས་མེད་ཞལ་སློབ་མང་པོར་སྙན་ངག་དང་། རྒྱལ་རབས་ལོ་རྒྱུས། ཨིན་ཡིག དབུ་མ། སྔགས། ལེགས་སྦྱར་གྱི་སྐོར་སོགས་འཆད་ཁྲིད་གནང་། བོད་གཞུང་གི་བཀའ་འབྲེལ་བཞིན་རང་རེའི་དམག་སྒར་ཁག་གི་དམག་རྩེད་སྦྱོང་སྐབས་ཀྱི་ཨིན་ཇིའི་སྒྲ་མདངས་རྣམས་བོད་མིའི་ཕ་སྐད་དུ་གཏན་ཕབ་གནང་བའི་ལོ་རྒྱུས་ཡོད་ལ། ལྷག་པར་དུ་རྒྱལ་ཚབ་སྟག་ལུང་བྲག་གི་བླ་བྲང་ནང་གདན་ཞུས་གནང་སྟེ་སྟག་བྲག་རི་ཁྲོད་དུ་ཟླ་བ་གཉིས་ཙམ་བཞུགས་ཤིང་། དེ་དུས་རྒྱང་འཕྲིན་ནས་ཐོན་པའི་རྒྱལ་སྤྱིའི་གསར་འགྱུར་ཁག་རྣམས་ཨིན་སྐད་ལས་བོད་བསྒྱུར་གནང་ནས་སྲིད་སྐྱོང་རིན་པོ་ཆེར་སྙན་འབུལ་མཛད་31པ་རེད། སྐབས་དེར་ཁོང་གིས་མ་ཉེས་ཁ་གཡོག་གི་བཙོན་ཁང་དང་། དྲན་ཤེས་སྦྲིད་ཐབས་ཀྱི་ཨ་རག ཞལ་ཕྱག་འདར་ནས་གསུང་ངག་བརྟོལ་མི་ཐུབ་པའི་གནས་སྟངས་མང་པོ་ཞིག་བརྒྱུད་དགོས་བྱུང་བས། ཕྱི་ལོ་༡༩༥༡ལོར་བསྙུང་གཞི་ལྕི་བོས་ནོན་པའི་ཐོག་སྐུ་ལུས་ལ་ཆུ་གསོག་སྐྲངས་སྦོས་ཤིག་བྱུང་བས། ལོ་དེའི་ཟླ་བརྒྱད་པའི་ཚེས་བཅུ་བཞིའི་དགོང་དྲོ་ལྷ་སའི་ཆུ་ཚོད་བཞི་པ་ཙམ་ལ། བོད་ཀྱི་རྒྱལ་ས་ལྷ་སའི་དགའ་རུ་ཤག་གི་ཡང་སྟེང་དུ་གངས་ཅན་མཁས་པའི་ཁྱུ་མཆོག་དམ་པ་གང་ཉིད་དགུང་གྲངས་ཞེ་དགུའི་ཐོག་སྐུ་གཤེགས་པ་རེད།
མཁས་པའི་ཁྱུ་མཆོག་ཁོང་སྐུ་གཤེགས་རྗེས། ཁོང་གིས་ཨིན་ཡིག་ཏུ་མཛད་པའི་བརྩམས་ཆོས་འདི་དག་ལ་དུས་ཡུན་རིང་པོར་བདག་པོ་གནང་མཁན་བྱུང་མེད་མོད། ༡༩༨༥ལོར་ཧོས་ཌིར་ལགས་ཀྱིས་བརྩམས་པའི་ཨ་མདོའི་སློང་མོ་བ་ཞེས་པའི་དེབ་ཏུ་‘‘མ་ཕམ་གཡུ་མཚོ་’’དང་། ‘‘མི་ལ་རས་པའི་དྲིས་ལན་’’32ཞེས་པའི་སྙན་ངག་འདི་གཉིས་ངོ་སྤྲོད་དང་འབྲེལ་དེབ་དེའི་ནང་དུ་བཅུག་ཡོད་ལ། ༡༩༩༥ལོར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བཏོན་པའི་རླུང་རྟ་ཞེས་པའི་ཨིན་དེབ་ཏུའང་དགེ་ཆོས་ཀྱི་སྙན་རྩོམ་ཁག་བཞི་33ཕྲེང་བར་སྤེལ་བ་རེད། དེ་བཞིན་དུ་ཉེ་ཆར་བཏོན་པའི་བཙན་བྱོལ་ནང་གི་སྒྱུ་རྩལ་ཞེས་པའི་སྙན་ངག་ཕྱོགས་བསྒྲིགས་དུས་དེབ་ཏུ་དགེ་ཆོས་ཀྱི་སྙན་ངག་ཁག་བཞི་34སྤེལ་ཡོད་པས་མི་ཚད། དེབ་དེའི་སྔོན་གླེང་ནང་དུ་‘‘བོད་མི་ཞིག་གིས་ཨིན་ཡིག་གི་ལམ་ནས་སྙན་ངག་འབྲི་མཁན་ཐོག་མ་ནི་ཕལ་ཆེར་དགེ་འདུན་ཆོས་འཕེལ་ལགས་རེད་’’ཅེས་བྲིས་འདུག དགེ་ཆོས་ཀྱི་སྐུ་ཚེའི་སྐོར་ལ་ཉམས་ཞིབ་ནན་པོར་གནང་མཁན་ཨ་རི་བ་སྐུ་ཞབས་སྒྲོལ་ནཱ་སྒྲི་(Donald S. Lopez Jr)ལགས་ཀྱིས་བརྩམས་པའི་རིག་པ་དལ་གྱིས་ཡལ་བའི་ནགས་ྐློང་ཁྲོད་དུ་ཞེས་པའི་དེབ་ཀྱི་ནང་དུའང་དགེ་ཆོས་ཀྱི་སྙན་རྩོམ་ཁག་35འདྲེན་བཀོད་བྱས་འདུག་པས། དགེ་ཆོས་ཀྱི་ཨིན་རྩོམ་ཁག་གི་མཛད་པ་འཕྲིན་ལས་མུ་མཐུད་དུ་རྒྱས་བཞིན་ཡོད།
དྲན་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་ཨིན་རྩོམ་བརྩམས་ཆོས་ཁག་ང་ཚོའི་མིག་མདུན་དུ་གསོན་པོར་གནས་བཞིན་ཡོད་ནའང་། དམ་པ་ཁོང་གིས་མི་གཞན་དང་གཞན་གྱི་ལྷན་དུ་བསྒྱུར་གནང་མཛད་པའི་བསྟན་བཅོས་ཁག་ད་ལྟ་ང་ཚོའི་མཇལ་ཡུལ་དུ་མེད་པ་རེད། ཡིན་ནའང་དགེ་ཆོས་དང་དགེ་སློང་ཇི་ནོ་ར་སི་རྣམ་གཉིས་ཀྱིས་བསྒྱུར་བའི་སྤྱོད་འཇུག་གི་ཨིན་འགྱུར་མ་ཕྱིས་སུ་འབྲས་ལྗོངས་ནས་གསར་རྙེད་བྱུང་བའི་ལོ་རྒྱུས་གོ་རྒྱུ་འདུག དགེ་ཆོས་ལགས་ཀྱིས་གསུངས་དོན་‘‘ང་ཨིན་ཇིའི་ལུང་པར་(རྒྱ་གར)ཕྱིན་པ་ཡིན། དེ་དུས་དེབ་ཅིག་བསྒྱུར་ཡོད། དེབ་དེ་ཞེ་དྲག་ཡག་པོ་བསྒྱུར་ཡོད། དེ་དུས་ངས་དབྱིན་ཇི་ཡག་པོ་ཞེ་དྲག་ཤེས་ཀྱི་ཡོད། དེ་འདྲ་སོང་ཙང་དབྱིན་ཇིའི་གཞུང་ནས་ང་ལ་བསྡད་རོགས་ཕོགས་ཆེན་པོ་སྤྲོད་ཀྱི་ཡིན་ཞེས་མང་པོ་ཟེར་གྱི་འདུག ང་རྩ་བ་ནས་མ་བསྡད་པས་དེའི་སྐབས་ནས་དབྱིན་ཇི་ཚོས་ང་ལ་མ་དགའ་བ་ཞེ་པོ་ཅིག་ཆགས་སོང་’’36ཞེས་གསུངས་པ་སྣང་རྩེ་ཤག་གི་མི་དཔོན་སྐུ་ངོ་བཀྲ་ཤིས་དཔལ་ར་བ་མཆོག་ལ་དགེ་ཆོས་ཀྱི་སྐོར་ལ་དྲི་བ་དྲིས་ལན་ཞུས་པའི་ནང་དུ་གསལ་བས། ང་ཚོས་དགེ་ཆོས་ཀྱིས་ཨིན་འགྱུར་མའི་བསྟན་བཅོས་ཁག་ལ་ཞིབ་འཇུག་ཅིག་ཅིས་ཀྱང་གནང་དགོས་པ་མཐོང་ནའང་། ཁོ་བོར་དཔྱད་གཞི་ཡིག་ཆ་སོགས་ཀྱིས་སྟོངས་པས་དགེ་ཆོས་ཀྱི་རབ་བྱེད་འདིར་རེ་ཞིག་བཞག་གོ
1) རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན། རྒྱལ་བ་རིན་པོ་ཆེ། རྒྱ་གར། ༢༠༠༨ ཤོག་གྲངས་༢
2) གཡུང་དྲུང་རྒྱལ་ལགས་སུ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅའ་འདྲི་ཞུས་པ་ཞེས་པའི་ནང་དུ་གསལ། བཅའ་འདྲི་འདི་ནི་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་གློག་བརྙན་བཟོ་མཁན་སྐུ་ཞབས་ལཱིག་(Luc Schaedler) ལགས་ཀྱིས་བཅའ་འདྲི་ཞུས་ཤིང་། ཁོང་གིས་ཐུགས་ཁྲོས་པའི་དགེ་སློང་(angry monk)ཞེས་པའི་གློག་བརྙན་བཟོ་སྐབས། དགེ་ཆོས་མཆོག་ལ་ཐུགས་རྒྱུས་ཡོད་པའི་མི་སྣ་མང་པོར་བཅའ་འདྲི་ཞུས་པ་ཁག ད་ལོའི་དཔྱིད་ཀར་སྐུ་ཞབས་དགེ་འདུན་རབ་གསལ་གྱི་ཕྱག་ཏུ་སོན་འདུག ཁོང་གིས་སྤྱི་དོན་གྱི་ཆེད་དུ་ཁ་བརྡ་དྲ་བར་སྤེལ་འདུག་པས། ཁོང་རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ།
3) ཨ་ལགས་ཙ་ཡུས་མཆོག་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅའ་འདྲི་ཞེས་པར་གསལ།
4) ཨ་ལགས་ཡོངས་འཛིན་ཚང་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅའ་འདྲི་ཞེས་པར་གསལ།
5) དགེ་འདུན་ཆོས་འཕེལ་གྱི་རྟོགས་བརྗོད་དག་པའི་སྣང་བ། ཧོར་ཁང་བསོད་ནམས་དཔལ་འབར། ༡༩༨༣ བོད་ལྗོངས་ཞིབ་འཇུག་དེབ་གཉིས་པ། ཤོག་གྲངས་ ༡༠
6) ཕྲན་གྱིས་ལྦེ་ཁེ་རིག་མཛོད་གཙོས་པའི་དྲ་རྒྱ་ཁག་ཏུ་པཎཌིཏ་ར་ཧུ་ལ་མཆོག་གི་སྐུ་ཚེ་ལོ་རྒྱུས་སྐོར་ྐློག་སྐབས། གྲངས་འདྲེན་འདི་དག་རྙེད་བྱུང་།
7) དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་དང་པོ། ༡༩༩༠ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་གྲངས་ ༧
8) Le mendiant de l’Amdo Heather Stoddard Publications de la Société d’ethnologie, Nanterre 1985 P 173
9) མཁས་དབང་གོ་འཇོ་བླ་ཆུང་གི་གསུང་རྩོམ་སྣ་རིང་མར་གསལ། སྐུ་ཞབས་བློ་གྲོས་ཟླ་འོད་ལགས་ཀྱིས་རྩོམ་ཡིག་འདི་རེབ་གོང་རིག་མཛོད་དྲ་བར་སྤེལ་ཡོད་པ་ལས་ཟུར་དུ་བཏོན།
10) དགེ་འདུན་ཆོས་འཕེལ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། ༢༠༠༢ རྒྱ་གར། ཤོག་གྲངས་༡༡
11) ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་དབུ་འཛིན་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དགེ་ཆོས་ཀྱི་ཕྱག་འཕྲིན་ཨིན་ཡིག་ཏུ་ཡོད་པ་ཁག་སྐུ་ཞབས་ལཱིག་ལགས་ལ་གནང་འདུག་པ་དང་། ཉེ་ཆར་ཁོ་བོའི་ལག་ཏུའང་ཕྱག་འཕྲིན་དེ་དག་རེག་བྱུང་། ཁོ་བོས་ཕྱག་འཕྲིན་ཁག་ལས་དུམ་བུ་རེ་རེ་བོད་ཡིག་ཏུ་བསྒྱུར་ཡོད།
12) ཨ་མདོ་བྱམས་པར་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅའ་འདྲི་ཞེས་པར་གསལ།
13) Le mendiant de l’Amdo Heather Stoddard Publications de la Société d’ethnologie, Nanterre 1985 P 177
14) Le mendiant de l’Amdo Heather Stoddard Publications de la Société d’ethnologie, Nanterre 1985 P 207
15) Le mendiant de l’Amdo Heather Stoddard Publications de la Société d’ethnologie, Nanterre 1985 P 191
16) Kumbum, The Mystic City. Mahabodhi Journal. Calcutta, August 1939 (355-58). By Lama Gendun Chompell
17) ཨ་མདོ་བྱམས་པར་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅའ་འདྲི་ཞེས་པར་གསལ།
18) MY JOURNEY FROM KUMBUM TO LHASSA Calcutta, July 1940 (241-243) By Lama Geshe Chomphell
19) Lhassa, The Capital of the Land of Snows. Mahabodhi Journal. Calcutta, April 1940 (115-119).
By Lama Geshe Chompell
20) An Ill-Starred Dalai Lama. Mahabodhi Journal. Calcutta, October 1940 (370-374).
By Lama Geshe Chophell of Tibet
21) ENGLISH POEMS OF GENDUN CHOEPHEL
Manassarowar By Geshe Chompell Oh Where? By Geshé [sic] Chompell Rebkong By Geshé Chompell Milarepa’s Reply By Geshé Chompell. Mahabodhi Journal. Calcutta (November 1940).
22) ཧོས་ཌིར་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅའ་འདྲི་ཞེས་པར་གསལ། ཨ་མདོའི་སློང་མོ་བ་ཞེས་པའི་དེབ་ཏུའང་ཟུར་ཙམ་གསལ ཧོས་ཌིར་གྱིས་ཕལ་ཆེར་རོལ་རིག་གིས་རོགས་རམ་གནང་བ་མིན་ནམ་ཞེས་བརྗོད་འདུག
23) Two Famous Bengali Pandits. Mahabodhi Journal. Calcutta, January 194- 31-32).By Lama Geshe Chompell
24) The Bosat: Journal of Moral Advancement, Universal Service & Peace. Colombo 1942 (62-64).
25) The blue Annals. George N. Roerich first Edition Calcutta 1949. Introduction. xxi
26) དགེ་འདུན་ཆོས་འཕེལ་གྱི་རྟོགས་བརྗོད་དད་པའི་ སྣང་བ། ཧོར་ཁང་བསོད་ནམས་དཔལ་འབར། ༡༩༨༣ བོད་ལྗོངས་ཞིབ་འཇུག་དེབ་གཉིས་པ། ཤོག་གྲངས་ ༡༤
27) དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༡༩༩༠ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་གྲངས་༣༩༧
28)དགེ་འདུན་ཆོས་འཕེལ་གྱི་རྟོགས་བརྗོད་དད་པའི་སྣང་བ། ཧོར་ཁང་བསོད་ནམས་དཔལ་འབར། ༡༩༨༣ བོད་ལྗོངས་ཞིབ་འཇུག་དེབ་གཉིས་པ། ཤོག་གྲངས་ ༡༥
29) མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་དགེ་འདུན་ཆོས་འཕེལ་འབྲུག་ཡུལ་དུ་ཕེབས་པའི་སྐོར་ཞེས་པའི་རྩོམ་ཞིག་བྲིས་ཡོད་པ་དེའི་ནང་དུ་བརྗོད་གཞི་འདིའི་སྐོར་གླེང་འདུག
30) དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ། གསུང་རྩོམ་ཕྱོགས་བསྒྲིགས་དེབ་ཕྲེང་གཉིས་པ། ཀིརྟི་བློ་བཟང་བསྟན་འཛིན། ༢༠༠༣ རྒྱ་གར། ཤོག་གྲངས་༦༥
31) དགེ་འདུན་ཆོས་འཕེལ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། ༢༠༠༢ རྒྱ་གར། ཤོག་གྲངས་༢༥
32) Le mendiant de l’Amdo Heather Stoddard Publications de la Société d’ethnologie, Nanterre 1985 P 325
33) Lungta 9 Amnye Machen Institute 1995 P 12-13
34) Muses in exile An Anthology of Tibetan Poetry
35) In the Forest of Faded Wisdom: 104 Poems by Gendun Chopel, a Bilingual Edition (Buddhism and Modernity) P 101-104
36) དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ། གསུང་རྩོམ་ཕྱོགས་བསྒྲིགས་དེབ་ཕྲེང་གཉིས་པ། ཀིརྟི་བློ་བཟང་བསྟན་འཛིན། ༢༠༠༣ རྒྱ་གར། ཤོག་གྲངས་༡༤༤
ཧྲ་གི
ཐོས་གསུམ་སྒོམ་གསུམ་དགེ་ཆོས་ཡག་ཕྱོགས་ཡིན།།
རྒྱོ་ཆང་དུ་གསུམ་དགེ་ཆོས་སྡུག་ཕྱོགས་ཡིན།།
འཆད་རྩོད་རྩོམ་གསུམ་དགེ་ཆོས་རྐང་རྗེས་ཡིན།།
འཁྱམ་ཉུལ་ཉལ་གསུམ་དགེ་ཆོས་མི་ཚེ་ཡིན།།
བསམ
སྙན་ངག་སྨྲ་བ་སྟོང་གི་སོར་རྩེར་ངལ་བའི་ཁུར་པོ་ཁྱོད་ཀྱིས་འབྱིན།
རིག་པ་འཆད་པ་ཁྲི་ཡི་ལྕེ་ལ་ཐག་ནག་མདུད་པ་ཁྱོད་ཀྱིས་འདེབས།
རིག་པའི་གྲོང་ཁྱེར་མིང་དུ་འཁྱེར་བའི་ལུང་ཆུང་སྔོ་ལྗང་ཅན་དེ་རུ།
ཁྱེད་ཉིད་བྱོན་པ་ས་ཡིས་མ་ཐེགས་གནམ་མཐའི་སྐར་མ་ལེན་དུ་ཕེབས།
ལྟ་གྲུབ་རིག་པའི་རྫོང་བ་མཐུག་པ་དབུས་གཙང་སྨག་གི་གཞོང་པ་ན།
རིག་གསར་སྐར་ཆེན་འོད་ལ་བརྟེན་ནས་སྐྱ་རེངས་གསར་པ་བསུ་འདོད་མོད།
གངས་ལྗོངས་རྒུད་པའི་ལས་ཀྱི་འདྲེ་མོ་མི་མངོན་ཁྱེད་ཀྱི་རྐང་ལ་འཐམས།
འབད་པའི་བསྒྲུབས་པའི་རིག་པའི་ལུས་དེ་ཆང་དང་དུ་བའི་ནང་དུ་ཐིམས།
དགེ་འདུན་ཆོས་འཕེལ་ལྟ་བུའི་བོད་མི་ཞིག་དེང་སང་ཡོད་རྒྱུ་ན་གོང་ས་མཆོག་གི་ཕྱག་རོགས་ཤིག་ཏན་ཏན་ཡོང་ངེས་རེད། དེ་མིན་ཟམ་གདོང་བླ་མ་མཁས་པ་ཆེན་པོ་རེད་དེ་ཁོང་གི་གཏམ་བཤད་ནང་ལ་ནི་ཚན་རིག་ལ་དགག་པ་བརྒྱབ་འདུག །ཚན་རིག་ཤེས་བྱ་ཡིན་ཡང་རིག་གནས་མིན་ཞེས་གསུངས་པ་ནི་རིག་གནས་ཀྱི་རྩ་བ་ཡི་གེ་ཙམ་ལ་བློ་གཏོད་པ་གསལ་བོ་རེད། དེ་མིན་གོང་ས་མཆོག་གི་དགོངས་གཞི་དང་ཧ་ཅང་གི་བར་ཐག་རིང་བའི་ལྟ་བ་མཁྲེགས་འཛིན་ཅན་དག་གིས་མིའི་རྣམ་དཔྱོད་ལ་བསྒུལ་བསྐྱོད་ཐེབས་པའི་ནུས་པ་བསྐྲུན་ཐུབ་མེད། ད་དུང་བོད་པའི་ན་གཞོན་ཕལ་ཆེ་བ་དོན་གཉེར་མེད་ལ་གྲྭ་བ་བླ་མ་ཟེར་དུས་ཟོག་པོར་མཐོང་བ་ལས་ཡོན་ཏན་མཐོང་དཀོན་པ་ནི་རྣམ་འབྱེད་ཀྱི་ཤེས་རབ་དང་དོ་སྣང་མེད་པས་ནོངས་སོ།།
དགེ་འདུན་ཆོས་འཕེལ་ནི་དངོས་གནས་བོད་ཀྱི་མཁས་དབང་ཚད་ཐུབ་ཅིག་རེད།
དབྱིན་ཡིག་ཏུ་རྩོམ་མཛད་མཁན་ཐོག་མ་ཡང་་རེད་བཞག
དད་པ་ཡོད།
དབྱིན་ཡིག་ཅེས་འབྲི་རོགས།
སྙན་བཟང་བས་དཔྱད་རྩོམ་ཡག་པོ་བྲིས་འདུག རྒྱུ་ཆ་གསར་པའམ་མ་མཐོང་བ་མང་དུ་བཀོད་འདུག་པས་བཀའ་དྲིན་ཆེ་ཞུ།
་་་་་ ‘‘མཚན་སྙན་མེད་པའི་ཏཱ་ལའི་བླ་མ་’’ཞེས་པའི་རྩོམ་འདི་ནི་རྒྱལ་དབང་སྐུ་འཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མཛད་རྣམ་ཧ་ཅང་ཉིང་བསྡུས་སུ་བྲིས་པ་ཞིག་ཡིན་ནའང་། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ནི་སོག་པོ་དབང་སྒྱུར་བས་བཀྲོངས་པ་མིན་པར། ཁོང་ཨ་མདོའི་ཕྱོགས་སུ་བྲོས་བཤོལ་དུ་ཕེབས་ནས་ཕྱིར་ལྷ་སར་ལོག་ཅིང་། དེ་ནས་རྒྱ་གར་སོགས་སུ་སྐུ་ཚེ་བསྐྱལ་བའི་ལོ་རྒྱུས་ཤིག་རེད། ་་་ཟེར།
ངལ་བས་བྲིས་བ་ཐུགས་རྗེ་ཆེ། ད་དུང་ཀློག་མ་ཚར་བས་དལ་མོ་བྱས་ནས་ཀློག་གི་ཡིན།
དེང་རབས་མཁས་དབང་མེས་པོ། །
དགེ་ཆོས་བོད་ཀྱི་མཁས་པ་རེད། །
དེང་རབས་མཁས་དབང་དང་པོ་རེད། །
དགེ་ཆོས་ནང་ཆོས་སྐད་མང་མཁས། །
ལོ་རྒྱུས་འདོད་བསྟན་སོགས་ཀྱང་མཛད། །
ཐོན་མི་མཁས་དབང་དང་པོར་གྲག །
བར་དུ་རྣམ་པ་སྣ་ཚོགས་བྱོན། །
མཐའ་མ་དེང་རབས་ཚན་ཚིག་སྐབས། །
མཁས་དབང་དང་པོ་ཁྱོད་ཉིད་ཙམ། །
མཚན་སྙན་སྲིད་མཐར་རྟག་བརྟན་ཤོག །
ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
སྐྱེས་བུ་དམ་པར་གེགས་དང་བར་ཆད་མང་། ཞེས་གནའ་མི་བོད་ཀྱི་གཏམ་དཔེ་ནང་དུ་ཡོད་པ་རེད།
ཡིན་ནའང་དམ་པ་ཁོང་གི་སྐུ་ཚེ་ལ་བར་ཆད་བཏང་བ་དེ་ནི་སྔོན་གྱི་ལས་ཀྱི་དབང་གིས་མ་ཡིན་པར་སྐབས་དེའི་དཔོན་ངན་རེ་ཟུང་གི་ངན་སྐུལ་ལ་བརྟེན་ནས་བྱུང་བ་ཡིན་པ་སྨྲས་ཅི་དགོས།
རྩོམ་ཡིག་ཟེར་ན་འདི་འདྲ་འབྲི་དགོས་པ་ཡིན་པ་རེད། སྙན་བཟང་གིས་དཀའ་ལས་བརྒྱབ་འདུག ཐུགས་རྗེ་ཆེ། བོད་ཡིག་དང་དབྱིན་ཡིག་གི་བསླབ་དེབ་ཟེར་བ་སྐོར་ཞིག་དུས་ཚོད་འདི་ཙམ་རྒྱ་གར་ནས་བཏོན་འདུག དགེ་ཆོས་དེ་ལ་འབྲེལ་བ་ཡོད་དམ་མེད།
མང་པོ་ཞིག་བྲིས་ནས་དཀའ་ལས་རྒྱབ་ཡོད་གི ཡིན་ནའང་གསར་པ་གང་ཡང་མ་རེད།
ཕྱི་ནི་སྨིན་པའི་ཨ་མྲ་ཞིག
སྨིན་པར་འདོད་པའི་སོ་སྐྱེས་ཀྱིས།
འཁོར་འདས་ལུགས་ལ་དཔྱད་ཙམ་གྱིས།
ལོ་རྒན་གཅིག་གི་མཁས་མིང་ཟིན།
ཚན་རིག་འདེད་པའི་རྣམ་དཔྱོད་ཞན།
ཨེ་ཡིན་སུ་ཐན་ཤེས་མ་ཤེས།
ཆབ་སྲིད་གོ་རྟོགས་དེ་བས་ཞན།
གུང་ཁྲན་སྐྱབས་ཀྱི་ལྟ་བ་མནོལ།
དགེ་སློང་སྡོམ་པ་བོར་བ་རྣམས།
བདེ་གཤེགས་མཁྲིས་སུ་ལྷག་ཏུ་བཅར།
འབྲས་བུ་ཕྱུངས་བའི་བོང་བུ་རྣམས།
བོང་མ་སྟེང་དུ་རྒྱུན་ཏུ་ལྡིང་།
དེ་ཕྱིར་ངལ་འབྲས་མེད་པ་ཡི།
ལས་རྣམས་སྤངས་ནས་དོན་ཡོད་སྒྲུབས།
གེ་སེར་ལྟ་བུའི་དཔའ་བོ་ལ།
བསྟོད་ནས་ཉི་མ་མ་བསྐྱེལ་རོགས།
འཁྲིས་སུ་ལ་བཅོས་རོགས།
འཛམ་གླིང་འཛིན་མའི་དབུ་རྩེ་བོད་ཡུལ་ན།། དུས་རབས་གསར་པའི་འོད་སྟོང་འདྲེན་མཛད་པའི།།
རླབས་ཆེ་ཕྱག་རྗེས་རི་བས་ཆེར་བཞག་པའི།། གྲགས་པ་དོན་ལྡན་དགེ་ཆོས་ཁྱེད་ལ་འདུད།།
འགའ་ཞིག་ཁྱེད་ལ་བསྟོད་པའི་རྒྱུད་མང་དཀྲོལ།། འགའ་ཡིས་ཁྱེད་ལ་སྨད་པའི་གོ་ཐལ་གཏོར།།
རང་སེམས་འཆར་སྒོ་ཡངས་པའི་ནང་ཤེད་ན།། ངེས་པ་དོན་གྱི་མཁས་དབང་ཁྱེད་ཁོ་ན།།
ཆེས་མཐོ་དབུ་མའི་གནད་ནས་བཟུང་སྟེ།། འཇིག་རྟེན་ཀུན་དགའ་འདོད་པའི་བསྟན་བཅོས་བར།།
རྣམ་དག་རིགས་པའི་ལམ་ནས་འདོམས་མཛད་པས།། སྲིད་འདིར་ཁྱེད་ལ་འགྲན་ཟླ་ཅང་སྲིད་དམ།།
དེང་སང་གངས་ཅན་འཛིན་མའི་འཁྱོན་ཡངས་པོར།། རྩོམ་པའི་མིང་གི་བརྗིད་པ་མང་ན་ཡང་།།
ཁྱེད་ཀྱི་རྗེས་སུ་འཇུག་པ་མ་གཏོགས་པར།། ཁྱེད་ཀྱི་སྔོན་དུ་ཐོན་པ་ཅང་མ་མཐོང་།།
སྙན་བཟང་ལགས་ནས་གོང་གི་རྩོམ་ཡིག་ནང་ཀན་ཝལ་དང་དགེ་ཆོས་གཉིས་ཀ་ལི་ཀ་ཏར་ཐོག་མར་ཐུག་འཕྲད་བྱུང་བ་དང་ཀན་ཝལ་བོད་དུ་དཔེ་རྙིང་འཚོལ་སྒྲུབ་ཆེད་བསྐྱོད་པའི་སྐོར་ཞིག་བྲིས་འདུག
ཀན་ཝལ་བོད་དུ་བསྐྱོད་པར་ལས་དོན་མང་དག་ཅིག་ཡོད་ཀྱང་གཅིག་ནི་སྐབས་དེའི་རྒྱ་གར་དབྱིན་གཞུང་གིས་༸གོང་ས་སྐྱབས་མགོན་ཆེན་པོའི་ཁྲི་འདོན་མཛད་སྒོའི་སྣང་བརྙན་རི་མོར་འགོད་ཆེད་མངགས་གཏོང་བྱས་པ་ཞིག་ཡིན་འདུག
དགེ་ཆོས་དང་ཐོག་མར་ཐུག་ས་ནི་ཀ་ལི་ཀ་ཏར་མིན་པར་གཞིས་ཀ་རྩེར་ཡིན་པ་ཀན་ཝལ་གྱིས་བྲིས་པའི་རྩོམ་ཡིག་ནང་ཤིན་ཏུ་གསལ། ཀན་ཝལ་དང་ར་ཧུལ་གཉིས་རྒྱ་གར་ནས་མཉམ་དུ་འཐོན་རྒྱུ་བྱས་འདུག་ཀྱང་ཀན་ཝལ་ཡིག་རྒྱུགས་གཏོང་དགོས་ཀྱི་དབང་ལས་ཟླ་གཅིག་རྗེས་སུ་ལུས་འདུག འོན་ཀྱང་གཞིས་རྩེར་ཁོང་ཚོ་མཉམ་འཛོམས་བྱུང་འདུག་ལ་སྐབས་དེར་དགེ་ཆོས་ཀྱང་ར་ཧུལ་མཉམ་དུ་ཡོད་པ་རེད།
ཀན་ཝལ་དང་ར་ཧུལ་སོགས་སྣར་ཐང་དང་ངོར། ས་སྐྱ་སོགས་སུ་བསྐྱོད་སྐབས་རྒྱུས་སྟོན་བྱེད་མཁན་གཙོ་བོ་དགེ་ཆོས་ཡིན་འདུག་ཅིང་། སྐབས་དེར་ཀན་ཝལ་གྱིས་དགེ་ཆོས་ཀྱི་དབྱིན་ཡིག་སྐད་སྒྱུར་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་ཐད་གཏིང་ཟབ་པོའི་རྒྱུས་ལོན་བྱེད་པའི་གོ་སྐབས་བྱུང་འདུག་ལ། དགེ་ཆོས་ཀྱི་མཁྱེན་རྩལ་དང་གཟིགས་རྒྱང་རིང་བའི་རྣམ་དཔྱོད་འཆར་སྣང་སོགས་ལ་ཧ་ལས་པའི་ཆེ་མཐོང་དང་གུས་བརྩི་ཡོད་སྐོར་བྲིས་འདུག
ཕྱིས་དགེ་ཆོས་གྲོང་ཁྱེར་ཀ་ལི་ཀ་ཏར་ཀན་ཝལ་གྱི་ཁྱིམ་དུ་གང་འཚམ་བཞུགས་འདུག་ཅིང་འཇོར་ཇི་རོའི་རིག་George Roerichཀྱང་ཀན་ཝལ་གྱིས་ངོ་སྤྲོད་བྱས་པ་ཞིག་ཡིན་འདུག
ཀན་ཝལ་གྱི་བྲིས་པའི་རྩོམ་ཡིག་དེའི་མིང་ལ་My Days with Gedhun Chophel ཟེར་ཞིང་ལྡི་ལི་བོད་ཀྱི་ཁང་པས་སྤྱི་ལོ་༡༩༨༨ལོའི་བོད་ཁང་དུས་དེབ་ཐོག་བཏོན་འདུག
ཉེ་ཆར་སྤྱི་ཚེས་༢༠ཉིན་ཁོ་བོ་ལས་དོན་ཞིག་གི་ཆེད་ལྡི་ལི་བོད་ཁང་དུ་བསྐྱོད་སྐབས་རྩོམ་ཡིག་དེ་མཇལ་ཞིང་ལམ་སེང་བོད་ཁང་དཔེ་མཛོད་ཀྱི་ལས་བྱ་བར་པར་སློག་ཡོང་བའི་རེ་བ་བཏོན་པ་ལྟར་ཁོང་གིས་དེ་མ་ཐག་པར་སློག་བསྐྱོན་ཏེ་རིན་མེད་དུ་གནང་བྱུང་།
ཀན་ཝལ་གྱིས་དགེ་ཆོས་མཇལ་སྐབས་ནི་དགེ་ཆོས་རྒྱ་གར་དུ་ཕེབས་ནས་སླར་བོད་དུ་ཕེབས་པའི་སྐབས་ཡིན་སྟབས་དགེ་ཆོས་ཀྱི་དབྱིན་སྐད་ལ་ཡར་རྒྱས་ཆེན་པོ་ཕྱིན་པ་གསལ་པོ་རེད། ཀན་ཝལ་གྱིས་་་་ང་རང་དགེ་ཆོས་དང་ཐུག་སྐབས་ཁོང་གིས་དབྱིན་སྐད་ཐོག་མེད་དུ་བསྐྱོན་གྱི་འདུག་ལ། དུས་སྐབས་དེར་བོད་པ་ཞིག་གིས་དབྱིན་སྐད་དེ་འདྲའི་ལེགས་པོ་རྒྱག་ཐུབ་པའི་ཚོད་དཔག་མེད་མཁན་ཞིག་ལ་མཚོན་ན་ངོ་མཚར་སྐྱེ་དགོས་པ་ཞིག་རེད།་་་་ཅེས་བྲིས་འདུག
སྐུ་ཞབས་འཇིགས་མེད་བློ་གྲོས་ལགས། ངས་དགེ་ཆོས་ལགས་དང་ཀཱང་བཱེ་གཉིས་ཐོག་མར་མཇལ་ས་ཀ་ལི་ཀ་ཏ་རེད་ཡིན་པ་ག་ཤེད་ཅིག་ནས་མཐོང་བྱུང་། ཡིན་ནའང་ཁྱེད་ཀྱིས་གསུངས་པ་དེ་ཚད་གྲུབ་རེད། ངས་ཀཱང་བཱེ་ལགས་ཀྱི་དེབ་མིང་མཐོང་བ་ལས་དེབ་དེ་མཐོང་མ་བྱུང་། ངའི་སེམས་ན་དེ་ནི་དེབ་ཅིག་མིན་པར་རྩོམ་ཡིག་ཐུང་ཐུང་ཞིག་མིན་ནམ་སྙམ་ནས་བསྡད་ཡོད། ད་དུང་ང་ཚོས་ཞིབ་འཇུག་བྱེད་དགོས་པ་འདྲ། པཎཌིཏ་ར་ཧུ་ལ་མཆོག་གིས་མཛད་པའི་དེབ་ཅིག་གི་ལེའུ་གཅིག་ནའང་དགེ་ཆོས་ཀྱི་སྐོར་བྲིས་ཡོད་པ་རེད་ཟེར། ལས་ཀའི་ཞོར་དུ་རྩོམ་ཡིག་འབྲི་གི་ཡོད་སྟབས་ཡག་པོ་ཞིག་ཡོང་གི་མི་འདུག་པས་དགོངས་འགལ་མེད་པ་ཞུ། དེ་གཅིག་ཡིན། དེ་ནས་རྩོམ་འདིའི་དཀྱིལ་གྱི་ཚིག་གྲུབ་ཅིག་གི་མཇུག་ཆད་འདུག ཁོང་ནི་དགེ་སློང་ཞིག་ཡིན་པ་ཞེས་པའི་མཇུག་ཏུ་ལས་དགེ་སློང་མ་ཞིག་མིན་ཚོད་འདུག་ཅེས་པ་དེ་ཡིན། ད་རྩོམ་འདི་བྐླགས་ནས་མཆན་སྤེལ་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུའོ།
གྲོགས་སྙན་བཟང་བས་དཔྱད་རྩོམ་ཞིབ་ཚགས་ལྡན་པ་བྲིས་གནང་འདུག ཡི་རངས་དང་བསྔགས་བརྗོད་ཞུ་བཞིན་ཡོད།
དྲ་གྲོགས་མཆོག་གིས་རྩོམ་ཡིག་རིན་ཐང་ཅན་ཞིག་བྲིས་འདུག དོགས་པ་རེ་ཟུང་བྱུང་བ་ནི་ཕྱི་རྒྱལ་བའི་མིང་འགའ་ཞིག་གི་སྐོར་ལ་དོགས་པ་རེ་ཟུང་འདུག མིང་དེ་ཚོ་ཁྱེད་ལ་་ཅི་ལྟར་རག་པ་ཡིན། དཔེར་ན་། དམ་པ་ཁོང་རྒྱ་གར་གྱི་མི་རིགས་ཡིན་པའི་སྐུ་ཞབས་ཇཱང་ཁཱ་ (JINGKA MAIM KRTAGYA )ཞུ་བ་དང་སྐུ་ཞབས་མཱེ་རེ་(MERI JIVAN YATRA) སོགས་ལའང་ཐུག་འཕྲད་བྱུང་བའི་ལོ་རྒྱུས་ཡོད་པ་མཐོང་ནའང་ ཞེས་པ་འདིར་ཚོན་ན MERI JIVAN YATRA ཟེར་བའི་དོན་ནི་ངའི་མི་ཚེའི་འག྄རུལ་བཞུད་ཅེས་པ་ཡིན་པས་རྩོམ་ཞིག་གི་མིང་ལས་མིའི་མིང་འདྲ་བོ་མི་འདུག
ངས་གོ་མྱོང་བ་ཞིག་ལ་ཁོང་གིས་ཨུ་རུ་སུ་ལུང་པར་ཐེངས་གཅིག་འགྲོ་ཐུབ་ན་ཞེས་ཡང་ཡང་གསུང་གི་རེད་ཟེར།རོགས་པ་ཞིག་གིས་ག་རེ་ཡིན་ན་ཞུས་བས།དེང་སང་འཛམ་གླིང་གི་མཁས་པ་སྐད་གྲགས་ཅན་ཚང་མ་ཨུ་རུ་སུ་ན་ཡོད་རེད་གསུངས་གི་འདུག་ཟེར།
འབྲུག་པ་དྲག་ཤོས་ར་ཛ་རྡོ་རྗེ་ཞེས་པ་དེ་སུ་ཡིན་ཤེས་འདོད་བྱུང་། ཕལ་ཆེར་དེ་དུས་ཀ་སྤུངས་སུ་བཞུགས་པའི་ཀ་ཛི་ཨོ་རྒྱན་རྡོ་རྗེ་ཟེར་བ་དེ་མིན་ནམ་སྙམ། གང་ལྟར་དགེ་ཆོས་ལགས་དང་འབྲུག་པ་དེ་གཉིས་ཀྱིས་གསུང་བསྒྱུར་མཛད་པའི་རྒྱལ་བ་ཙོང་ཁ་པའི་གསུང་དེ་ད་ལྟ་ཡང་མཇལ་དུ་ཡོད་དམ།