ཀླུ་སྨྱོན་ཁྲག་འཐུང་གླིང་པ།
དགེ་འདུན་ཆོས་འཕེལ་ཤེས་སམ། ཁོང་ནི་མི་ཚེ་ཐོས་པ་ལ་བསྐྱལ་པའི་མཁས་པ་ཉམ་ཆུང་ཞིག་རེད། ཁོང་ལ་དགོས་དུས་སུ་བེད་སྤྱོད་ཆོག་པའི་སྤྲུལ་སྐུ་དང་དགེ་བཤེས་ཞེས་པའི་མིང་གི་ཅོད་པན་རྫིག་པོ་དེ་གཉིས་ཀ་ཡོད་ན་ཡང་ཁོང་གིས་དེ་ནམ་ཡང་བེད་སྤྱོད་བཏང་མི་འདུག ཁོང་གིས་ནང་ཆོས་ཀྱི་སློབ་གཉེར་དེ་དགེ་ལུགས་པའི་གྲྭ་ས་ལྡི་ཚ་དང་བླ་བྲང་འབྲས་སྤུངས་གསུམ་དུ་བྱས་པ་དང་། གཞུང་ལུགས་ཀྱི་ལྟ་རྒྱ་ནི་དགེ་ལུགས་པའི་གཞུང་ལུགས་ལས་བརྒལ་ཏེ་གྲུབ་མཐའ་རིས་སུ་མ་ཆད་པར་སློབ་གཉེར་བྱས་འདུག ཁོང་ནི་ནམ་རྒྱུན་དངུལ་ལ་འཛིན་པ་མེད་མཁན་ཞིག་རེད། ཡིན་ཡང་བུ་མོ་དང་ཆང་རག་ལ་ཧ་ཅང་དགའ་མཁན་ཞིག་རེད། ཁོང་ལ་འཆི་བ་ཞེས་པའི་དུས་ཚོད་དེ་བསླེབས་དུས་འཇིག་རྟེན་འདིར་ཞེན་ཆགས་སྐྱེ་དགོས་ས་ཅི་ཡང་ཡོད་ཚོད་མི་འདུག གཅིག་བྱས་ན་མཛའ་མོ་གཡུ་སྒྲོན་ལ་ཞེན་ཆགས་ཀྱི་ཕྱི་མིག་འགའ་འཕངས་ཡོད་སྲིད། ཡིན་ཡང་། ཁོང་གིས་ཁོང་གི་མི་རྟག་སྒྱུ་མའི་ལུས་པོ་དེ་དང་མཉམ་དུ་ཆེས་རྩ་བའི་དངོས་པོ་ཞིག་གཏན་མེད་དུ་འགྱུར་བར་ཕངས་སེམས་ཧ་ཅང་ཆེན་པོ་སྐྱེས་འདུག དེ་ནི་ཁོང་གི་འགྲན་ཟླ་བྲལ་བའི་ཤེས་རབ་དེ་རེད། དེ་ཡང་ཁོང་གིས་འཆི་ཁའི་ཁ་ཆེམས་སུ། རོ་དང་འདྲ་བའི་ལུས་པོ་འདི། །ག་དུས་ཤི་ཡང་མི་འགྱོད་དེ། །གསེར་དང་མཚུངས་པའི་རྣམ་དཔྱོད་འདི། །མཉམ་དུ་ཤི་ན་ཤིན་ཏུ་ཕངས། །ཞེས་བྲིས་འདུག
ང་རང་ལ་མཚོན་ན་ཆུང་དུས་སུ་རྩ་བའི་བླ་མའི་ཞལ་ནས་དགེ་འདུན་ཆོས་འཕེལ་གྱི་སྐོར་ཐོས་པ་དང་། བླ་མའི་ཕྱག་དཔེའི་ཁྲོད་ནས་དགེ་ཆོས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་མཐོང་། དགེ་ཆོས་དང་ངའི་རྩ་བའི་བླ་མ་གཉིས་བླ་བྲང་ནས་བློ་སེམས་མཐུན་པའི་ཆོས་གྲོགས་གཉིས་རེད་འདུག ངའི་བླ་མ་ཡང་སྙན་ངག་ལ་ཐུགས་ཧ་ཅང་དགྱེས་ཤིང་སྙན་རྩོམ་དུ་མ་ཐུགས་ནས་ཤར་ཤར་སྐྱོར་བར་དགྱེས། ལོ་ངོ་དུ་མའི་རྗེས་སུ་ང་རང་རྨི་ལམ་ནང་དགེ་འདུན་ཆོས་འཕེལ་དང་ལན་གཅིག་མཇལ། ངས་སྐྱོ་གདུང་ཆེན་པོའི་འོ་དོད་འབོད་བཞིན་དགེ་ཆོས་ལ་འཐམས་ནས་སྐད་ཤུགས་ཆེན་པོས་ངུས་སོང་། ཧོབ་སྟེ་གཉིད་ལས་སད་དུས་མིག་ཆུས་སྔས་མགོ་བརླན་འདུག དེ་ནི་འཁྲུལ་སྣང་ཚར་གཅིག་རེད། དགེ་འདུན་ཆོས་འཕེལ་གྱིས་མིའི་ཁྲོད་དུ་མིའི་འཚོ་བ་བསྐྱལ་པས་ཁོང་གི་མི་ཚེ་ཡང་མིའི་མི་ཚེ་དང་མི་འདྲ་བ་གང་ཡང་མེད་ངེས། ང་ལ་ཡོན་ཏན་ཅི་ཡང་མེད། ཡིན་ཡང་སྙན་ངག་རེ་འབྲི་ཐུབ་པའི་ཤེས་རབ་ཆུང་ཆུང་ཞིག་ཡོད། སྐབས་རེར་ང་ལ་ཡང་གལ་སྲིད་འཆི་བ་ཞེས་པའི་རྔམ་པོ་ཆེ་དེ་བསླེབས་ནས་ང་རང་འཇིག་རྟེན་ཕྱི་མར་ཁྲིད་པ་ཡིན་ན། ངའི་སྐྱེ་བ་རྗེས་མ་དེར་ད་ལྟའི་སྙན་ངག་འབྲི་ཐུབ་པའི་ཤེས་རབ་ཆུང་ཆུང་འདི་བརྒྱུད་སྤྲོད་བྱེད་རྒྱུ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་བསམ་བློ་ཞིག་བརྒྱུད་མར་སྐྱེས། ལྷག་པར་དུ་གཞན་གྱིས་ངས་བྲིས་པའི་སྙན་ངག་དེ་ཚོར་བསྟོད་པའི་མཐེ་བོང་སྒྲེང་དུས་སུ་ང་ལ་དེ་འདྲའི་བསམ་བློ་ཞིག་ལན་མང་སྐྱེས།
ཀླུ་སྨྱོན་ཚང་ལ་དད་པ་ཡོད་ཀི། དད་པ་དེ་ལ་བརྟེན་ནས་བྱིན་རླབས་འཇུག་གི་ཡོད་པ་རེད། དགེ་འདུན་ཆོས་འཕེལ་གྱིས་ཁྱེད་ལ་བྱིན་རླབས་གནང་འདུག ཅིག་བྱས་ནས་ཁྱེད་དགེ་ཆོས་ཀྱི་སྤྲུལ་སྐུའང་ཡིན་སྲིད་པ་རེད།།
མངོན་པར་བསྟོད་དོ།
ཧ་ཅང་ཡག་གི
འབྲི་སྟངས་ལེགས་སོ། ནང་དོན་ལེགས་སོ། དེ་དེ་བཞིན་ཏུ་གྱུར་ཅིག སོ་ཧ།
ངས་བལྟས་ན། སྙན་ངག་ཟེར་བ་འདི་བྲིས་སྙན་པོ་བཀོལ་ཐུབ་མཁན་གཅིག་པུ་མ་རེད། རྩོམ་པ་པོར་ཐོས་རྒྱ་ཆེ་ལ། མི་ཚེའི་མྱོང་བ་ཕུན་སུམ་ཚོགས་པ་དང་། ཐོས་པ་དང་མྱོང་བ་དེ་དག་ལ་དཔྱད་པ་གཏིབ་ཟབ་བྱེད་པའི་རྣམ་དཔྱོད་སྒོ་ཡངས་པ་ཞིག་དགོས་སྙམ། དགེ་ཆོས་དང་ཀླུ་སྨྱོན་གཉིས་ཀ་ཐོས་རྒྱ་ཆེ་ལ། མི་ཚེའི་མྱོང་བ་ཕུན་སུམ་ཚོགས་པས། དེའི་སྟེང་ལ་ཡི་གེའི་བྲིས་རྩལ་ལེགས་པས་སོ། ལྷག་པར་དུ་དགེ་ཆོས་ཀྱི་སྙན་ངག་རྣམས་ནི་སྙན་པོ་དང་ཚིག་རྒྱན་ལས་བརྒལ་ནས་ནང་དོན་གཏིང་ཟབ་པ་ཤ་སྟག་རེད། དེ་དག་ཀྱང་མྱོང་བ་ཕུན་སུམ་ཚོགས་པའི་འབྲས་བུ་རེད་ཟེར་ན་མི་འགྲིགས་པ་མེད་སྙམ།
ང་རང་ཚོ་བོད་ཡིག་ནང་ལ་འཁོད་མེད་པའི་དགེ་ཆོས་ཀྱི་མཛད་པ་ཅིག་ནི། དགེ་ཆོས་རྒྱ་གར་ལ་ཡོད་དུས། རྒྱ་གར་རང་བཙན་གྱི་ལས་འགུལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་སྐབས་འཁེལ་བས། ཁོང་ནས་ཨུ་རུ་སུའི་རོ་རེག་དང་། རྒྱ་གར་རུ་ཧུལ་སོགས་ནས་སྤྱི་ཚོགས་རིང་ལུགས་དང་། དངོས་གཙོ་སྨྲ་བའི་ལྟ་བའི་སྐོར་ལ་གསན་བཞེས་མང་པོ་མཛད་པ་དང་། དེ་བཞིན་སྤྱི་ཚོགས་ཚན་རིག་སོགས་ལ་ཐོས་པ་མང་པོ་བཏང་ནས། དེ་དག་གི་ཤུགས་རྐྱེན་ཡང་ཁོང་གི་རྩོམ་ཡིག་ནས་གསལ་པོར་ཐོན་འདུག
དཔེར་ན། ཀླུ་གྲུབ་དགོངས་རྒྱན་གྱི་སྔོན་གླེང་ལྟ་བུའི་མདུན་གྱི་ཤོག་གྲངས་བཅུ་གྲངས་དེ་ཚོའི་ནང་གི་རིགས་པ་གཏོང་སྟངས་མང་པོ་ཞིག་ནི། སྤྱི་ཚོགས་རིང་ལུགས་ཀྱི་དངོས་གཙོ་སྨྲ་བའི་ཚན་རིག་པའི་རིག་པ་གཏོང་སྟངས་ཤ་སྟག་ཡིན་ཞིང་། ཁྱེད་ཚོས་མར་ཁེ་སི་དང་། ཨེན་གྷལ་སི། དེ་བཞིན་དབྱིན་ཇིའི་དུས་རབས་༡༨ནང་གི་ཚན་ཉིད་པ་ཚོའི་གསུང་རྩོམ་གཟིགས་དང་། ངས་གང་བཤད་ཀྱི་ཡོད་མེད་མཁྱེན་ཐུབ།
རྡོག་རྡོག་འདི་སྙན་ངག་གཏིང་ཟབ་པ་ཞིག་འབྲི་དགོས་ན། ཉམས་མྱོང་གཏིང་ཟབ་པ་ཞིག་དགོས་སོ་ཞུ་བ་ལགས།
ངས་ཀྱང་དགེ་འདུན་ཆོས་འཕེལ་རྨི་ལམ་ནང་དུ་རྨིས་མྱོང་། ངས་ཁོང་ལ་འཇུས་ནས་ང་ལ་དྲི་བ་ཁ་ཤས་ཡོད་ཟེར་ནས་ཞུ་བ་བྱེད་ཅིང་འདུག དགེ་ཆོས་ཀྱིས་ཞལ་འཛུམ་མདངས་བསྟན་ནས་བཞུགས་འདུག་པས་དྲི་ལན་གནང་བར་ཐག་བཅད་སོང་། ཡིན་ན་ཡང་། དེ་ནས་ང་གཉིད་ལས་སད་སོང་། གཉིད་སད་དུས་སྣང་བ་སྐྱིད་པོ་ཞིག་འདུག དངོས་གནས་ཡིན།
ངས་ནི་དགེ་ཆོས་རྨི་ལམ་བཏང་མ་མྱོང་ཡང་ཁོང་ནི་ངའི་མི་ཚེའི་ལམ་སྟོན་པ་ཆེན་པོ་ཞིག་ཡིན། ང་ཆེས་གུས་ས་ནི་ཁོང་གི་ཤེས་རབ་ཙམ་མིན་པར་གསེར་དང་འདྲ་བའི་མི་གཞི་དེ་ཡིན།
ཧ་ཧ་ཧ། ཁྱེད་ཚོས་རྨི་ལམ་སྐྱིད་པོ་གཏོང་གི་འདུག མ་གཞི་ནས་བཤད་ཀི་བཤད་ཀི་དགེ་ཆོས་ཀྱི་རྣམ་ཤེས་ཡིན་པའི་བཟོ་འདྲ་ཞིག་སྟོན་ཀི་འདུག་ག དགོད་སྤྱད་རེད།
ཀླུ་སྨྱོན་ལགས། དགེ་ཆོས་དངུལ་ལ་འཛེམས་པ་མེད་མཁན་ཞིག་མ་ཡིན་པར་དངུལ་དངོས་ལ་ཤིན་ཏུ་དགའ་མཁན་ཞིག་རེད། འབྲས་སྤུངས་ལ་བཞུགས་སྐབས་དུས་ཚོད་ཕལ་ཆེ་བ་ལྷ་སར་སྐུ་དྲག་ཁག་ལ་རི་མོ་བྲིས་ནས་དགོང་མོ་དགོན་པར་ལོག་ཡོང་སྐབས་འབོག་བསྒྲིལ་འཁྱེར་ཡོང་བ་དང་། རྒྱ་གར་དུ་དངུལ་ལ་རེ་ནས་རོལ་རིག་ལ་དེབ་སྔོན་ཨིན་བསྒྱུར་ཞུས་ཀྱང་གསེར་རྡོག་གཅིག་ལས་མ་རག་པས་ལོ་གསུམ་སྡུག་ལས་བྱས་པའི་ཨ་ཐང་ནི་ཆད་ཅེས་སྡུག་སྐད་ཤོར། བོད་དུ་འབྱོར་ནས་ཀྱང་བཙོན་དུ་མ་ཚུད་སྔོན་དང་གློད་པའི་རྗེས་སུ་དངུལ་དང་ཨ་རག་བསྣམས་རྒྱུ་ཡོད་པའི་མི་ཆེན་སྲས་སྲོས་མ་གཏོགས་གྲ་རྐྱང་མི་རྐྱང་་ཞིག་ལ་སློབ་འཁྲིད་བྱས་པའི་ལོ་རྒྱུས་མི་འདུག མི་ཚེ་ཐོས་པར་བསྐྱལ་བའི་རྣམ་དཔྱོད་དེ་འབྱོར་ལྡན་མི་དྲག་གི་ངོ་སྲུང་ལ་བཏང་ནས་སྐུ་ངལ་གྱི་འོག་ནས་མི་ཚེ་མགོ་ཚུགས་ནས་སྐུ་ངལ་གྱི་འོག་ནས་མི་ཚེ་མཇུག་བསྡུས་པ་དེ་དགེ་ཆོས་ཀྱི་ལོ་རྒྱུས་ཡིན་པ་འདྲ།།
རྨི་ལམ་སྐྱིད་པོ་བཏང་ན་འགྲིག་མོད་ཀྱང་།བོང་བུ་རྟ་ལ་འགྲན་ན་ག་ལ་འགྲིག།
དགེ་ཆོས་ལགས་ནི། ནག་ཆང་ལ་དགའ་ཀྱངདངུལ་དངོས་ལ་མི་དགའ་ཞེས་པའི་གཏམ་ལ་བྲོ་བ་མི་འདུག།
ཚང་མར་རྨི་ལམ་སྐྱིད་པོ་ཅང་བཏང་འདུག ངོ་མ་བསོད་བདེ་རེད།
དགེ་ཆོས་ལ་དགེ་བཤེས་ཀྱི་མིང་ཡོད་པ་ངས་མ་ཤེས། ཁོང་ལ་དགེ་བཤེས་ཀྱི་ཆུ་ཚད་ཡོད་པ་རེད་ལབ་ན་གནས་ཚུལ་ལོག་ག་རེད། སྤྲུལ་སྐུ་ཞིག་ཏུ་ངོས་འཛིན་བྱས་པ་བདེན་ཡང་ཁོང་ལ་སྤྲུལ་སྐུའི་འདུ་ཤེས་ནི་ཡོད་ཚོད་མི་འདུག གོང་གི་ལྡི་ཚ་ཟེར་བའི་དག་ཆ་སྡེ་ཚ་ཞེས་འབྲི་བ་རྒྱུགས་ཆེ་བ་སྡེ་ཚའི་ནང་སོ་ཟེར་བ་སོགས་ས་མིང་ལས་བཏགས་པར་སྣང་ལ། ཡང་སྐབས་རེར་དགོན་པར་ཆེ་བསྟོད་ཀྱི་ཚུལ་དུ་ངྷི་ཚ་ཞེས་འབྲི་ཞིང་། ངྷི་ནི་འཇམ་པའི་དབྱངས་ཀྱི་མཚོན་རྟགས་ཡིན་པས་འཇམ་དབྱམས་ཀྱི་ཚ་བོ་སྟེ་རིག་པ་སྨྲ་བ་མང་པོ་འབྱོན་གི་ཡོད་པས་ངྷི་ཚ་ཞེས་འབྲི་བའང་ཡོད། སྐབས་རེར་དགེ་ཆོས་ཀྱི་ལོ་རྒྱུས་དང་འབྲེལ་ནས་སྡེ་ཚ་ལ་ལྡི་ཚ་ཞེས་བྲིས་ཡོད་པ་དག་ནི་ས་ཆ་དང་དགོན་པ་ལ་ཆ་རྒྱུས་མེད་པས་འོལ་ཚོད་ཀྱིས་བྲིས་པའི་ཡིག་ནོར་རེད་ཅེས་ངས་དྲན་ནའང་། ངྷ་རམ་ས་ལའི་མིང་ལ་ངྷ་ས་ལ་རྡ་ས་གཉིས་ཀ་འབྲི་བ་ལྟར་ཅི་སྐྱོན་ཟེར་ན་ནི་ལགས་སོ་ཟེར་རྒྱུ་ཡིན་ནོ།
ད་ལྟ་རང་ང་ལ་ཡང་དགེ་ཆོས་རྨི་ལམ་བཏང་བྱུང་་་་ངེད་གཉིས་ཆང་འཐུང་ཞོར་བཙོག་བཤད་ཡག་ཐག་ཆོད་བྱས་ནས་ཅང་མ་སོང་བ་གཉིད་ལས་སད་བྱུང་་ཧ་ཧ།
ཁྱེད་རྣམས་དངོས་གནས་དགེ་ཆོས་ཀྱི་ཡ་རབས་ཀྱི་སྤྱོད་པ་ལ་མོས་ན། ཁོང་གིས་བོད་ཀྱི་སྐད་ཇི་ལྟར་བྲིས་པ་དང་། བོད་ཀྱི་ཆོས་སྐད་དེ། རིག་གཞུང་སྐད་ཀྱི་ཕྱིར། དེབ་ཐེར་དཀར་པོ། ལྷ་ས་སྤར་མའི་ཤོག་གྲངས་སོ་གཅིག་སོ་གཉིས་དག་བཀླགས་ཏེ། གང་གིས་གསུངས་པ་དེ་དག་ལ་ཉམས་ལེན་མཛད་ན། དགེ་༷ཆོས་ཀྱིས་གསུངས་པ་དོན་དང་ལྡན་པར་འགྱུར་ངེས་སོ།