འགོ་འཛིན་པ་ཆོས་ཉིད་བཟང་པོས་སྔོན་བསུར་ཕུལ་བའི་གཏམ།
ཐོག་མར་དགུ་ཆུ་སྐད་འཕྲིན་ཚོགས་པའི་ཁ་འགོ་བ་དང་། ཚོགས་མི་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད་གནང་མཁན་ཨ་ཁུ་པདྨ་འབུམ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། གསུང་བཤད་གནང་མཁན་ཁོང་ནི་ཚང་མས་ངོ་ཤེས་ཀྱི་ཡོད་པས་ངོ་སྤྲོད་དམིགས་གསལ་ཞུ་དགོས་རྒྱུ་མ་རེད། དོ་དགོང་གི་བརྗོད་གཞི་ནི་༼དགེ་འདུན་ཆོས་འཕེལ་དང་རང་གྲོལ་གཤིབ་བསྡུར་༽ཞེས་པ་འདི་རེད། ཚོགས་མི་རྣམས་ཀྱིས་གཟབ་ནན་གྱིས་ཉན་རྒྱུ་དང་། གསུང་བཤད་གནང་བཞིན་པའི་སྐབས་སུ་པར་དང་ཡི་གེ་སོགས་མ་གཏོང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། གསུང་བཤད་གྲུབ་མཚམས་ཡིག་ངག་གཉིས་ཀྱི་ཐོག་ནས་དྲི་བ་ཞུས་ཆོག
གསུང་བཤད་གནང་མཁན་ཨ་ཁུ་པདྨ་འབུམ་གྱི་གཏམ་བཤད་དངོས་གཞི།
སྔོན་གླེང།
དེ་རིང་ཁ་བརྡ་ཡིན། གཏམ་བཤད་མིན། བརྗོད་གཞི་འདི་ལ་ནམ་རྒྱུན་བསམ་བློ་བཏང་མྱོང་བ་ལས་བང་རིམ་མ་བསྒྲིགས་པ་ཞིག་ཡིན་པས། དེ་རིང་བང་རིམ་འགྲིག་མོ་དང་གསལ་བོ་ཞིག་བཤད་རྒྱུ་མེད་པ་འདྲ། ཕྱི་ལོ་ ༢༠༠༤ ནས་ལོ་རེར་ཐེངས་རེར་ང་ཕ་ཡུལ་ལ་འགྲོ་གི་ཡོད་པ་རེད། ཡུལ་ལ་འགྲོ་དུས་གཙོ་བོ་དཔེ་ཆ་ཉོ་གི་འགྲོ་གི་ཡོད། དེའི་སྐབས་སུ་རེབ་གོང་དང་ཟི་ལིང་ནས་སྒེར་གྱི་ཚོང་ཁང་དུ་རྩིག་ངོས་ལ་སྦྱར་རྒྱུའི་པར་མང་པོ་མཐོང་རྒྱུ་ཡོད་པའི་ནང་ནས་རྒྱུན་དུ་མཐོང་བའི་པར་གཅིག་ནི་དོན་གྲུབ་རྒྱལ་དང་དགེ་འདུན་ཆོས་འཕེལ་གཉིས་ཀྱི་པར་དང་། ཡང་ན་མི་རིགས་ཀྱི་ལར་ཞེན་ཡོད་པའི་ཁོང་གཉིས་ཀྱི་གསུང་ཚིག་དུམ་བུ་རེ་ཡི་པར་དང་ཁོང་གཉིས་མཉམ་དུ་ཡོད་པའི་པར་མཐོང་གི་འདུག
ཁོང་གཉིས་མི་རྣམས་ཀྱི་སེམས་ལ་བག་ཆགས་མཐུག་པོ་ཡིན་པ་མ་ཟད། པར་སོགས་རྩིག་ངོས་སུ་སྦྱར་བའི་ཚད་དུ་སླེབས་འདུག དེ་ནས་བཟུང་ངས་ཁོང་གཉིས་ལ་དོ་སྣང་སླེབས་ཏེ་ཁོང་གཉིས་ཀྱི་ཁྱད་པར་ག་རེ་རེད། ཁོང་གཉིས་ཀྱིས་ཅི་ཞིག་བཤད་ཀྱི་ཡོད་པ་རེད། མཚམས་དང་མཚམས་ལ་འདི་ལྟ་བུའི་བསམ་བློ་ཞིག་འཁོར་ཏེ་བསམ་བློའང་བཏང་བ་རེད། ན་ནིང་ལོ་མཇུག་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་གི་གཅོད་པ་ཀླུ་རྒྱལ་གྱིས་ཁོ་ཚོས་ཀྱང་དོན་གྲུབ་རྒྱལ་དང་དགེ་འདུན་ཆོས་འཕེལ་གཉིས་ཀྱི་སྐོར་ལ་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་དཔར་གྱི་ཡོད། རྩོམ་ཡིག་ཅིག་འབྲི་ཐུབ་བམ་ཟེར་ནས་བཤད་བྱུང་། རྩོམ་སྤུས་དག་རེ་འབྲི་བར་དུས་ཚོད་འགོར་བ་དང་། ང་རང་གི་ལས་ཁུངས་ཀྱི་ནང་ལ་ཞུ་དག་བྱེད་རྒྱུ་སོགས་ལས་ཀ་མང་པོ་ཞིག་ཡོད་པས་ངས་དེ་ཁས་བླངས་མེད། དེ་དུས་ཀྱང་འདིའི་སྐོར་ལ་བསམ་བློ་ཞིག་བཏང་བ་ཡིན། གང་ལྟར་ཁོང་གཉིས་འུ་ཚོའི་མི་རབས་འདིའི་སྐབས་ལ་བྱུང་བ་རེད། ཁོ་གཉིས་ཀྱི་འདྲ་ས་དང་མི་འདྲ་ས་གང་ཡིན་པ་དང་། གལ་སྲིད་རྩོམ་ཡིག་ཅིག་འབྲི་དགོས་པ་ཡིན་ན་ཇི་ལྟར་འབྲི་དགོས་པར་ཡང་བསམ་བློ་བཏང་བ་ཡིན། ཉེ་ཆར་དེབ་དེ་དཔར་བསྐྲུན་བྱས་ཟིན་ཡོད་པ་རེད་ཟེར།
དེ་རིང་གཏམ་མ་བཤད་སྔོན་ལ། དཔེ་ཆ་དེ་རག་ཡོད་པ་ཡིན་ན། འུ་ཚོར་བསམ་བློ་གསར་བ་གཏོང་རྒྱུར་ཕན་ཐོགས་ཡོད་ཀྱང་དེབ་མ་རག་པ་རེད། ཡིན་ན་ཡང་། ཁྱད་པར་མི་འདུག དེ་རིང་ངས་སྡོམ་ཚིག་འཇོག་དགོས་པ་མ་རེད། ང་རང་གི་བསམ་ཚུལ་གང་ཡིན་པ་དེ་བཤད་དགོས་ཀྱི་ཡོད་པ་རེད། སྤྱིར་བཏང་ང་རང་ལ་མཚོན་ན། མི་དང་མཉམ་དུ་ཁ་བརྡ་བྱས་ཚེ་ཇེ་གསལ་དུ་ཡོང་གི་འདུག ནོར་ཡོད་པ་དེའང་ཇེ་གསལ་དུ་ཡོང་གི་འདུག་ལ། གསལ་ལ་མི་གསལ་བ་དེའང་གསལ་བོ་ཆགས་ཡོང་གི་འདུག ཁ་བརྡ་བྱས་ན་ང་རང་ལ་མཚོན་ན་ཕན་ཐོགས་འདུག དེ་རིང་འདི་ནས་ང་གཅིག་པུས་བཤད་པས་འདི་གཉིས་ཆ་ཚང་བ་ཞིག་ཤེས་ཐུབ་པ ཆགས་མི་ཐུབ་ན་ཡང་། ངས་རང་གི་བསམ་ཚུལ་ང་ཚོའི་དཀྱིལ་ལ་བཞག གཞན་པ་ཚོས་ཀྱང་དེའི་ཐོག་བསམ་བློ་བཏང་ནས་ཚང་མ་མཉམ་རུབ་ཀྱིས་གྲོས་བསྡུར་རེ་བྱས་ན། དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་གཉིས་ཀྱི་སྐོར་ལ་ཤེས་རྟོགས་ཇེ་གསལ་དང་། ཇེ་དག་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད་ཀྱི་རེད་བསམ།
དགེ་འདུན་ཆོས་འཕེལ་དང་འབྲེལ་བ་ཡོད་པའི་གསལ་བསྒྲགས་ཤིག
གཏམ་བཤད་མ་བྱས་སྔོན་ལ་གསལ་བསྒྲགས་ཤིག་བྱས་ཆོག་པ་ཞུ། གསལ་བསྒྲགས་འདི་དགེ་འདུན་ཆོས་འཕེལ་དང་འབྲེལ་བ་ཡོད་པ་ཞིག་ཡིན། ཚང་མས་ཤེས་གསལ་ལྟར། ཕྱི་ལོ་ ༢༠༠༣ ལོར། ལ་རྩེ་དཔེ་མཛོད་ཁང་གིས་དགེ་འདུན་ཆོས་འཕེལ་འཁྲུངས་ནས་ལོ་བརྒྱ་འཁོར་བའི་རྗེས་དྲན་ཚོགས་འདུ་འཚོགས་པ་རེད། དེའི་དཔེ་ཆ་ད་བར་དཔར་མྱོང་མེད། ད་ལྟ་ང་ཚོས་དཔེ་ཆ་པར་སྐྲུན་དང་རྩོམ་ཡིག་དྲ་ཐོག་ལ་འཇོག་པའི་ལས་དོན་ཞིག་སྒྲུབ་ཀྱིན་ཡོད། དཔེ་ཆ་ནི་རྗེས་དྲན་ཚོགས་འདུ་དེའི་ཐོག་ལ་འཁྱེར་ཡོང་བའི་དགེ་འདུན་ཆོས་འཕེལ་གྱི་རི་མོ་དང་འདྲ་པར་གྱི་རིགས་ཡིན།
དེའི་ནང་གི་རི་མོ་སྐོར་ཞིག་ཚོགས་འདུ་དེའི་ཐོག་ལ་ཐེངས་དང་པོར་འགྲེམས་སྟོན་བྱས་ཡོད། དགེ་ཆོས་ཀྱི་རི་མོ་ཕྱག་བསྟར་མ་ལ་རིགས་གཉིས་ཡོད་པའི་ནང་། ཀན་ལྷོ་ནས་ཡོང་བའི་ཆུ་ཚོན་རི་མོ་ཉི་ཤུ་རྩ་བདུན་དང་། འཇར་མན་ནས་ཁོང་གིས་བྲིས་པའི་སྐྱ་བྲིས་རི་མོ་སུམ་ཅུ་རག་ཡོད་པ་རེད། རི་མོའི་སྐོར་ཆ་ཚང་དཔེ་སྐྲུན་བྱས་པ་ད་རེས་ཐེངས་དང་པོ་རེད། རི་མོའི་སྐོར་དེ་གཉིས་གཙོ་བྱས་ཏེ་ཁོང་གི་བརྗེད་ཐོའི་འབྲི་དེབ་ཞིག་དང་། རྡོ་ནོལ་ལོ་པེ་སི་ཡིས་(Donald Lopez)བྲིས་པའི་དགེ་འདུན་ཆོས་འཕེལ་གྱི་མི་ཚེ་དང་གསུང་རྩོམ་བསྐྱར་ཞིབ་ཀྱི་རྩོམ་གཅིག རི་མོ་བསྐྱར་ཞིབ་ཀྱི་རྩོམ་གཅིག མགོ་བརྗོད་ལ་ངས་ ༢༠༠༣ ལོའི་ཚོགས་འདུའི་རིམ་པ་རྒྱས་བཤད་ཀྱི་རྩོམ་གཅིག་ཡོད། དེབ་འདི་ན་ནིང་དབྱིན་ཡིག་ཏུ་རྩོམ་སྒྲིག་བྱས་ཏེ་དཔེ་བསྐྲུན་བྱས་ཟིན་ཡང་སྒོ་འབྱེད་བྱེད་ཐུབ་ཡོད་པ་མ་རེད། ཚོགས་འདུའི་སྐབས་ལ་གསུང་བཤད་བོད་སྐད་དུ་བཤད་པ་ཚང་མ་དབྱིན་ཡིག་ཏུ་བསྒྱུར་བ་དང་། དབྱིན་སྐད་དུ་བཤད་པ་བོད་ཡིག་ཏུ་བསྒྱུར་ཚར་ཡོད། འདི་ལོའི་ཟླ་ ༥ ཚེས་ ༢༢ ཉིན་དཔེ་ཆ་དེ་སྒོ་འབྱེད་དང་མཉམ་དུ་ཚོགས་འདུའི་ཐོག་ཡོང་བའི་གསུང་བཤད་ཆ་ཚང་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་དྲ་བའི་ཐོག་ནས་ཀྱང་བཀྲམ་རྒྱུ་ཡིན།
དེ་མ་ཡིན་པའི་སུད་སི་ན་ཡོད་པའི་ལུའུ་ཁི་ཧྲད་ལིར་གྱི་བཅར་འདྲི་སྐོར་ཞིག་ཡོད། ཁོས་འབུམ་རམས་པའི་ཆེད་རྩོམ་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་བྲིས་ཡོད་པ་རེད། ཁོས་༼ཡིད་ཕྱུང་བའི་གྲྭ་བ་༽ Angry monk ཟེར་བའི་དངོས་བརྗོད་གློག་བརྙན་ཞིག་ཀྱང་བཟོས་ཡོད་པ་དེ་བཟོ་སྐྲུན་བྱེད་ཆེད་དགེ་འདུན་ཆོས་འཕེལ་དང་དངོས་སུ་ཐུག་མྱོང་མཁན་དང་། སློབ་མ། འབྲེལ་བ་ཡོད་མཁན། ཞིབ་འཇུག་བྱེད་མཁན་མི་སྣ་བཞི་བཅུར་ཉེ་བ་བཅར་འདྲི་བྱས་ཡོད་པ་རེད། བཅར་འདྲི་དེ་དག་གློག་བརྙན་ནང་ཉུང་ཉུང་རེ་མ་གཏོགས་བེད་སྤྱོད་གཏོང་ཐུབ་ཡོད་པ་མ་རེད། བོད་ཡིག་ནང་ཡོད་པ་ཚང་མ་ཁ་བརྡ་དྲ་བར་བཀྲམས་ཟིན་པ་རེད། དེའི་དབྱིན་ཡིག་ཐོག་ཡོད་པའི་བཅར་འདྲི་དག་ཁོའི་དཔེ་དེབ་ནང་ཡོད་པ་མ་གཏོགས་ད་བར་བཀྲམས་ཡོད་པ་མ་རེད།
ཉེ་ཆར་ང་ཚོས་ལུའུ་ཁི་ཧྲད་ལིར་ལ་འབྲེལ་བ་བྱས་ནས་ང་ཚོས་ཚོགས་འདུའི་གཏམ་བཤད་ཚང་མ་དྲ་ཐོག་དཔེ་སྐྲུན་བྱེད་ཀྱིན་ཡོད། དེ་དང་མཉམ་དུ་ཁོང་གི་བཅར་འདྲི་དེ་དག་གི་བརྙན་ཐག་དང་ཡི་གེ་ཚང་མ་མཉམ་དུ་དཔར་བསྐྲུན་བྱས་ན་ཟེར་ནས་ཞུ་དུས། ཁོང་གིས་ཡིན་ད་ཡིན་དཔར་བསྐུན་བྱེད་ཐུབ་ན་ཡག་པོ་འདུག་ཟེར་གྱི་འདུག ང་ཚོས་དབྱིན་ཡིག་གི་བཅར་འདྲི་རྣམས་བོད་ཡིག་ལ་བསྒྱུར་བཞིན་པ་ཡིན། བཅར་འདྲི་བྱེད་སའི་ནང་ལ་དགེ་འདུན་ཆོས་འཕེལ་བཙོན་འཇུག་དང་འབྲེལ་བ་ཡོད་པའི་དབྱིན་ཇིའི་ ཧིག་ཌི་རི་ཆར་ཌི་སོན་ སོགས་མི་སྣ་གལ་ཆེན་མང་པོ་ཡོད་པ་རེད། དེ་ཡང་ང་ཚོའི་དེབ་དང་མཉམ་དུ་དྲ་བའི་ཐོག་བཀྲམ་གྱི་ཡོད། དེའི་ཐོག་ལ་ཚོགས་འདུའི་ཐོག་གི་འདྲ་པར་གྱི་སྐོར་དང་། འདོད་པའི་བསྟན་བཅོས་ཀྱི་ངོ་བཤུས་དང་པོ་དང་། དགེ་འདུན་ཆོས་འཕེལ་གྱི་བརྗེད་ཐོ་ཆུང་ཆུང་ཞིག་ཡོད་པ་ཆ་ཚང་བཅས་ཟླ་ ༥ ཚེས་ ༢༢ ཉིན་བཀྲམ་གྱི་ཡོད། རྗེས་ལ་ཁྱབ་བསྒྲགས་སྤེལ་རྒྱུ་ཡིན་པ་ལྟར། ནེའུ་ཡོག་ན་ཡོད་པའི་བོད་པ་ཐུགས་སྣང་ཡོད་པ་རྣམས་མང་ཙམ་ཞིག་ཕེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད། འདི་བརྗོད་གཞི་དང་འབྲེལ་བ་ཡོད་པས་དུས་ཚོད་ཅུང་བཟུང་སོང་ཡང་དགོངས་པ་མ་ཚོམས།
དང་པོ། འཚར་ལོངས་བྱུང་སའི་སྤྱི་ཚོགས་བསྡུར་བ།
བརྗོད་གཞིའི་ཐོག་བབ་ན་༼དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་གཉིས་གཤིབ་བསྡུར་༽ཞེས་པ་དེ་རེད། དང་པོ། ཁོང་གཉིས་ཀྱི་སྐྱེས་ས་དང་འཚོ་བ་རོལ་ས། འཚར་ལོངས་བྱུང་སའི་སྤྱི་ཚོགས་ལ་གཤིབ་བསྡུར་བྱས་ན་བསམ་སོང་། དགེ་འདུན་ཆོས་འཕེལ་ཕྱི་ལོ་ ༡༩༥༡ ལོར་གྲོངས་པ་རེད། དེ་ནས་ལོ་གཉིས་ཀྱི་རྗེས་ལ་དོན་གྲུབ་རྒྱལ་སྐྱེས་པ་རེད། གུང་ཁྲན་ཏང་གི་བཤད་ཕྱོགས་ལྟར་ན། དགེ་འདུན་ཆོས་འཕེལ་གྲོངས་དུས་སྤྱི་ཚོགས་རྙིང་བའི་མཇུག་བསྡུས་པ་རེད། དོན་གྲུབ་རྒྱལ་སྐྱེས་དུས་སྤྱི་ཚོགས་གསར་བའི་འགོ་བཙུགས་པ་རེད། དེ་དུས་གུང་ཁྲན་ཏང་གིས་ང་ཚོའི་མི་ཐོག་འདི་ལ་སྤྱི་ཚོགས་གསར་པའི་ནང་ལ་སྐྱེས་ཏེ། དར་དམར་འོག་ནས་འཚར་ལོངས་བྱུང་ཟེར་བ་ལྟར་དོན་གྲུབ་རྒྱལ་དང་ང་ཚོའི་གྲས་གཅིག་པ་རེད། སྤྱི་ཚོགས་གསར་བའི་ནང་སྐྱེས་པ་རེད། སྤྱིར་བཏང་སྤྱི་ཚོགས་གསར་རྙིང་ཟེར་བ་ནི་གུང་ཁྲན་ཏང་གི་བརྗོད་སྟངས་ཤིག་རེད། འདིའི་དབྱེ་བ་ནི་མི་དམངས་ཀྱི་གོ་གནས་ཐོག་ནས་བཤད་ཀྱི་ཡོད། རིག་གནས་གསར་བརྗེ་ཆེན་མོ་བརྒྱུད་མྱོང་མཁན་ཞིག་ཡིན་ཚེ་ཤེས་ཀྱི་རེད། སྤྱི་ཚོགས་རྙིང་བ་ནི་མི་དམངས་ལ་བཤུ་གཞོག་དང་གཉའ་གནོན་བྱེད་ཡུལ་ཞིག་དང་། སྤྱི་ཚོགས་གསར་བ་ཟེར་བའི་མི་དམངས་ནི་རྒྱལ་ཁབ་དང་རང་གི་ལས་དབང་གི་བདག་པོ་ཆགས་ཡོད་པ་བཤད་ཀྱིན་པ་དེས་ཁྱད་པར་འབྱེད་ཀྱི་ཡོད་པ་རེད།
བཤད་ཚུལ་དེ་ལ་མོས་མཐུན་ཡོད་མེད་དེ་གལ་ཆེན་མ་རེད། གལ་ལྟར་ཡང་གཙོ་བོ་བོད་ཀྱི་ཤེས་ཡོན་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་སོགས་ཚང་མར་གནམ་ས་གོ་ལྡོག་པའི་འགྱུར་བ་ཞིག་སླེབས་པ་རེད། དགེ་འདུན་ཆོས་འཕེལ་གྲོངས་དུས་འགྱུར་བ་སོང་ནས་བཅིངས་གྲོལ་དམག་ཀྱང་སླེབས་ཟིན་པ་མ་ཟད། ཁོང་གི་ནང་ལའང་སོང་ཡོད་པ་རེད། ཕྱི་ལོ་ ༢༠༠༢ སམ་ ༢༠༠༣ གང་རུང་ལ་འབའ་བ་ཕུན་ཚོགས་དབང་རྒྱལ་ནེའུ་ཡོག་ལ་སླེབས་སོང་། དགོང་མ་གཅིག་ངེད་ཚང་ལ་གདན་འདྲེན་ཞུས་ནས་ང་ཚོས་ཁ་བརྡ་བྱས་པ་ཡིན། དེ་དུས་འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་བཅིངས་གྲོལ་དམག་ལྷ་སར་འགྲོ་རྒྱུ་བྱེད་དུས་བཅིངས་གྲོལ་དམག་གི་ལྔ་དཔུང་ཁྲིད་མཁན་ཝང་ཆིས་མིན་ལ་དགེ་འདུན་ཆོས་འཕེལ་ཟེར་བའི་མཁས་པ་མ་འདྲ་བ་ཞིག་ཡོད། ཁོང་ལ་ཅིག་བལྟ་རུ་འགྲོ་རོགས་ཟེར་ནས་མངགས་བཅོལ་བྱས་པ་ཡིན་ཟེར་གྱི་འདུག དེའི་རྗེས་ཁོ་རང་ཡང་དམག་མི་དང་མཉམ་དུ་ལྷ་སར་འབྱོར་དུས་དགེ་འདུན་ཆོས་འཕེལ་གྲོངས་ཚར་འདུག ཁོས་མངགས་བཅོལ་སྐོར་སྐད་ཆ་དྲིས་པར། དཔོན་པོ་ཆུང་ཆུང་ཞིག་དགེ་འདུན་ཆོས་འཕེལ་ལ་བལྟ་རུ་སོང་བའི་སྐབས་ལ། སྨན་གྱིས་ཀྱང་ཕན་ཐོགས་མེད་པའི་ཚད་དུ་སླེབས་ཡོད་འདུག གང་ལྟར་སྤྱི་ཚོགས་ཀྱི་སྟེང་ནས་དོན་སྙིང་ཡོད་ཀྱང་མེད་ཀྱང་སྤྱི་ཚོགས་རྙིང་བ་མཇུག་བསྡུས་ཏེ་བཅིངས་གྲོལ་དམག་ལྷ་སར་སླེབས། ལོ་བརྒྱ་ཕྲག་དུ་མའི་རིང་གི་ཤེས་ཡོན་སྦྱང་སའི་སྒྲོམ་གཞི་ཞིག་མཇུག་བསྡུས་ནས་གསར་བ་ཞིག་གི་འགོ་འཛུགས་པའི་དུས་ལ་དགེ་འདུན་ཆོས་འཕེལ་གྲོངས་པ་རེད། དོན་གྲུབ་རྒྱལ་སྐྱེས་པ་རེད། གཅིག་གིས་སྤྱི་ཚོགས་རྙིང་པ་མཇུག་བསྡུས་ནས་བུད་སོང་བ་དང་། གཅིག་གིས་སྤྱི་ཚོགས་གསར་བ་འགོ་བཙུགས་ནས་སྐྱེས་པ་རེད། འདི་ཁོང་གཉིས་ཀྱི་འཚར་ལོངས་བྱུང་སའི་ཁྱད་པར་རེད།
གཉིས་པ། སློབ་སྦྱོང་གི་རིམ་པ་བསྡུར་བ།
གཉིས་པ་ཁོང་གཉིས་ཀྱི་སློབ་སྦྱོང་གི་རིམ་པ་རེད། དགེ་འདུན་ཆོས་འཕེལ་གྱི་སློབ་སྦྱོང་གི་བརྒྱུད་རིམ་ནི་ང་ཚོའི་སྲོལ་རྒྱུན་གྱི་སློབ་སྦྱོང་བརྒྱུད་རིམ་རེད། གོ་ཐོས་ལ། ཁོང་རྒྱ་གར་ལ་མ་སོང་བར་ལྷ་རམས་པའི་དམ་བཅའ་འཇོག་པའི་ནང་ཞུགས་ཡོད་ཚེ། ལྷ་རམས་པའི་མཚན་ཐོབ་ལ་སླེབས་ཡོད་པ་རེད་ཟེར་གྱི་འདུག དེ་ལྟར་ན་ཆོས་ལུགས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་ཆ་ཚང་བ་དང་། ཚད་དང་ལྡན་པ་ཞིག་གི་ལམ་ནས་སློབ་སྦྱོང་ཐོབ་ཡོད་པ་རེད། དེའི་ཐོག་ཁོང་རིག་པ་ཧ་ལས་པའི་ཡག་པོ་དང་། དཔེ་ཆ་སྣ་ཚོགས་ལ་བལྟ་རྒྱུར་དགའ་བས་རྒྱལ་རབས་དང་ཆོས་འབྱུང་། མཁས་པ་རེ་རེའི་གསུང་ཕྲན་བུ་ཚུན་ཆད་ལ་ངེས་པ་ཡོད་པའི་སློབ་སྦྱོང་ཐོབ་ཡོད་པ་རེད། སྐབས་དེར་རང་གིས་གང་ཤེས་འདོད་པ་དང་གང་སྦྱང་འདོད་པ་དེ་ལ་སྲོལ་རྒྱུན་གྱི་ཐོག་ན་བཀག་རྒྱ་ཞིག་ཡོད་པ་ལས་ཆབ་སྲིད་ཀྱི་སྟེང་ནས་བཀག་རྒྱ་མེད་པར་ཧ་ཅང་རང་དབང་རེད། རང་དབང་དེ་ལ་བརྟེན་ནས་ཁོང་རྒྱ་གར་ལའང་སླེབས་ཏེ་ཁོང་གིས་བཤད་བཞིན་པའི་རིག་གསར་རམ་ཚན་རིག་གི་ངོས་ནས་འཇིག་རྟེན་ལ་ལྟ་སྟངས་སོགས་ལ་རྒྱ་ཆེ་བ་དང་། ཧ་ཅང་ཞིབ་མོས་རྒྱུས་ལོན་བྱེད་ཐུབ་ཡོད་པ་རེད།
དེ་ནས་མ་འདྲ་བ་ཞིག་ནི་ཁོང་གི་རི་མོ་རེད། བོད་ཀྱི་འབྲི་སྟངས་ལྟར་ན། ཐིག་རྩ་ལྟར་སྔོན་མ་བྲིས་ཡོད་པ་དེ་ཡང་བསྐྱར་བྲིས་འདུག་རྒྱུ་དེ་རེད། ཁོང་གི་རི་མོ་ནི་དེ་ལྟ་བུ་མ་ཡིན་པར་དངོས་པོའི་གཤིས་ལུགས་འཚོལ་བའི་ཕན་གྲོགས་སུ་འགྱུར་བའི་དེང་སང་གི་རི་མོ་རེད། དེང་རབས་རི་མོའི་སྒྱུ་རྩལ་གྱི་ངོས་ནས་བལྟས་ན། རི་མོ་འབྲི་མཁན་གྱིས་འཇིག་རྟེན་གྱི་ཤེས་སྟངས་མ་འདྲ་བ་ཞིག་ཡིིན་ཟེར་གྱི་འདུག དེ་ཡིན་ཡང་ཡིན་རྒྱུ་རེད། ཁོང་གིས་བྲིིས་པའི་རི་མོ་དེ་དག་གིས་ཡིག་ཐོག་ནས་ངོ་སྤྲོད་བྱེད་མི་ཐུབ་པ་མང་པོ་ཞིག་རི་མོའི་ལམ་ནས་ངོ་སྤྲོད་བྱེད་པའི་ཐབས་ཤེས་བཏང་ཡོད་པ་རེད། གང་ལྟར་ཁོང་ལ་སྒྱུ་རྩལ་གྱི་ལམ་ནས་འཇིག་རྟེན་ཤེས་རྟོགས་བྱེད་པའི་ནུས་པའང་ཡོད་པ་རེད། འདི་ལྟ་བུའི་ཕྱོགས་ཁ་ཤས་ན་བློ་དང་རྣམ་དཔྱོད་བསྐྱེད་བསྲིངས་བྱེད་པའི་ཁོར་ཡུག་དང་ནུས་པ་ཡོད་པ་རེད།
དོན་གྲུབ་རྒྱལ་གྱི་སློབ་སྦྱོང་ལ་མཚོན་ན་ཧ་ཅང་ཆ་མི་ཚང་བ་ཞིག་རེད། ཁོང་ཕྱི་ལོ་ ༡༩༥༣ ལོར་སྐྱེས་པ་རེད། སྐབས་དེར་དགོན་པར་སློབ་སྦྱོང་དུ་འགྲོ་བའི་ལམ་ཁ་ཆད་ཟིན་པས་ཁོང་དགོན་པར་སློབ་སྦྱོང་དུ་སོང་ཡོད་ཀྱི་མ་རེད་བསམ། སློབ་གྲྭའི་ལམ་ལུགས་ཡིན་ཡང་དགུ་རོང་ཧ་ཅང་གི་ས་ཁུག་ཀྱོག་ཡིན་པས་སློབ་གྲྭ་མགྱོགས་པོ་འཛུགས་ཐུབ་ཡོད་ཀྱི་མ་རེད་བསམ། གལ་སྲིད་བཙུགས་ཀྱང་དགེ་རྒན་དང་སློབ་ཁང་གི་མཐུན་རྐྱེན་འཛོམས་པོ་ཞིག་ཡིན་རྒྱུ་མ་རེད། འདི་ངའི་རང་གི་ཉམས་མྱོང་ཐོག་ནས་བཤད་པ་ཡིན། ངའི་སྡེ་བ་ཁུལ་ཐོག་ཏུ་ཡོད་པ་རེད། ཁུལ་དང་རྫོང་། རོང་བོ་དགོན་ཆེན་སོགས་ཡོད་ས་དོན་གྲུབ་རྒྱལ་སྐྱེས་ས་ལས་ང་སྐྱེས་ས་གྲོང་ཁྱེར་རེད་ཟེར་ཆོག་གི་རེད། དེ་འདྲ་ཞིག་ཡིན་ཡང་། ང་ཚོའི་སྡེ་བའི་ནང་དུ་སློབ་གྲྭ་འཛུགས་དུས་ང་སློབ་གྲྭ་འགྲོ་མཁན་ཐོག་མའི་གྲས་རེད། ངའི་སྤུན་ཆེ་བ་སློབ་གྲྭར་སོང་ཡང་ཁོང་ང་ཚོའི་སྡེ་བའི་ནང་མ་ཡིན་པར་རྫོང་ཐོག་གི་སློབ་གྲྭ་ཞིག་ལ་སོང་འདུག ང་ཚོར་སློབ་གྲྭ་ཚུགས་པའི་སྐབས་དེར་སློབ་ཁང་གཅིག་ཏུ་འཛིན་གྲྭ་གཉིས་ཚུགས་དགོས། སྡེ་བ་གཅིག་གི་སློབ་གྲྭར་དགེ་རྒན་གཅིག་ལས་མེད་པའི་མཐུན་རྐྱེན་འོག་ང་ཚོ་སློབ་གྲྭ་ལ་སོང་བ་རེད། དགུ་རོང་ལ་སྐབས་དེར་ཕལ་ཆེར་མཐུན་རྐྱེན་དེ་ཡང་ཧ་ཅང་དཀོན་པོ་ཡིན་རྒྱུ་རེད་བསམ། མཐུན་རྐྱེན་ཇི་ལྟ་བུ་ཞིག་ཡིན་པ་གསལ་བོ་བཤད་དཀའ་ཡང་། མ་མཐའ་ཡང་དེ་འདྲ་ཞིག་གི་ཐོག་ཚུགས་ཡོད་པར་བཤད་ན། སློབ་གྲྭ་དེའི་ནང་མང་པོ་སློབ་ཀྱི་ཡོད་པ་མ་རེད། གཙོ་བོ་སྐད་ཡིག་དང་རྩིས་རིག་གཉིས་བསླབ་ནས་འབྲི་ཀློག་རེ་དང་། རྩིས་རིག་ལས་སྣོན་རྩིས་དང་འཕྲི་རྩེས་རེ་ལས་སློབ་རྒྱུ་ཡོད་པ་མ་རེད། དོན་གྲུབ་རྒྱལ་དགུ་རོང་ནས་སློབ་གྲྭ་སོང་ཡོད་ཚེ། སློབ་གྲྭའི་གནས་སྟངས་འདི་ལས་མི་སྡུག་ན་འདི་ལས་བཟང་ཐབས་ཡོད་པ་མ་རེད། གཅན་ཚ་རྫོང་ཐོག་ནས་སློབ་གྲྭར་སོང་ཡོད་ཚེ་ངས་མི་ཤེས།
དེའི་རྐྱེན་གྱིས་ཕལ་ཆེར་སློབ་ཆུང་དེ་ཆ་ཚང་བ་དང་ཚད་ལྡན་པ་ཞིག་འགྲོ་ཐུབ་ཡོད་ཀྱི་མ་རེད། སློབ་ཆུང་ཚར་བའི་མཚམས་ལ་སླེབས་དུས་ཕྱི་ལོ་ ༡༩༦༦ ཟླ་ ༥ བའི་ནང་རིག་གནས་གསར་བརྗེ་ཆེན་པོ་སླེབས་པས་ཚང་མ་གསར་བརྗེའི་ནང་ཞུགས་ཏེ་གཏོར་བཅོམ་བྱས་པ་རེད། རིག་གནས་གསར་བརྗེ་ཆེན་མོ་སླེབས་དུས་ང་སློབ་རིམ་གསུམ་པ་ཚར་མ་ཚར་གྱི་མཚམས་ཤིག་རེད། དེ་དུས་ད་དུང་སློབ་སྦྱོང་གང་འཚམ་འདུག སློབ་རིམ་བཞི་བར་སླེབས་དུས་སློབ་གྲྭའི་སྒྲིག་གཞི་ཚང་མ་འཐོར་ཏེ་སློབ་གྲྭར་སོང་ཡང་ཆོག་ལ་མ་སོང་ཡང་འགྲིག་གི་འདུག ང་ཚོ་ཆུང་དྲག་ནས་དེ་དུས་ཁྲོམ་སྐོར་དང་གཏོར་བཅོམ་ནང་ལ་དགོས་ཀྱི་མི་འདུག དོན་གྲུབ་རྒྱལ་སྐབས་དེར་ང་ལས་ལོ་ཅུང་ཙམ་ཆེ་བས་དེའི་ནང་ཞུགས་པའི་ནུས་པའི་འདང་དུས་རེད། སྐབས་དེར་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་ཚ་ཚ་འུར་འུར་དེའི་ནང་མི་ཚང་མ་ཞུགས་ཀྱི་ཡོད་པས་ཁོང་འདུག་བསམ་རུང་འདུག་ས་ཡོད་པ་མ་རེད། སློབ་ཆུང་གི་ཐོག་ནས་དེ་འདྲ་ཞིག་རེད། སློབ་སྦྱོང་ཆ་ཚང་ཡག་པོ་ཞིག་ཡོང་ཡོད་པ་མ་རེད།
དེ་ནས་འབྲིང་རིམ་རེད། འབྲིང་རིམ་ནི་རྨ་ལྷོ་ཀྲིག་གི་དགེ་རྒན་སློབ་གྲྭ་རེད། དེ་དུས་རྨ་ལྷོ་ཀྲིག་གི་རྫོང་ཁག་བཞི་བོ་ན་སློབ་འབྲིང་མ་གཏོགས་ཡོད་པ་མ་རེད། མཚོ་སྔོན་མི་དམངས་རྒྱང་བསྒྲགས་ཁང་གི་ཕུར་བ་ལ་དོན་གྲུབ་རྒྱལ་གྱི་སྐོར་བཅར་འདྲི་ཞིག་ཡོད་པའི་ནང་དུ། དོན་གྲུབ་རྒྱལ་དགེ་རྒན་སློབ་གྲྭ་ནས་མཐར་ཕྱིན་ནས་ཟི་ལིང་ལ་མཚོ་སྔོན་མི་དམངས་རྒྱང་བསྒྲགས་ཁང་ལ་ལས་ཀ་བྱེད་དུ་ཡོང་དུས་ཕྱི་ལོ་ ༡༩༦༩ ལོ་རེད་ཟེར། དེ་ཡིན་དུས་རིག་གནས་བརྗེ་ལངས་པའི་ལོ་དེར་ཁོང་སློབ་གྲྭར་སོང་འདུག་པ་དང་། ཚ་ཚ་འུར་འུར་གྱི་སྐབས་ལ་མཐར་ཕྱིན་ནས་ཟི་ལིང་ལ་ལས་ཀ་བྱེད་དུ་སོང་འདུག་པས་སློབ་སྦྱོང་བྱེད་ཐུབ་ཡོད་པ་མ་རེད། རིག་གནས་གསར་བརྗེ་ཆེན་མོ་བོད་ལ་དང་པོ་ཡོང་དུས་རྒྱ་ནག་ནང་བཞིན་ངར་ལངས་ཡོད་པ་མ་རེད། ངར་ལངས་པའི་དུས་སྐབས་ནི་ཕྱི་ལོ་ ༡༩༦༧ དང་༡༩༦༨ ལ་རེད།
སྐབས་དེར་དགེ་རྒན་སློབ་གྲྭ་རོང་བོ་དགོན་པའི་ནང་རྒྱུགས་མཁན་སྔོན་ཐོན་པ་སྔ་དཔུང་གི་གྲས་རེད། མྱི་བཟང་ངན་གྱི་དབྱེ་བ་མེད་པར་ཚང་མ་རྒྱུགས་དགོས་པ་རེད། ང་འགྲོ་གི་མིན་ཟེར་ནས་འདུག་ས་ཡོད་པ་མ་རེད། དེ་དུས་ཡོད་ཚད་ལ་འཐབ་རྩོད་དང། དགོན་པ་གཏོར་བ་སོགས་བྱེད་ཀྱི་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ཚང་མ་གསར་བུ་རེད། ངར་ཡང་ལངས་བསྡད་ཡོད་པ་རེད། དེར་བརྟེན། དགེ་རྒན་སློབ་གྲྭའི་ལོ་གསུམ་པོའི་རིང་ལ་དོན་གྲུབ་རྒྱལ་ལ་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་ཡོང་མེད་པ་གསལ་བོ་རེད།
དོན་གྲུབ་རྒྱལ་དགེ་རྒན་སློབ་གྲྭ་ནས་མཐར་ཕྱིན་པའི་ལོ་རྗེས་མ་ཕྱི་ལོ ༡༩༧༠ ལོར་ང་དགེ་རྒན་སློབ་གྲྭར་སོང་བ་རེད། ལོ་དེར་སློབ་གྲྭའི་སྒྲིག་གཞི་ཕྱིར་བཅོས་ནས་སློབ་གྲྭ་ཚུགས་ཀྱི་ཡོད་ཀྱང་། སློབ་དེབ་མེད་པའི་དཀའ་ངལ་ཡོད། རིག་གནས་གསར་བརྗེ་ཆེན་པོའི་སྔོན་གྱི་སློབ་དེབ་ཚང་མ་དུག་རྩྭ་ཡི་ནང་ལ་སོང་ཡོད་པས་བེད་སྤྱོད་བྱས་ཆོག་གི་མ་རེད། རིག་གནས་གསར་བརྗེ་ཆེན་མོའི་སྐབས་ལ་ཚང་མ་འུར་ལངས་ནས་སློབ་དེབ་སྒྲིག་ཡོད་པ་མ་རེད། ང་ཚོར་སློབ་དེབ་མེད་པར་སྐད་ཡིག་ལ་མའོ་ཙེ་ཏུང་གི་གསུང་བཏུས་བཀླགས་བསྡད་པ་རེད། དོན་གྲུབ་རྒྱལ་ཡོད་དུས་ང་ཚོ་ལས་ཀྱང་སྨྱོ་བཞིན་པའི་སྐབས་རེད། ང་ཚོ་ཡོད་དུས་ཁྲོམ་སྐོར་ལ་འགྲོ་བ་དང་། མི་ངན་རིགས་བཞི་དང་ལྷ་འདྲེ་གདོན་བགེགས་ལ་ངོ་རྒོལ་དང་འཐབ་རྩོད་བྱེད་པའི་ལེ་ཚན་རྫོགས་ཡོད་ཀྱང་སློབ་ཁྲིད་ཡག་པོ་བྱེད་ཐུབ་ཀྱི་མེད། དོན་གྲུབ་རྒྱལ་སློབ་གྲྭ་ན་ཡོད་དུས་མང་ཆེ་བ་གསར་བརྗེའི་ནང་ལ་ཞུགས་ཡོད་པས་སློབ་སྦྱོང་བྱེད་ཐུབ་ཀྱི་ཨེ་ཡོད།
གཞན་ཕུར་བས་བཤད་པ་ལྟར་ན། དོན་གྲུབ་རྒྱལ་སློབ་གྲྭ་ནས་ཐོན་པ་ནས་སྲོལ་རྒྱུན་རིག་གནས་ཟེར་བ་འདི་རྩ་ཆེན་པོ་ཞིག་ཡིན་པ་ཤེས་ཡོད་ས་རེད། ལྐོག་ནས་དཔེ་ཆ་མང་པོ་ཀློག་པ་དང་དེའི་ནང་ནས་ཀྱང་དཔེ་རྙིང་གི་རིགས་རྒྱུན་དུ་བཀླགས་ཀྱི་འདུག་ཟེར། རིག་གནས་གསར་བརྗེ་ཆེན་མོའི་སྐབས་ལ་ཚད་ལྡན་གྱི་སློབ་གྲྭ་ཆེན་མོའི་སློབ་གསོའི་ལམ་ལུགས་འཐོར་སོང་བས། རྗེས་ལ་བཟོ་ཞིང་དམག་གི་སློབ་གྲྭ་བཙུགས་པ་རེད། ཁོ་བཟོ་ཞིང་དམག་གི་སློབ་གྲྭ་ལ་སོང་བ་རེད། སློབ་གྲྭ་དེ་ནས་ལོ་གསུམ་བསྡད་ན་ཆོག་གི་རེད་ལ་ཡིག་ཚད་ཀྱང་གཙོ་བོ་ཤེས་ཚད་ལ་བལྟ་གི་མ་རེད། དོན་གྲུབ་རྒྱལ་དང་། ཟླ་བ་བློ་གྲོས། མཚོ་སྔོན་གྱི་སངས་རྒྱས་སྐྱབས་དང་། རྩིས་རིག་ལ་མཁས་པའི་སངས་རྒྱས་རྒྱལ་སོགས་སློབ་གྲྭ་འདི་ལ་སོང་བ་རེད། དེའི་ནང་ནས་ཀྱང་ཁོང་ཚོ་ལྟ་བུའི་བོད་ཀྱི་རིག་གཞུང་ལ་ཕན་ཐོགས་པའི་ཤེས་ཡོན་པ་སྐོར་ཞིག་བྱུང་བ་རེད། དོན་གྲུབ་རྒྱལ་ཡང་དེའི་གྲས་ཀྱི་རེད། དེ་དུས་ཟླ་བ་དང་ཁོ་ཚོ་ཀྲུང་དབྱང་མི་རིགས་སློབ་གླིང་ནས་སློབ་གྲོགས་རེད། རྗེས་ལ་ཟླ་བ་དང་ང་ཚོ་མཉམ་དུ་ལོ་གསུམ་བཞི་ཞིག་ལ་བསྡད་པ་རེད། ཟླ་བས་བཤད་ན། ཁོ་ཚོ་སློབ་གྲྭར་ཡོད་དུས་དོན་གྲུབ་རྒྱལ་གྱིས་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་སྙན་འགྲེལ་དེ་ལྐོག་ནས་བཀླགས་ཀྱི་འདུག་ཟེར། དེ་དུས་བོད་ཀྱི་སྲོལ་རྒྱུན་གྱི་དཔེ་ཆ་བཀླགས་ཆོག་གི་ཡོད་པ་མ་རེད། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཡོད་པའི་དུས་ཡིན་ནའང་རེད། ཟི་ལིང་དུ་ལས་ཀ་བྱེད་དུས་ཡིན་ནའང་རེད། གང་ལྟར་ཁོང་ལ་སློབ་སྦྱོང་མ་ཐོབ་ཀྱང་ཁོ་རང་གི་ངོས་ནས་བོད་ཀྱི་སྲོལ་རྒྱུན་གྱི་དཔེ་ཆ་ཡང་ཡང་བཀླགས་ཡོད་པ་འདྲ།
དགེ་ཆོས་དང་རང་གྲོལ་གཉིས་བསྡུར་ན། དགེ་འདུན་ཆོས་འཕེལ་ལ་སྲོལ་རྒྱུན་གྱི་སློབ་གསོ་དང་ཤེས་ཡོན་ཆ་ཚང་བ་ཞིག་ཐོབ་ཡོད་པ་དང་། དཔེ་ཀློག་ཚད་མེད་པ་ཞིག་བྱས་ཡོད་པ། རང་དབང་བེད་སྤྱོད་མང་དུ་གཏོང་ཐུབ་ཡོད་པ། དེའི་སྟེང་སྒྱུ་རྩལ་གྱི་མིག་དབང་ཁྱད་པར་བ་ཞིག་ཡོད་པ་བཅས་མཐུན་རྐྱེན་བཞིས་ཁོང་གི་རྣམ་དཔྱོད་དང་ཤེས་ཡོན་བསྐྲུན་འདུག དོན་གྲུབ་རྒྱལ་ནི་ཤེས་ཡོན་སྦྱོང་བའི་གོ་སྐབས་ཧ་ཅང་ཉག་ཕྲ་བའི་སྐབས་ཤིག་ལ་ཤེས་ཡོན་ཆ་མི་ཚང་བའི་དུས་ཚོད་ཅིག་དང་། ཧ་ཅང་བཀག་རྒྱ་ཅན་གྱི་སྤྱི་ཚོགས་ཤིག་ནས་རྣམ་དཔྱོད་དང་ཤེས་ཡོན་སྤེལ་བ་རེད། རང་གྲོལ་གྱི་ཚད་དང་ལྡན་པའི་སློབ་སྦྱོང་ནི་ཕྱི་ལོ་ ༡༩༧༧ རྗེས་ཀྱི་ཚད་ལྡན་གྱི་ཡིག་ཚད་བཏང་ནས་འགྲོ་དགོས་པའི་ཞིབ་འཇུག་སློབ་མའི་སློབ་སྦྱོང་དེ་རེད། དེའི་སྔོན་གྱི་སློབ་སྦྱོང་ཚང་མ་ཁོ་རང་གི་སྐྱེས་སྟོབས་ཀྱི་ཤེས་རབ་ཀྱིས་སྦྱང་བ་མ་གཏོགས་ཚད་ལྡན་སློབ་སྦྱོང་ཐོབ་ཡོད་མ་རེད། ཁོང་གཉིས་ཀྱི་སློབ་སྦྱོང་ཐོག་ནས་མཁས་པ་ཆགས་པའི་རྒྱབ་ལྗོངས་དེ་འདྲ་ཞིག་རེད།
གསུམ་པ། རྩོམ་འབྲིའི་ནུས་རྩལ་གྱི་མ་རྩ།
ངས་དོ་སྣང་བྱུང་བ་ལྟར་ན། དགེ་འདུན་ཆོས་འཕེལ་རྒྱ་གར་ལ་སོང་བ་ནས་རྩོམ་འབྲི་བའི་མགོ་བཙུགས་འདུག འུ་ཚོས་ད་བར་རྙེད་པའི་རྩོམ་ཡིག་མང་ཆེ་བ་རྒྱ་གར་ལ་སོང་བའི་རྗེས་ནས་བྲིས་པ་རེད། རྒྱ་གར་ལ་མ་སོང་གོང་བྲིས་པའི་རྩོམ་འདུག་གམ། ཁོང་ཕྱི་ལོ་ ༡༩༠༣ ལོར་སྐྱེས་པའི་དབང་དུ་བཏང་ན། ལོ་སུམ་ཅུ་ཙམ་ནས་རྩོམ་འབྲི་རྒྱུའི་མགོ་བཙུགས་འདུག དེ་ལ་བལྟས་ནས་བཤད་ན། དགེ་འདུན་ཆོས་འཕེལ་ལ་མཚོན་ན། ཆོས་ལུགས་ཀྱི་སློབ་སྦྱོང་གི་རིམ་པ་རྒྱ་ཆེན་པོ་ཞིག་ཚར། དཔེ་ཀློག་ཀྱང་རྒྱ་ཆེན་པོ་བྱས། ཕྱི་རོལ་གྱི་འཇིག་རྟེན་ཡང་གང་ལ་གང་འཚམ་ཞིག་མཐོང་བའི་སྟེང་གཞན་དང་ཐུན་མོང་མ་ཡིན་པའི་རང་གི་ལྟ་བ་ཞིག་ཀྱང་རྙེད་ཡོད་པའི་རྒྱབ་ལྗོངས་ཐོག་ནས་རྩོམ་འབྲི་བའི་འགོ་བཙུགས་འདུག ཁོང་གིས་རྩོམ་འབྲི་དུས་ལོ་ཅུང་ཆེ་ཡང་ཤེས་ཡོན་དང་ལྟ་བའི་རྒྱབ་ལྗོངས་མཐུག་པོ་རེད། རྡོ་ནོལ་ལོ་པེ་སི་༼Donald Lopez༽་ཡིས་ཁོང་ཚད་མ་རིག་པ་བ། སྙན་ངག་པ། རྩོམ་འབྲི་བ། རི་མོ་བ། སྐད་རིགས་སྨྲ་བ། ཡིག་བསྒྱུར་བ། ས་རྒྱུས་སྨྲ་བ། ལོ་རྒྱུས་མཁས་པ། སྤྱི་ཚོགས་དཔྱད་བརྗོད་པ། ཆགས་སྲེད་འཁྲིག་སྦྱོར་ཞིབ་འཇུག་པ། རྩི་ཤིང་སྔོ་ལྡུམ་ཞིབ་འཇུག་པ། གསར་འགོད་པ། མིའི་རིགས་རྒྱུད་ཀྱི་རིག་པ་སྨྲ་བ་སོགས་ཡིན་པར་བཤད་འདུག་པ་འདི་ཡང་དགེ་ཆོས་ཀྱི་རྩོམ་ཡིག་གི་བརྗོད་གཞི་རྒྱ་ཆེན་པོ་ཡིན་པ་དེའི་ཐོག་ནས་ལོས་ཡིན།
དོན་གྲུབ་རྒྱལ་གྱིས་རྩོམ་འབྲི་དུས་ཧ་ཅང་གཞོན་གཞོན་རེད། ཁྱོད་ཚོས་དོ་སྣང་བྱས་ཡོད་མེད་གང་ཤེས། ཕྱི་ལོ་ ༡༩༧༦ ལོའི་ལོ་མཇུག་ནས་རིག་གནས་གསར་བརྗེ་ཆེན་མོ་མཇུག་རྫོགས་སོང་བ་རེད། ཕྱི་ལོ ༡༩༧༧ ལོ་ནས་མི་ཚང་མར་སྲིད་ཇུས་ལྷོད་པའི་ཚོར་བ་ཡོང་། མཁས་པ་ཚོས་ཀྱང་བོད་ཀྱི་ཚགས་པར་སྟེང་བོད་ཀྱི་རྩོམ་སྤེལ། རྒྱང་བསྒྲགས་ནང་ནས་ཀྱང་གེ་སར་སྒྲུང་དང་། གླུ་ཡང་གོ་རྒྱུ་བྱུང་སྟེ་གཞི་ནས་ལྷོད་ཡངས་ཀྱི་འགོ་བཙུགས་པ་རེད། ཕྱི་ལོ་ ༡༩༧༧ དང་ ༡༩༧༨ གང་ཡིན་གསལ་བོ་མི་དྲན་ཡང་། དེ་དུས་རླུང་འཕྲིན་རྒྱལ་ཟེར་བ་ཞིག་གིས་ཚིགས་བཅད་ཀྱི་རྩོམ་འབྲི་གི་རེད། ཚིགས་བཅད་དེ་དག་ཚིག་རྐང་དང་པོ་དང་གཉིས་པ་ས་སྐྱ་ལེགས་བཤད་ཀྱི་རྩོམ་དང་ཚིག་རྐང་གསུམ་པ་དང་བཞི་བ་གཉིས་དེ་ཁོ་རང་གིས་བྲིས་པ་སྐོར་ཞིག་ཐོན་གི་རེད། དེ་ཚོའི་རྩོམ་པ་པོ་ངས་དོན་གྲུབ་རྒྱལ་རེད་བསམས་བསྡད་ཡོད། གང་ལྟར། ཁོས་འཕྱི་མཐའ་ཡང་སྤྱི་ལོ་ ༡༩༧༨ ནས་རྩོམ་འབྲི་རྒྱུ་འགོ་བཙུགས་འདུག དེ་ཡིན་ན་ཁོས་རང་ལོ་ཉེར་བཞི་ཙམ་ནས་རྩོམ་ཡིག་སྤེལ་འགོ་བརྩམས་འདུག
དགེ་འདུན་ཆོས་འཕེལ་དང་ཁོང་གཉིས་ལ་གཅིག་ནས་ལོ་ཡི་ཁྱད་པར་དང་། གཉིས་ནས་རྩོམ་འབྲི་བའི་མ་རྩའི་ཆ་ནས་ཁྱད་པར་འདུག དགེ་འདུན་ཆོས་འཕེལ་སློབ་སྦྱོང་ཆ་ཚང་བ་དང་། མཐོང་རྒྱ་ཐོས་ཆེན་པོ། ཁོང་ལ་རང་སྟེང་གི་རི་མོའི་ནུས་པ་ཡོད་པ་དེ་འདྲའི་མ་རྩ་ཆེན་པོའི་ཐོག་ནས་བྲིས་འདུག དོན་གྲུབ་རྒྱལ་མཚོན་ན། རང་ཉིད་ལ་སྐྱེས་སྟོབས་ཡོད་པ་རེད་མ་གཏོགས། སྦྱང་སྟོབས་ཀྱི་ངོས་ནས་དགེ་འདུན་ཆོས་འཕེལ་དང་བསྡུར་རྒྱུ་མི་འདུག ཁོང་གཉིས་ལ་གནམ་སའི་ཁྱད་པར་ཤོར་གྱི་འདུག འདི་ཁོང་གཉིས་ཀའི་རྩོམ་འབྲིའི་མ་རྩའི་ཁྱད་པར་རེད།
བཞི་བ། ཤེས་ཡོན་གྱི་སྡེ་ལ་མཛད་རྗེས་བསྡུར་བ།
དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ལ་བལྟས་ནའང་འདྲ། ཁོང་དང་རྒྱུས་ཡོད་པའི་མི་རྣམས་ལ་བཅར་འདྲི་བྱས་པ་དང་རྩོམ་ལ་བལྟས་ནའང་འདྲ། ཁོང་ལ་གཤིས་ཀ་མ་འདྲ་བ་ཞིག་ཡོད་པ་ནི། ཁོང་གིས་སློབ་སྦྱོང་བྱེད་དུས་ཤེས་ཡོན་གསོག་པ་དང་མཉམ་དུ་དོགས་པའང་གསོག་གི་འདུག ནང་ཆོས་ཀྱི་ནང་དུ་ལྟ་བ་གང་ཞིག་ཇི་ལྟར་སླེབས་པ་དང་། རྒྱ་གར་གྱི་ཤིང་ཏོག་ཅིག་ཡིན་ཡང་དེ་ག་རེ་ཡིན་ནམ་བསམ་པའི་དོགས་པ་མང་པོ་གསོག་གི་འདུག རྗེས་ལ་ཁོས་ཞིབ་འཇུག་གི་དུས་ཚོད་ལ་ཐོན་དུས་ཁོས་གཙོ་བོ་ག་རེ་བཙལ་འདུག་ཟེར་ན། སློབ་སྦྱོང་བྱེད་པའི་སྐབས་ལ་བྱུང་བའི་རྣམ་རྟོག་དང་དོགས་པ་མང་པོ་ཞིག་ཡོད་པ་དེ་ལ་ལན་བཙལ་འདུག དེ་ལ་བརྟེན་ནས་ཁོང་ལ་ཤེས་ཡོན་མང་པོ་རྒྱས་པ་རེད། དཔེར་ན། རྒྱ་གར་གྱི་སྔོ་རྩྭའི་རིགས་མང་པོ་ངོས་འཛིན་དང་། རྒྱ་གར་གྱི་མིའི་འཚོ་བ་རོལ་སྟངས། སིངྒ་ལའི་འཚོ་བ་རོལ་སྟངས་སོགས་གཏམ་རྒྱུད་གསེར་གྱི་ཐང་མ་བཀླག་ན་ཤེས་ཀྱི་རེད། དེ་རིང་བཀླགས་ན་དེ་རིང་ཡང་ཤེས་རྒྱུ་ཡོད་པ་སང་ཉིན་བཀླགས་ན་སང་ཉིན་ཡང་ཤེས་རྒྱུ་ཡོད་པ་དེ་ལྟ་བུ་ཞིག སྐད་རིགས་ཀྱི་ལོ་རྒྱུས་འབྱུང་ཁུངས་སོགས་ཧ་ཅང་རྒྱ་ཆེ་བ་རེད། ཁོང་གིས་ཆོས་སྦྱང་ཞོར་ཏུ་བྱུང་བའི་དོགས་པ་མང་པོ་ལ་ལན་འཚོལ་བའི་ཞོར་དུ་ཤེས་ཡོན་རྒྱ་ཆེན་པོ་ཞིག་རྙེད་འདུག ཁོང་གིས་ང་ཚོར་སྤྲོད་དུས་ག་རེ་སྤྲོད་ཀྱི་འདུག་ཟེར་ན། ད་བར་དུ་དོགས་གཞིར་ལུས་པ་ཞིག་ལ་ལན་ཞིག་བཙལ་ནས་བོད་ལ་སྟེར་རྒྱུ་ནི་ཁོང་གི་གཞི་འཛིན་ས་གཙོ་བོ་རེད།
དོན་གྲུབ་རྒྱལ་གྱིས་བརྗོད་གཞི་གཏིང་ཟབ་མོ་ཞིག་དང་། རྒྱ་ཆེ་བ་ཞིག་ང་ཚོར་ངོ་སྤྲོད་བྱེད་རྒྱུ་ཁོའི་དམིགས་ཡུལ་མ་རེད། ཁོང་དེའི་སྟེང་ལ་འགྲོའང་ཐུབ་ཡོད་པ་མ་རེད། གོང་ནས་ཁོང་གི་སློབ་སྦྱོང་གི་གནས་སྟངས་བཤད་ཟིན་པ་ལྟར་ཁོང་དེ་འདྲའི་བརྗོད་གཞི་རྒྱ་ཆེ་པོ་ཞིག་གི་སྟེང་ལ་འགྲོ་བའི་ནུས་པ་དང་རྒྱབ་ལྗོངས་ཀྱང་ཡོད་པ་མ་རེད། ཁོས་བོད་སྤྱི་ཚོགས་སྟེང་ལ་རྩོམ་སྟངས་གསར་བ་ཞིག་འདྲེན་རྒྱུ་དེ་ཁོའི་ནུས་པ་རེད། ལང་ཚོའི་རྦབ་ཆུ་ཐོན་རྗེས་ཀྱི་ཉིན་གཅིག་ངའི་གྲོགས་པོ་བན་ཁོ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་སོང་ནས་ཕྱིར་སླེབས་སོང་། སྐབས་དེར་ཁོས། དེང་སྐབས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་ངའི་ཤ་དང་ངའི་ཁྲག ངའི་སྙིང་གིས་བཀང་ནས་འདུག་ཟེར། ལང་ཚོའི་རྦབ་ཆུ་ཐོན་པ་ནས་རང་མོས་སྙན་ངག་འབྲི་རྒྱུར་ཁ་ཕྱོགས་པ་རེད། གཅིག་སྙན་ངག་གསར་བའི་ལམ་ལ་འགྲོ་རྒྱུ་དར་བ་དང་། གཉིས་ནས་བརྗོད་གཞི་གསར་བ་ཞིག་གི་ནང་དུ་ཞུགས་པ་རེད། དེའི་སྔོན་དུ་སྙན་ངག་གི་བརྗོད་གཞི་བསྟོད་པའི་ནང་དུ་ཡོད་པ་རེད། དེ་ནས་བཟུང་རྩོམ་ཁ་མི་རིིགས་ཀྱི་ལ་རྒྱ་དང་ཞེན་ཁོག་བཤད་རྒྱུར་བསྐོར་བ་རེད།
གཞན་ཞིག་ནི་སྒྲུང་རྩོམ་གྱི་སྐོར་ནས་རེད། ༼འབྲོང་སྟག་ཐང༽་ཐོན་པའི་རྗེས་ནས་ཆབ་འགག་རྡོ་རྗེ་ཚེ་རིང་གིས་༼ཆབ་ཆའི་རྩྭ་ཐང་གི་གླུ་སྒྲ༽་ཞེས་པ་ཞིག་བྲིས་ཡོད་པ་ལྟ་བུ་རེད། སྒྲོམ་གཞི་ཚུན་ནས་གཅིག་མཚུངས་བྲིས་ཏེ་༼འབྲོང་སྟག་ཐང་༽གི་མིང་ཇི་ལྟར་ཐོགས་ཚུལ་བྲིས་ཡོད་པ་བཞིན་ཆབ་ཆ་ཟེར་བའི་མིང་ཇི་ལྟར་ཐོགས་པ་བྲིས་ཡོད་པ་རེད། ལད་ཟློས་ཟེར་བ་ངོ་ཚ་དགོས་པ་ཞིག་ལ་བརྩི་སྲིད་ཀྱང་། རྩོམ་གྱི་འགོ་འཛུགས་དུས་ལད་ཟློས་མ་བྱས་པ་དཀའ་མོ་རེད། དོན་གྲུབ་རྒྱལ་རང་གིས་ཀྱང་རྒྱ་རྩོམ་མང་པོ་ལ་ལད་མོ་བྱས་ཡོད་པ་རེད། དོན་གྲུབ་རྒྱལ་གྱིས་རྒྱ་རྩོམ་གྱི་ལད་མོ་བྱས། བོད་གཞོན་རྣམས་ཀྱིས་དོན་རྩོམ་གྱི་ལད་མོ་བྱས་ཡོད་པ་རེད།
རྩོམ་སྟངས་མ་གཏོགས་བསམ་བློའི་སྟེང་ནས་དོན་གྲུབ་རྒྱལ་མེད་ཚེ་བསམ་བློ་འདི་སྐྱེས་མེད་ཟེར་བའི་གནས་སྟངས་ཅང་ཡོད་པ་མ་རེད། ཁོས་རྩོམ་གྱི་ནང་ལ་བྲིས་པ་དེ་དག་སྐབས་དེའི་ཤེས་ཡོན་ཅན་གྱི་སྡེ་ན་བསམ་བཞིན་པ་དང་བཤད་བཞིན་པ་རྐྱང་རེད། དོན་གྲུབ་རྒྱལ་མིང་གྲགས་ཆེ་བ་དེ་ཁོའི་སྒྲུང་གཏམ་དང་སྙན་ངག་འབྲི་སྟངས་གསར་རྩོམ་དེའི་ཐོག་ནས་ཡིན་པ་མ་གཏོགས། ཁོ་ལ་གཞན་གྱི་སེམས་ལ་འཁོར་མི་ཐུབ་པའི་བསམ་བློ་གསར་པ་ཡོད་པ་དང་། ཡང་ན་ཞིབ་འཇུག་གི་གསར་རྙེད་ཡོད་པའི་ཐོག་ནས་མ་རེད། ཁོས་མགུར་གླུའི་ལོ་རྒྱུས་དང་། ལོ་རྒྱུས་ཐོག་གི་རྟ་ཟམ་གྱི་བྱུང་རབས་དང་ངང་ཚུལ་ལ་ཞིབ་འཇུག་བྱས་པའི་རྩོམ་ཡིག་འགའ་རེ་ཡོད་པ་རེད། ཡིན་ན་ཡང་། དེ་ཚོ་ཁོའི་སྙན་གྲགས་རྒྱས་བྱེད་མ་རེད། དགེ་འདུན་ཆོས་འཕེལ་ནི་དེ་ལྟར་མ་རེད། ཁོའི་བསམ་བློ་སྐོར་ཞིག་ཁོ་མེད་ཚེ་སྤྱི་ཚོགས་སྟེང་ལ་ཁོ་རང་ཡོད་པའི་སྐབས་ལ་ཡོང་གང་ནས་ཐུབ། ད་ལྟ་ཡང་ཡོང་ཐུབ་ཀྱི་མ་རེད། དགེ་འདུན་ཆོས་འཕེལ་མིང་དུ་གྲགས་པ་ནི་ཁོང་གི་ལྟ་བ་གསར་བ་དང་གསང་བ་མང་པོ་བཏོན་པ་དེའི་ཐོག་ན་ཡོད་པ་རེད།
ལྔ་བ། སྙན་ངག་གི་ཁྱད་ཆོས་བསྡུར་བ།
ཁོ་གཉིས་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་ཁོང་གཉིས་ཀ་སྙན་ངག་འབྲི་རྒྱུར་དགའ་བ་དེ་རེད། ཡིན་ཡང་། སྙན་ངག་གི་ཁྱད་ཆོས་མ་འདྲ་བ་རེད། དང་པོ་བརྗོད་གཞིའི་ཐོག་ནས་དགེ་འདུན་ཆོས་འཕེལ་གྱི་བརྗོད་གཞི་ནི་མཚན་ཉིད་རིག་པའི་ངོ་བོ་དང་ལྡན་པའི་བརྗོད་གཞི་ཅན་གྱི་སྙན་ངག་འབྲི་རྒྱུར་དགའ་གི་རེད། མཚན་ཉིད་རིག་པ་ཟེར་བ་ནི་བོད་ཀྱི་རྟགས་གསལ་གཏོང་བའི་མཚན་ཉིད་རིག་པ་དེ་མ་ཡིན་པར། དེང་སང་གི་མཚན་ཉིད་རིག་པ་ཟེར་དུས་སྤྱིར་བཏང་འགྲོ་བ་མིའི་སྤྱི་ཚོགས་དང་ཤེས་རིག བསམ་བློ་སོགས་ཀྱི་ངོ་བོ་གཤིས་ལུགས་འཚོལ་བྱེད་ཀྱི་རིག་པ་དེའི་མིང་ལ་བཤད་ཀྱི་ཡོད་པ་རེད། དཔེར་ན། དགེ་འདུན་ཆོས་འཕེལ་གྱི་སྙན་ངག
གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུགས།།
ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུགས།།
མདོར་ན་འཇིག་རྟེན་ཐམས་ཅན་བང་འགྲན་ནས།།
གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུགས།།
ཞེས་པ་འདི་ལྟ་བུར་མཚོན་ན་མི་ལས་འདས་པའི་སྤྱིར་བཏང་དབུགས་ཐོགས་ཐམས་ཅད་ཀྱི་གཤིས་ཀ་ཅིག་བརྗོད་ཀྱི་ཡོད་པ་རེད། ཁོ་ཚོ་ཅིའི་ཕྱིར་སྐྱེས་པ་དང་ཅི་ཞིག་བྱེད་ཀྱིན་པ་བརྫོད་ཀྱི་ཡོད་པ་རེད། འདི་ལྟ་བུའི་སྙན་ངག་ལ་དུས་དང་ཡུལ་གྱི་བཀག་རྒྱ་ཡོད་པ་མ་རེད། སྙན་ངག་འདི་ཡུལ་དུས་གང་ཞིག་གི་གནས་སྟངས་ལ་ཡང་སྦྱར་ཐུབ་པའི་སྙན་རྩོམ་རེད། འདི་ལྟ་བུ་མང་པོ་འདུག ཡང་།
ཇི་ལྟར་དངོས་པའི་གཤིས་ལ་ཉེ་གྱུར་པ།།
དེ་ལྟར་མཁས་པའི་ཚིག་ནི་ལྐུགས་འགྱུར་བས།།
རང་གཞན་ཉིད་ཀྱིས་ཕྲ་བའི་ཆོས་རྣམས་ཀུན།།
སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་སྐད།།
ཞེས་པ་འདི་ལྟ་བུར་མཚོན་ནའང་། བདེན་པ་ལ་ཅི་ཙམ་ཉེ་ན་ཚིག་གི་ནུས་པ་དེ་ཙམ་གྱིས་ཆུང་ནས་བརྗོད་པ་དཀའ་ཟེར་བ་རེད། འདི་ལའང་རྒྱལ་ཁབ་ཕྱི་ནང་དང་མི་རིགས་ཀྱི་དབྱེ་བ་ཡོད་པ་མ་རེད། ཡུལ་དུས་ཀྱི་བཀག་རྒྱ་མེད་པ་དེ་འདྲ་རེད། གཞན་མཚམས་ལན་རེར་ཁོང་གི་སྙན་ངག་གི་ནང་དུ་ཁེར་རྐྱང་གི་སྙན་ངག་དེ་འདྲ་སྐོར་ཞིག་མཐོང་རྒྱུ་འདུག
དོན་གྲུབ་རྒྱལ་གྱི་སྙན་ངག་ལ་མང་ཆེ་བར་ཡུལ་དུས་ཀྱི་བཀག་རྒྱ་གསལ་བོ་རེད། དུས་སྐབས་གང་ལ་བྱུང་བའི་ས་མཚམས་ཆུ་མཚམས་གསལ་བོ་རེད། ཁོའི་སྙན་ངག་༼བསྟོད་ཚིག་མེ་ཏོག་ཕྲེང་མཛེས༽་ལྟ་བུར་མཚོན་ན། དུས་ཀྱི་རྣམ་པ་ཧ་ཅང་གསལ་བོ་རེད། རིག་གནས་གསར་བརྗེ་ཆེན་པོ་མཚམས་བཞག་པའི་རྗེས་སུ་རིག་གནས་བརྗེ་ཆེན་པོའི་ནང་ཞྭ་ནག་པོ་གོན་ནས་ཚེ་སྲོག་ཤོར་སོང་བ་མང་པོ་རེད། དེའི་ནང་གི་གཅིག་ལིག་ཧྲའོ་ཆི་རེད། ལིག་ཧྲའོ་ཆི་རིག་གནས་གསར་བརྗེ་ཆེན་མོའི་ནང་མའོ་ཙེ་ཏུང་གིས་ཕམ་པར་རྒྱག་དགོས་པ་གཙོ་བོ་དེ་རེད། ཁོ་འཐབ་རྩོད་བྱས་ནས་ཤི་སོང་བ་རེད། ༼བསྟོད་ཚིག་མེ་ཏོག་ཕྲེང་མཛེས༽་ནང་གི་བསྟོད་བྱ་དེ་ལིག་ཧྲའོ་ཆི་རེད། རིག་གནས་གསར་བརྗེ་ཆེན་པོའི་རྗེས་སུ། ཧུའུ་ཡའོ་པང་གིས་རིག་གནས་གསར་བརྗེའི་ཆེན་པོའི་སྐབས་ལ་མ་ཉེས་ཁ་གཡོག་གི་སྒང་ནས་བཙོན་ལ་བཅུག་པ་དང་ཚེ་སྲོག་ཤོར་བ་བཅས་ལ་དཀར་འདོན་གྱི་སྲིད་ཇུས་ཤིག་སླེབས་པ་རེད། དེའི་ནང་ནས་གཙོ་བོ་ལིག་ཧྲའོ་ཆི་དཀར་འདོན་མ་བྱས་ན་གཞན་པ་ཚོ་ཡོང་ཐུབ་ཀི་ཡོད་པ་མ་རེད། ཁོ་དཀར་འདོན་བྱས་ཚེ་གཞན་པ་ཚོ་རང་བཞིན་གྱིས་དཀར་ཡོང་གི་ཡོད་པ་རེད། དཀར་འདོན་གྱི་སྲིད་ཇུས་དེ་དང་དོན་གྲུབ་རྒྱལ་གྱི་སྙན་ངག་དེ་དཀར་འདོན་གྱི་སྲིད་ཇུས་དེ་ལ་བསྟོད་ཆེད་བྲིས་པ་རེད། དེང་སང་རྩོམ་དེ་བཀླགས་ན་ཚིག་ཙམ་མ་གཏོགས་དོན་གྱིས་མི་ཚང་མས་བཀླགས་མི་འདོད་པར་གྱུར་ཡོད་ཀྱི་རེད། གཅིག་བྱས་ན། དེང་སང་གི་གཞོན་ནུ་ཞིག་གིས་གོ་རྒྱུ་ཡང་མ་རེད། དེ་ནི་གཞོན་ནུ་དེའི་སྙན་ངག་གི་གོ་སྟོབས་ལ་སྐྱོན་ཤོར་བ་མིན་པར། སྙན་རྩོམ་དེ་ལ་དུས་ཀྱི་བཀག་རྒྱ་ཆེ་དྲག་པ་རེད། དེ་ལྟ་བུའི་སྙན་ངག་མང་པོ་ཞིག་སྐབས་དེའི་དུས་ཚོད་ཀྱི་བཀག་རྒྱ་དང་དངོས་པོ་བྱེ་བྲག་པ་ལ་བརྟེན་ནས་བྲིས་ཡོད་པ་རེད།
སྤྱིར་བཏང་སྙན་ངག་གི་རྣམ་གཞག་གི་སྟེང་ནས་སོང་ན་དེ་འདྲ་ཞིག་ཡིན་དགོས་པ་རེད། རྩོམ་རིག་སྤྱི་ཡོངས་ནས་བྱེ་བྲག་བྱེ་བྲག་པ་འབྲི་དགོས་ཀྱི་ཡོད། དགའ་བ་དང་། མི་དགའ་བ། ཚིག་པ་ཟ་བ། རླུང་ལངས་པ་སོགས་བྱེ་བྲག་གི་སྟེང་ནས་མ་གཏོགས་དངོས་པོ་སྤྱི་མཚན་གྱི་སྟེང་ནས་ཡོང་མི་ཐུབ། བྱེ་བྲག་གི་སྟེང་ནས་ཚོར་བ་ཇེ་གསལ་ཏུ་འགྲོ་ཐུབ་ཟེར་ནས་བཤད་ཀྱི་ཡོད་པ་རེད་ལ་ཡིན་དགོས་པའང་རེད། དངོས་པོ་བྱེ་བྲག་བྲིས་པ་དེ་སྐྱོན་ཏུ་འགྱུར་གྱི་ཡོད་པ་མ་རེད། དེ་ལ་ལྟ་སྟངས་ཐད་ཆབ་སྲིད་ཀྱི་ཤུགས་རྐྱེན་དང་ཁ་མ་བྲལ་བར་འགྲོ་བ་མིའི་རང་བཞིན་གྱི་ཚོར་བས་བལྟ་མ་ཐུབ་པ་དེའི་ཐོག་ནས། སྙན་ངག་དང་རྩོམ་མང་པོ་ཞིག་སྐབས་དེའི་དུས་ཚོད་ཐུང་ཐུང་ནང་མ་གཏོགས་ཚེ་སྲོག་ཡལ་སོང་བ་མང་པོ་ཞིག་བྱུང་ཡོད་པ་རེད། རྩོམ་གྱི་ཚེ་ཡི་རིང་ཐུང་བཤད་ན། དགེ་འདུན་ཆོས་འཕེལ་གྱི་སྙན་ངག་མང་པོ་ཞིག་ད་ལྟ་བཀླགས་ནའང་ཚེ་སྲོག་ཡོད་པ། ལོ་རྗེས་མར་བཀླགས་ནའང་ཚེ་སྲོག་ཡོད་པ། གཅིག་བྱས་ན་ལོ་ལྔ་བཅུའི་རྗེས་ནས་བཀླགས་ཀྱང་ཚེ་སྲོག་ཡོད་པ་རེད། དོན་གྲུབ་རྒྱལ་གྱི་སྙན་ངག་མང་པོ་ཞིག་རིག་གནས་གསར་བརྗེ་ཆེན་པོའི་རྗེས་ནས་ཚེ་སྲོག་ཡོད་ཀྱང་། ད་ལྟ་གསོན་ཉམས་ཇེ་ཆུང་དུ་སོང་ཡོད་པ་རེད།
ཚིག་སྦྱོར་གྱི་ཆ་ནས་དགེ་འདུན་ཆོས་འཕེལ་གྱིས་ཀྱང་མཚམས་ལན་རེར་གསར་བ་བཙལ་གྱི་མེད་འགྲོ་བསམ་གྱི་འདུག དཔེར་ན། ཀླུ་སྒྲུབ་དགོངས་རྒྱན་ལ་མཚོན་ན་ཁོས་མཚམས་ལན་རེར་ལྟ་བ་གསར་བ་འཚོལ་གྱི་ཡོད་པ་རེད། དེའི་ཐོག་བརྗོད་སྟངས་གསར་བ་འཚོལ་གྱི་ཡོད་པ་རེད། ཀླུ་སྒྲུབ་དགོངས་རྒྱན་ནང་དུ། དངོས་པོ་ཞིག་བདེན་པ་རེད་དམ་རྫུན་པ་རེད་ཟེར་ནས་མཐའ་ལ་གཏུགས་ཡོང་ན། ཁྱེད་རང་ཉིད་ལ་ཐུག་འདུག་ཅེས་བཤད་ཡོད་པ་རེད། སྟོན་པ་ཤཱཀྱ་ཐུབ་པ་བདེན་པ་ཡིན་པ་སུས་ཤེས་ཀྱི་འདུག་ཟེར་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཤེས་ཀྱི་འདུག སློབ་དཔོན་ཀླུ་སྒྲུབ་བདེན་པ་ཡིན་པ་སུས་ཤེས་ཀྱི་རེད་ཟེར་དུས་རྗེ་ཙོང་ཁ་བ་སོགས་སྐོར་ཞིག་གིས་ཤེས་ཀི རྗེ་ཙོང་ཁ་བ་སོགས་བདེན་པ་ཡིན་མིན་སུས་ཤེས་ཀྱི་འདུག་ཟེར་དུས་ངའི་བླ་མས་ཤེས་ཀྱི་འདུག་ཟེར་བ་དང་། བླ་མ་བདེན་པ་ཡིན་པ་མཐར་གཏུགས་ན་ཁྱེད་རང་ལ་ཐུག་འདུག་ཅེས་ཁོ་རང་གི་ལྟ་བ་བཙལ་སྟངས་ཤིག་རེད།
ཁྱོད་ཚོའི་ནང་དུ་མཚན་ཉིད་དང་དབུ་མའི་ལྟ་བ་སྦྱང་མྱོང་མཁན་ཡོད་ཀྱི་རེད། ང་ལ་མཚོན་ན་འདི་ནི་ཕྲ་ཞིང་ཞིབ་པ་དང་ཐུན་མོང་མ་ཡིན་པ་འདི་ལྟ་བུའི་ལྟ་བ་གཏན་ལ་འབེབ་སྟངས་ཤིག་རེད་བསམ་སོང་། དེ་གང་ཡིན་ཡང་ཁྱད་པར་མི་འདུག མཐར་ཐུག་ཁོས་དེ་བཤད་དུས་སེང་གེའི་དཔང་པོ་ལ་སྟག སྟག་གི་དཔང་པོ་ལ་གཡག གཡག་གི་དཔང་པོ་ལ་ཁྱི། ཁྱི་ཡི་དཔང་པོ་ལ་བྱི་བ། བྱི་བའི་དཔང་པོ་ལ་འབུ་བཅས་མཐར་ཐུག་འབུ་ལ་ཐུག་འདུག་ཅེས་བཤད་ཡོད། ཁོང་ལ་ལང་ཚོའི་རྦབ་ཆུ་ནང་བཞིན་དང་བརྩམས་སྒྲུང་གི་འབྲི་སྟངས་མེད་ཀྱང་། བང་རིམ་སྒྲིག་སྟངས་དང་ལྟ་བ་བརྗོད་སྟངས། ཚིག་བརྗོད་ཀྱི་ཆ་ནས་ཧང་སངས་པ་དེ་འདྲ་མང་པོ་འདུག འདི་ལྟ་བུའི་ཁྱད་པར་གང་ནས་བལྟས་ཀྱང་མང་པོ་རྙེད་ཀི་འདུག
དྲུག་པ། ཤུགས་རྐྱེན་བསྡུར་བ།
ཤུགས་རྐྱེན་ལ་རིམ་པ་ཁ་ཤས་འདུག ཤུགས་རྐྱེན་ཟེར་ནས་ཁ་ནང་ནས་བཤད་བདེ་བོ་ཡོད་ཀྱང་ཞིབ་ཏུ་བསམ་བློ་བཏང་ན་དེ་ལ་བསམ་བློ་གཏོང་རྒྱུ་ཡོད་པ་རེད། སྤྱིར་བཏང་ང་ལ་མོས་མཐུན་ཡོང་བ་བྱེད་པ་ཙམ་ཡང་ཤུགས་རྐྱེན་རེད། མོས་མཐུན་ཡོད་པའི་སྟེང་ལ་ལྟ་བ་དང་སྤྱོད་ལམ་བསྒྱུར་དུ་བཅུག་པ་ཤུགས་རྐྱེན་ཆེན་པོ་རེད། ང་ཙམ་མ་ཟད་མི་མང་པོ་ཞིག་ལ་ངའི་བསམ་པ་ནང་བཞིན་བསྒྱུར་ཐུབ་ན་ཤུགས་རྐྱེན་ཧ་ཅང་ཆེན་པོ་རེད། ཤུགས་རྐྱེན་ཁ་ཤས་ཆོས་ལུགས་ཀྱི་རྐྱེན་རེད། གང་བཤད་པ་ཚང་མ་བདེན་པར་བཟུང་སྟེ་ཕྱག་འཚལ་ཞིང་། བདེན་མིན་ལ་བསམ་བློ་ཙམ་ཡང་གཏོང་མི་དགོས་པ་དེ་ཤུགས་རྐྱེན་ཆེས་ཆེ་ཤོས་དེ་རེད། དེ་དད་པའི་ཕྱོགས་ལ་བུད་སོང་བ་རེད།
འདི་ལྟར་བལྟས་ན། དགེ་འདུན་ཆོས་འཕེལ་གྱི་ཤུགས་རྐྱེན་གྱིས་དོན་གྲུབ་རྒྱལ་གྱི་ཤུགས་རྐྱེན་གྱི་རྗེས་མི་ཆོད་པ་འདྲ། དོན་གྲུབ་རྒྱལ་གྱི་ཤུགས་རྐྱེན་ནི་རྒྱ་ཆེན་པོ་དང་མགྱོགས་པོ་རེད། ལྗང་བུས་དོན་གྲུབ་རྒྱལ་གྱི་སྐོར་ལ་རྩོམ་ཞིག་བྲིས་ཡོད་པའི་ནང་དུ། རྩོམ་རེ་བྲིས་ན་སྤྱི་ཚོགས་ཐེངས་རེ་འགུལ་མྱོང་བ་དང་། བསམ་བློ་གསར་བ་གཏོང་དགོས་འཁེལ་ཡོད་པར་བཤད་ཡོད། དེ་བདེན་པ་རེད། ལྷག་པར་དུ་ལང་ཚོའི་རྦབ་ཆུ་བྲིས་པའི་རྗེས་ལ་སྙན་ངག་གི་ཆུ་ལོག་ཅིག་བོད་ཀྱི་སྤྱི་ཚོགས་ནང་རྒྱུགས་ཡོད་པར་བཤད་ཆོག་པ་རེད། ༼འབྲོང་སྟག་ཐང༽དང་། ༼འབྲུག་མཚོ།༽ ༼པད་མཚོ་༽སོགས་སྒྲུང་གཏམ་བྲིས་རྗེས་མི་ཚང་མས་བོད་ཡིག་གིས་སྒྲུང་རྩོམ་འབྲི་ཐུབ་ཀྱི་འདུག་ཟེར་ནས་ཡ་མཚན་ཡོད་པ་རེད། དེའི་སྔོན་ལ་བོད་ཡིག་གིས་སྲོལ་རྒྱུན་གྱི་སྙན་ངག་རྩོམ་འབྲི་ཐུབ་པ་ལས་སྒྲུང་གཏམ་གྱི་རིགས་འབྲི་ཐུབ་མི་ཐུབ་ལ་རྩོད་པ་དང་ཐེ་ཚོམ་ཡོད་པ་རེད། བོད་ཡིག་ཡག་པོ་ཡོད་མཁན་དང་དགའ་མཁན་ཚོས་འབྲི་ཐུབ་ཟེར་གྱི་ཡོད་ཀྱང་། དེ་ལ་ཚོད་ལྟ་བྱེད་པའི་སྤོབས་པ་སླེབས་ཡོད་པ་མ་རེད། རྒྱ་ཡིག་ཤེས་མཁན་དང་བོད་ཡིག་ཡག་པོ་མི་ཤེས་མཁན་ཚོས་བོད་ཡིག་གི་སྒྲུང་རྩོམ་འབྲི་མི་ཐུབ་ཟེར་དུས་མི་དགའ་ཡང་ཁུངས་སྐྱེལ་ལག་ལེན་བྱེད་ཐུབ་ཀྱི་མེད་པ་རེད། སྐབས་དེར། དོན་གྲུབ་རྒྱལ་གྱིས་བྲིས་ཡོང་བ་དེས་འབྲི་ཐུབ་པའི་ཁུངས་སྐྱེལ་ཏེ་སྤོབས་པའང་བྱིན་ནས་ཁོའི་ཤུགས་རྐྱེན་གཙོ་བོ་སྤོབས་པའི་ཐོག་ནས་སླེབས་པ་རེད། མི་ཚང་མས་བོད་ཀྱི་སྐད་ཡིག་གིས་འབྲི་ཐུབ་ཀྱི་འདུག་ཟེར་ནས་རྗེས་ལ་འབྲི་མཁན་མང་པོ་བྱུང་བ་རེད།
དགེ་འདུན་འཕེལ་ལ་མཚོན་ན། མི་ཚང་མས་ཁོ་མཁས་པ་ཡིན་པར་ཁས་བླངས་ཡོད་ཀྱང་ཤུགས་རྐྱེན་སྤྱི་ཚོགས་ནང་སླེབས་ཐུབ་མེད། དགེ་འདུན་ཆོས་འཕེལ་གྱི་ཤུགས་རྐྱེན་སླེབས་མ་ཐུབ་པ་ལ་རྒྱུ་རྐྱེན་ཁ་ཤས་འདུག དང་པོ། དགེ་འདུན་ཆོས་འཕེལ་གྱི་རྣམ་དཔྱོད་དང་ང་ཚོའི་རྣམ་དཔྱོད་ཀྱི་བར་ཐག་རིང་དྲག་ཏེ་རྗེས་ཟིན་མཁན་མེད་སོང་བ་རེད། དཔེར་ན། དགེ་འདུན་ཆོས་འཕེལ་རྒྱ་གར་ལ་སོང་ནས་ལོ་བཅུ་གཉིས་རིང་བསྡད་དེ་གཏམ་རྒྱུད་གསེར་གྱི་ཐང་མ་བྲིས་པ་རེད། དེའི་ནང་ན་ང་ཚོས་མ་ཤེས་པ་ཇི་འདྲའི་མང་པོ་ཞིག་རྙེད་རྒྱུ་འདུག གླིང་བཞི་གླིང་ཕྲན་བརྒྱད་ལྟ་བུར་མཚོན་ན། ཁོས་རྒྱ་གར་གྱི་ཡུལ་ཁམས་བཞི་ཡིན་པ་རྙེད་ཅིང་། ལྷོ་ཛམ་བུ་གླིང་ཟེར་བ་ནི་ཆོང་བ་ལུ་མང་སའི་ས་ཆ་ཞིག་རེད་ལྟ་བུ། ཆོས་ལུགས་ཀྱི་ནང་ནས་ཆེ་རུ་བཏང་བ་མ་གཏོགས་དོན་དངོས་སུ་རྒྱ་གར་གྱི་ཡུལ་ཁམས་བཞི་རེད་ཅེས་བཤད་པ་རེད།
དེའི་རྗེས་ནས་བོད་མི་འབུམ་གཅིག་ལྷག་རྒྱལ་བ་རིན་པོ་ཆེ་གཙོ་བྱས་ནས་རྒྱ་གར་ལ་ཡོང་སྟེ་ལོ་ལྔ་བཅུ་ལྷག་འགོར་བའི་རིང་ནང་ཆོས་ཤེས་མཁན་དང་། རྒྱ་གར་སྐད་དང་སཾསྐྲིཏ། དབྱིན་སྐད་སོགས་ཤེས་མཁན་ཡོད་ཀྱང་། དགེ་འདུན་ཆོས་འཕེལ་ནང་བཞིན་རྒྱ་གར་ནས་བོད་ལ་བསྒྱུར་བའི་ཆོས་དཔེ་ནང་རྒྱ་གར་གྱིས་བཤད་ཀྱིན་པ་འདི་རེད་ཟེར་ནས་གསར་དུ་རྙེད་མཁན་སུ་ཡོད་པ་རེད། མ་མཐའ་ཁ་སྣོན་སྣ་གཅིག་རྙེད་མཁན་སུ་ཡོད་པ་རེད། མཐུན་རྐྱེན་དང་སྐད་ཡིག་ཆ་ནས་མ་འཛོམས་པ་མིན་ཡང་དགེ་འདུན་ཆོས་འཕེལ་ནང་བཞིན་རྣམ་དཔྱོད་ཀྱིས་མ་འདང་བ་རེད། ཕལ་ཆེར་རྗེས་མ་ཡང་ཡོང་ཁག་པོ་རེད།
དོན་གྲུབ་རྒྱལ་ནང་བཞིན་སྒྲུང་རྩོམ་འབྲི་མཁན་དང་སྙན་ངག་འབྲི་མཁན་ཡོང་ཡོད་པ་རེད། དོན་གྲུབ་རྒྱལ་ལས་ཡར་རྒྱས་སོང་ལོས་ཡོད་བསམ་པ་དང་འབྲི་མཁན་མང་པོ་རེད། ཡིན་ཡང་དགེ་འདུན་ཆོས་འཕེལ་གྱིས་སེང་གེའི་དཔང་པོ་ལ་སྟག སྟག་གི་དཔང་པོ་ལ་གཡག དེའི་དཔང་པོ་ལ་ཁྱི་ཟེར་བ་ལྟ་བུའི་བཤད་སྟངས་གསར་བ་དང་ཚིག་གི་དོ་ཟླར་ཡོང་མཁན་ད་དུང་ཡོང་ཡོད་ཀྱི་མ་རེད་ལ།
བླུན་པོ་མཁས་པའི་རྗེས་སུ་མི་འབྲངས་ཡང།།
མཁས་པ་བླུན་པོའི་རྗེས་སུ་མི་འབྲངས་པ།།
དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།
སྲོག་ལ་བབས་ཀྱང་འབད་པས་སྲུང་བར་བྱ།།
ཟེར་བ་ལྟ་བུ་མཁས་པ་ལ་ངོས་འཛིན་གསལ་ཞིང་མཁས་པའི་རང་ཚུགས་ཀྱི་ས་མཚམས་གསལ་བོ་འཛིན་ཐུབ་མཁན་བྱུང་ཡོད་དམ། དོན་གྲུབ་རྒྱལ་གྱིས་རྩོམ་སྟངས་གསར་བའི་ཐད་སྣེ་ཁྲིད་ཡོད་ལ། ཁོའི་རྗེས་སུ་འབྲང་མཁན་ཡང་མང་པོ་ཞིག་བྱུང་ཡོད་པས། ཁོས་རང་གི་རྗེས་འབྲངས་པ་དེ་དག་གི་སྤོབས་པ་ཇེ་ཆེར་བཏང་བ་དང་ཇེ་མགྱོགས་སུ་བཏང་བ་དེ་ལྟ་བུ་ཡོང་ཁོ་ཐག་རེད། དགེ་འདུན་ཆོས་འཕེལ་གྱིས་གསར་དུ་རྙེད་པ་དེ་དག་ཁོ་རང་གིས་རྙེད་མེད་པ་ཡིན་ན། གཞན་ཞིག་གིས་རྙེད་ཀྱི་རེད་དམ་ཟེར་ན་དེ་ཐེ་ཚོམ་གྱི་གནས་རེད།
དཔེར་ན། ཐོན་མི་སམ་བྷོ་ཊས་ཡི་གེ་གསར་བ་ཁ་ཤས་བསྣན་པ་དེ་གཞན་པ་མ་རེད། ཙ་ཚ་ཛ་གསུམ་རེད། དེ་ཡིན་པའི་རྟགས་ག་རེ་འདུག་ཟེར་བ་ཅ་ཆ་ཇ་གསུམ་གྱི་སྟེང་དུ་རྟགས་ཤིག་ཡོད་པ་དེ་གསར་རྙེད་ཀྱི་རྟགས་རེད་ཅེས་ཧ་ཅང་རིག་པ་ཞིབ་མོ་དང་། རྣམ་དཔྱོད་རྣོན་པོ་ཡིན་པས་དགེ་འདུན་ཆོས་འཕེལ་མེད་ཚེ་ང་ཚོས་དེ་རྙེད་ཐུབ་ཀྱི་རེད་དམ། ཡང་དཔེར་མཚོན་ཞིག་ལ། དགེ་འདུན་ཆོས་འཕེལ་གྱིས་དབུ་མེད་དེ་དབུ་ཅན་མགྱོགས་པོར་བྲིས་པ་ལ་བརྟེན་ནས་བྱུང་བ་ཡིན་པ་ལས་ལཉྫ་དང་ཝར་ཏུ་ལས་བྱུང་བ་མ་རེད། ཐོན་མི་སམ་བྷོ་ཊ་རྒྱ་གར་ལ་འགྲོ་དུས་རྒྱ་གར་ན་ལཉྫ་དང་ཝར་ཏུ་མི་འདུག་གསུངས་ཡོད་པ་རེད། དེ་ནས་ལོ་ངོ་དྲུག་ཅུ་ལྷག་འགོར་རྗེས་མི་གཞན་པ་ཞིག་གིས་རང་ས་ནས་ཞིབ་འཇུག་བྱས་ནས་ལྟ་བ་འདི་ཡང་སྐྱར་རྙེད་ཅིང་ཇེ་ཞིབ་ཏུ་བཏང་ཡོད་པ་རེད། དེ་ཡང་བོད་པ་མ་རེད། དབྱིན་ཇི་པ་ Sam Van Schalk ཟེར་བ་ཞིག་རེད། ཁོས་ཀྱང་ཏུན་ཧོང་གཏེར་ཡིག་ལ་གཞི་བཅོལ་ནས་དབུ་ཅན་ནས་དབུ་མེད་བྱུང་ཚུལ་ཧ་ཅང་ཞིབ་རྒྱས་ཀྱི་རྩོམ་ཡིག་ལོ་རེ་ཟུང་གི་སྔོན་ལ་བྲིས་འདུག
རྩོམ་དེའི་ནང་། དགེ་འདུན་ཆོས་འཕེལ་གྱི་ལྟ་བ་དེའི་སྐོར་གླེང་མེད་པས་ཁོ་རང་ཉིད་ཀྱིས་ཞིབ་འཇུག་གིས་རྙེད་པ་འདྲ། ངས་ད་སྔ་དགེ་ཆོས་ཀྱིས་རྙེད་ཟིན་པ་ཞིག་མི་ཞིག་གིས་ཁོང་ལ་མ་བརྟེན་པར་གསར་དུ་རྙེད་ཡོད་མཁན་འདི་ལས་མཐོང་མ་མྱོང་། འདི་ལ་བལྟས་ཚེ་རྣམ་དཔྱོད་ཀྱི་ཁྱད་པར་ཤོར་བ་ཆེ་དྲག་ནས་ཁོང་གི་རྗེས་ཟིན་དཀའ་བའི་ཚོར་བ་དེ་འདྲ་ཞིག་འདུག
ཁོའི་ཤུགས་རྐྱེན་སྤྱི་ཚོགས་ནང་སླེབས་མི་ཐུབ་པའི་རྒྱུ་མཚན་གཞན་གཅིག་ནི། ཁོས་གསང་བ་དེ་དག་བཀྲོལ་བའི་དུས་ཚོད་འཕྱི་འདུག དཔེར་ན། ཁོང་གིས་བོད་ཀྱི་ནང་ཆོས་ཀྱི་ནང་ན། མཁའ་འགྲོ་མ་ཟེར་བ་ཞིག་ཡོད་པ་དེ་རྒྱ་གར་ནས་ཡོང་བ་ཞིག་ཡིན་ན། རྒྱ་གར་གྱི་ངོས་འཛིན་ལ་དེ་ནི་བུད་མེད་ཀྱི་རིགས་ཐ་ཤལ་གྱི་ནང་གི་ཐ་ཤལ་ཞིག་ཡིན་པ་དང་། རྒྱ་གར་སྤྱི་ཚོགས་ནང་ལ། བུད་མེད་ཅིག་ལ་མཁའ་འགྲོ་མ་ཞེས་བོས་ཚེ་དེ་ལས་ལྷག་པའི་དམའ་འབེབས་བྱེད་རྒྱུ་མེད་པའི་འབོད་ཚུལ་ཞིག་ཡིན་ཚུལ་བརྗོད་ཡོད། ཡིན་ན་ཡང་། ང་ཚོ་བོད་ལ་མཁའ་འགྲོ་མ་ཟེར་བ་དེ་དད་པ་བྱེད་ས་ཞིག་དང་བྱིན་རླབས་འབྱུང་ས་ཅན་ཞིག་ཏུ་གྱུར་ཡོད་པ་རེད། དེ་འདྲར་གྱུར་ནས་ལོ་བརྒྱ་ཕྲག་དུ་མའི་རིང་དད་པ་བྱས་པ་ཡིན་པས་དགེ་འདུན་ཆོས་འཕེལ་གྱིས་མཁའ་འགྲོ་མ་ཟེར་ནི་དེ་མ་རེད་ཟེར་ནས་བཤད་ན་མཁའ་འགྲོ་མ་དེ་དག་གང་དུ་འཇོག་དགོས་རེད། དེའི་རྐྱེན་གྱིས་དགེ་འདུན་ཆོས་འཕེལ་གྱིས་གསང་བ་བརྟོལ་བ་དེ་དག་འུ་ཚོའི་རིག་གཞུང་ནང་དུ་ཤེས་ཀྱང་གཡུག་ས་མི་འགྲོ་བའི་ཚད་ལ་སླེབས་ཡོད་པ་རེད། དེང་སང་ཁོང་གི་ལྟ་བ་ངོས་ལེན་གྱི་ཤུགས་རྐྱེན་ཙམ་ནི་ཡོང་ཐུབ་ཀྱང་ཁོ་ནང་བཞིན་ལྟ་བ་གསར་བ་རྙེད་ཐུབ་དཀའ་རྒྱུ་རེད།
བདུན་པ། རིག་པའི་གཞི་འཛིན་ས་བསྡུར་བ།དང་པོ།
དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་གཉིས་ཀྱི་རིག་པའི་གཞི་འཛིན་ས་ཁ་ཁ་རེད། དགེ་འདུན་ཆོས་འཕེལ་གྱི་སྐབས་ལ་རང་དབང་ཡོད་དུས་རེད། ཁོས་གཞི་འཛིན་ས་ནི་མི་རིགས་ལ་རྒྱའི་དོན་དག་ཅིག་མ་རེད། སྔོན་མ་ལྟག་མཚེར་རིན་པོ་ཆེས་ང་ལ་དགེ་འདུན་ཆོས་འཕེལ་མི་རིགས་རིང་ལུགས་པ་མ་རེད་གསུངས་བྱུང་། དེ་དུས་བསམ་བློ་མ་འཁོར་ཡང་། རྗེས་ལ་བསམ་བློ་གཏོང་དུས་ལྟག་མཚེར་རིན་པོ་ཆེས་དོན་དག་ཆེན་པོ་ཞིག་བཟུང་འདུག དགེ་འདུན་ཆོས་འཕེལ་གྱིས་མི་ཡི་རིག་པ་ནི་གཞུང་ལུགས་དང་ལྟ་བ་གཅིག་གིས་བཟུང་ན་ཡག་པོ་མེད་པར་ལྟ་བ་གུ་ཡངས་མོ་བྱས་ནས་འདུག་དགོས་ཀྱི་འདུག་ཟེར་གྱི་ཡོད་པ་རེད། ཀླུ་སྒྲུབ་དགོངས་རྒྱན་དུ་ད་ལྟ་ཁྱོད་ཀྱི་མིག་གཉིས་གདོང་དུ་འཕྲེད་དུ་ཡོད་པ་རེད། གལ་སྲིད་ཐོད་པའི་ཐོག་མིག་གསུམ་པ་ཞིག་གྱེན་དུ་ཡོད་པ་ཡིན་ན། འཇིག་རྟེན་ཏུ་ཤེས་ཡོན་གྱི་རྣམ་པ་གསར་བ་ཞིག་ཡོང་གི་རེད། དེར་བརྟེན་གཞུང་ལུགས་དང་ལྟ་གྲུབ་གཅིག་གི་ཐོག་ན་བཤད་བཞིན་པ་དེས་བློ་བཅིངས་ནས་འདུག་མི་རུང་། དད་པ་ཟེར་བ་ཞིག་དགོས་མཁོ་ཡོད་ཀྱང་དད་པས་རང་གི་རྣམ་དཔྱོད་མེད་པ་བཟོ་མི་རུང་། སོང་ཙང་ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་ཟེར་གྱི་ཡོད་པ་རེད།
དོན་གྲུབ་རྒྱལ་གྱིས་སྔོན་མ་བོད་འདི་རླབས་ཆེན་ཞིག་རེད། ད་ལྟ་ཚད་འདི་ལ་ལྷུང་ཡོད་པས་འདི་ལྟར་འདུག་མི་རུང་ཟེར་གྱི་ཡོད་པ་རེད། ལང་ཚོའི་རྦབ་ཆུར་མཚོན་ན། གཅིག་ནས་སྙན་ངག་གི་འབོད་ཚུལ་ཡིན་ཡང་། གུང་ཁྲན་གྱི་གཤིས་ཀ་ཡང་ཡོད་པ་རེད། དཔེར་ན།
གྲལ་འགྲིག་པའི་རུ་དཔུང་དེ་ནི།
བོད་གངས་ཅན་གྱི་མི་རབས་གསར་བ་རེད།
ཉོན་དང༌།
འགྲོས་མཉམ་པའི་གླུ་སྒྲ་དེ་ནི།
བོད་གངས་ཅན་གྱི་གཞོན་ནུའི་གོམ་སྒྲ་རེད།
ཟེར་བ་འདི་ལྟ་བུར་མཚོན་ན་མི་མང་པོའི་བསམ་བློ་གཅིག་དང་དབྱངས་གཅིག གོམས་སྟབས་གཅིག་ཡིན་པའི་ཚོར་བ་སྤྲོད་ཀྱི་རེད་ལ། མཚམས་ལན་རེར། གུང་ཁྲན་གྱི་དམག་དཔུང་གྲལ་བསྒྲིགས་ནས་འགྲོ་བཞིན་པའི་ཚོར་བའང་སྟེར་གྱི་རེད། ཁོང་གིས་རང་གི་མི་རིགས་ཀྱི་རང་དབང་དང་ལ་རྒྱ་རྩོད་ཀྱིན་པའི་རྣམ་པ་ཡོད་པ་རེད། དགེ་འདུན་ཆོས་འཕེལ་གྱིས་སྤྱིར་བཏང་མི་བཅིངས་འགྲོལ་བྱེད་རྒྱུ་བཤད་ཀྱི་ཡོད་པ་དང་། དོན་གྲུབ་རྒྱལ་གྱིས་དབང་བསྒྱུར་ཞིག་གི་འོག་ནས་ཐར་རྒྱུ་བཤད་ཀྱི་ཡོད་པས་རྒྱ་ཆེ་ཆུང་མ་འདྲ་བ་རེད།
ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༥ ལ་ཕབ་བཤུ་དང་ཞུས་དག་བཅས་གྲུབ་བོ།།
༼དགུ་ཆུ་སྐད་འཕྲིན༽་ཚོགས་པས་ཆེད་འགྲེམས་ཞུས།
པད་མ་འབུམ་ལགས་རྣམ་དཔྱོད་ལྡན་པ་འདུག མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་ལྟ་བུའི་ངར་ཤུགས་ཤིག་མེད་པ་འདྲ། གང་ལྟར་ཞིབ་བཀླགས་ཐེངས་གཅིག་བྱས་ཟིན།
དགེ་ཆོས་ལྟ་བུའི་མཁས་དབང་ཞིག་བོད་སྲིད་པ་ཆགས་ནས་ད་ལྟའི་བར་དུ་བོད་མིའི་ནང་དུ་བསླེབས་མྱངས་མི་འདུག་ཟེར་བཞག་ནའང་ཐལ་དྲགས་ཀྱི་མ་རེད་བསམས། ཡིན་ནའང་དགེ་ཆོས་མཆོག་གིས་སྤྱི་ཚོགས་ནང་དུ་ནུས་པ་བཏོན་མ་ཐུབ་པ་ག་རེ་རེད། བོད་མི་རིགས་ཀྱི་སྣེ་ཁྲིད་མ་ཐུབ་པ་ག་རེ་རེད། བོད་རྒྱལ་ཁབ་དགྲ་ལག་ཏུ་མི་ཤོར་བའི་ཇུས་བཀོད་བྱས་མ་ཐུབ་པ་ག་རེ་རེད། བོད་རྒྱལ་ཁབ་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་འཛུལ་ཞུགས་བྱེད་པའི་ཐབས་ཇུས་ཤིག་བཏོད་མ་ཐུབ་པ་ག་རེད་དམ། ཁོང་མཁས་དབང་ཕན་མེད་ཤིག་རེད། ཁ་སྟོང་ནང་གི་ཚིག་སྟོང་བསྒྲགས་པ་ཙམ་ལས་དགོས་དུས་བུ་མེད་འགྲོ་དུས་རྟ་མེད་ཟེར་བ་ལྟར་དགེ་ཆོས་ཅི་ཙམ་མཁས་ཀྱང་རང་ཡུལ་དགྲ་ལག་ཏུ་ཤོར་དུས་ཕན་མ་སོང་བས་མཁས་དང་མ་མཁས་ཁྱད་པར་གང་ཡང་མི་འདུག་བསམས་ནས་ཡིད་ཆད་རེ་བསླེབས་འོང་ལ་དྲི་བ་བརྒྱ་ཕྲག་མང་པོ་སླེབས་འོང་།
༡་་་རང་གི་རྒྱལ་ཁབ་དགྲ་ལག་ཏུ་མི་ཤོར་བའི་ཐབས་ཇུས་ཤིག་བཏོན་མ་ཐུབ་་རྒྱུ་མཚན་དགེ་ཆོས་མ་མཁས་ནས་ཨེ་རེད།
༢་་་དགེ་ཆོས་ཀྱིས་འཛམ་གླིང་ཕྱི་ནང་གི་གནད་དོན་མ་ཤེས་ནས་ཨེ་རེད།
༣་་་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་ཟུང་འབྲེལ་མེད་ནས་ཨེ་རེད།
༤་་་ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡིག་མ་ཤེས་ནས་ཨེ་རེད།
༥་་་དགེ་ཆོས་ལ་རྣམ་དཔྱོད་མེད་ནས་ཨེ་རེད།
༦་་་དགེ་ཆོས་བོད་མི་རིགས་ལ་དགའ་ཞེན་མེད་པ་ཨེ་རེད། མ་རེད།
མིན་ན་དགེ་ཆོས་མཆོག་གིས་བོད་ལ་ཕན་པའི་ནུས་པ་ཅིའི་ཕྱིར་བཏོན་མ་ཐུབ་པ་རེད་དམ་ཞེས་རང་གིས་རང་ལ་དྲིས་དུས་དྲི་ལན་གཅིག་རྙེད་ཡོང་བ་ནི་འདི་རེད།
བླུན་པོ་མཁས་པའི་རྗེས་སུ་མི་འབྲངས་ཡང།།
མཁས་པ་བླུན་པོའི་རྗེས་སུ་མི་འབྲངས་པ།།
དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།
སྲོག་ལ་བབས་ཀྱང་འབད་པས་སྲུང་བར་བྱ།།ཅེས་པའི་དགེ་ཆོས་མཆོག་གིས་དམ་བཅའ་འདིས་དགེ་ཆོས་ཕུང་སོང་བ་རེད་འདོད། སྤྱི་ཚོགས་དང་མ་མཐུན་པ། མི་དམངས་དང་མ་མཐུན་པ། སྐུ་དྲག་དང་མ་མཐུན་པ་།བླ་དྲག་དང་མ་མཐུན་པ་འདི་དག་ཡོང་བའི་རྒྱུ་མཚན་གཙོ་བོ་དགེ་ཆོས་རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་བ་འདིས་ལན་པ་རེད།
དཔེར་ན། རང་ཉིད་བླུན་པོའི་རྗེས་སུ་མ་འབྲངས་ན་དམངས་གཙོ་ཡོང་ཐབས་མེད། ཀུན་དང་མཐུན་ཐབས་མི་འདུག་བསམས་ཀྱི་ཡོད། རྒྱ་ཆེན་མི་དམངས་ལ་ཆ་བཞག་ན་མཁས་པ་ལས་བླུན་པོ་མང་། མང་ཤོས་ཀྱིས་ཐག་གཅོད་པ་དེའི་རྗེས་སུ་འབྲངས་དགོས་པ་ནི་དམངས་གཙོ་ཟེར་ནའང་འདྲ། འཇིག་རྟེན་ཀུན་རྫོབ་ཀྱི་རྣམ་བཞག་ཟེར་ནའང་རེད། འདི་དག་གིས་ཁ་གཏད་མཁས་པས་བཅག་མི་ཐུབ། འདི་གནད་འགག་རེད་བསམས་ཀྱི་འདུག
བསམ་ཚུལ་ཙམ་ཡིན།
བཀུར་འོས་པའི་ཨ་ཁུ་པད་མ་འབུམ་ལགས་ཀྱི་དབྱེ་ཞིབ་གནང་པའི་དཔྱད་རྩོམ་ཞིབ་ཏུ་བཀླགས་ཟིན། ཧ་ཅང་ཕན་པོ་བྱུང་སོང་། བཀའ་དྲིན་ཆེ་ཞུ།
་་་་་་་་ ཁོང་མཁས་དབང་ཕན་མེད་ཤིག་རེད། ་་་་་་་་
་་་་་་་་ དོན་གྲུབ་རྒྱལ་གྱི་སློབ་སྦྱོང་ལ་མཚོན་ན་ཧ་ཅང་ཆ་མི་ཚང་བ་ཞིག་རེད། ་་་་་་་་ཟེར།
གྲོགས་ཨ་ཁུ་པད་མ་འབུམ་མཆོག་ལ་གུས་འདུད།
དགེ་འདུན་ཆོས་འཕེལ་མཆོག་ལ་བོད་ཀྱི་རིག་གཞུང་དང་། རིག་གཞུང་གི་སྐད་དང་། ཡི་གེ་དག་ཆ་ཚུན་ཆད་ཀྱང་མ་ཉམས་པར་འབྲི་དགོས་པའི་དགོངས་བཞེད་ཡོད་པར་ཤེས། རྒྱ་དམར་ལུགས་ཀྱི་རྗེས་སུ་འབྲངས་ཏེ། བོད་རིག་གཞུང་གི་མིང་ཚིག་གང་གང་ཐུབ་ཐུབ་ཟུར་ཆག་པར་བྱེད། དཔེར་ན། དགེ་ཆོས་ཀྱིས་དངོས་མ་ཞེས་བྲིས་ཡོད་ཀྱང་། དིང་སང་རྒྱ་ནག་དམར་པོའི་སྲོལ་ལྟར་བྱེ་ད་པ་དག་གིས། ད་སྔོན་འཇུག་དང་ས་རྗེས་འཇུག་གཉིས་དགོས་པ་མེད་པར་བསམས་ཏེ། ངོ་མ། ཞེས་འབྲི། ཁོ་བོ་ཅག་ནི་ཧོང་ཀོང་དང་། ཐེ་ཝན་ནམ་ཕོར་མོ་ས་པ་དག་གིས་བྱེད་པ་བཞིན་དུ་སྔར་གྱི་མིང་ཚིག་གི་ཡི་གེ་དག་ཆ་རྣམས་མ་དོར་མ་སྤངས་པར་འབྲི་བར་བྱེད་པ་ལ་བརྩོན། དགེ་ཆོས་ཀྱིས་དུས་ཀྱི་དགོངས་ལ་ཡང་འཇུག་ས་མེད་པ་མ་ཡིན་པར་དགོངས། ཞེས་འབྲི་བ་གདོམ་མི་ཟ་ཡང་། དིང་སང་གི་མཁས་པ་དག་གིས། “དོ་དགོང་གི་བརྗོད་གཞི་ནི།” ཞེས་པ་སོགས་ཀྱིས་དགེ་ཆོས་ཀྱི་ཐུགས་ལ་ཟན་པ་གོར་མ་ཆག་གོ །
ང་རང་ཆེད་དགའ་སའི་བོད་ཀྱི་རྩོམ་པ་པོ་མཁས་དབང་གཉིས་བར་དབྱེ་ཞིབ་དང་དཔྱད་པ་ཡག་པོ་ཨ་ཁུ་པད་མ་འབུམ་གྱིས་གནང་འདུག་ཐུགས་རྗེ་ཆེད།
དགེ་འདུན་ཆོས་འཕེལ་ལགས་ཁྱད་མཁས་ཀྱི་རྩོམ་པ་པོའི་རྣམ་དཔྱོད་སྟོན་སའི་ཁོང་གི་བསྟན་བཅོས་གང་ཞིག་ཡིན་ནམ། ཀླུ་སྒྲུབ་དགོངས་རྒྱན་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བརྩམས་པའི་བསྟན་བཅོས་ཡིན་པས་ཚད་འཛིན་ཇི་ལྟར་བྱེད་དགོས་སམ། དྲི་བ་འདི་ནི་པད་འབུམ་གཙོས་དགེ་ཆོས་ལགས་ཆེད་དུ་སྐུལ་བའི་བོད་ཀྱི་རྩོམ་པ་པོ་དག་ལ་ཡིན།
ཁོང་གཉིས་ཀྱི་ཁྱད་པར་ཆེ་ཤོས་བརྗོད་ཚེ། དགེ་འདུན་ཆོས་འཕེལ་ནི་རླབས་ཆེན་གྱི་བསམ་བློ་བ་ཡིན་པ་དང་། དོན་གྲུབ་རྒྱལ་ནི་གྲགས་ཅན་གྱི་རྩོམ་པོ་ཞིག་རེད་བསམ་གྱི་འདུག
ཚུལ་འཆལ་ལ། དགེ་ཆོས་ཀྱི་འདོད་བསྟན་ལ་དགའ་ཤོས་ཆགས། ཤེས་འཆལ་ལ། དོན་རྒྱལ་གྱི་རྩོམ་འཆལ་དགའ་ཤོས་ཆགས་རྒྱུ་འདི་གཉིས། ཁོང་གཉིས་བར་གྱི་ཁྱད་པར་མངོན་གསལ་དོད་ཤོས་སུ་མཐོང་ལགས། ཧཧ། སྐུ་རྩེད་དང་བཅས།
རྒན་པདྨ་འབུམ་མཆོག་གིས་འཆད་ཁྲིད་ཧ་ཅང་གི་རྒྱས་པོ་ཞིག་གནང་འདུག བློ་བསྐྱེད་ཆེན་པོ་བྱུང་སོང་། བཀའ་དྲིན་ཆེ།
གཞན་བསམ་ཚུལ་ཁ་ཤས་ཀྱང་འདུག གཅིག་ནས་ང་རང་དཔལ་དོན་གྲུབ་རྒྱལ་གྱི་ཤུགས་རྐྱེན་འོག་ནས་འཚར་ལོངས་བྱུང་མཁན་ཞིག་ཡིན། གཉིས་ནས་མཁས་དབང་དགེ་ཆོས་མཆོག་གི་བརྩམས་ཆོས་སྤྱི་དག་སྒོས་སུ་ཀླུ་སྒྲུབ་དགོངས་རྒྱན་ཡང་དང་བསྐྱར་དུ་སློབ་མྱོང་མཁན་ཞིག་ཡིན་པའི་ཁུལ་རེད།
༡ ༼རྩོམ་སྟངས་མ་གཏོགས་བསམ་བློའི་སྟེང་ནས་དོན་གྲུབ་རྒྱལ་མེད་ཚེ་བསམ་བློ་འདི་སྐྱེས་མེད་ཟེར་བའི་གནས་སྟངས་ཅང་ཡོད་པ་མ་རེད། ཁོས་རྩོམ་གྱི་ནང་ལ་བྲིས་པ་དེ་དག་སྐབས་དེའི་ཤེས་ཡོན་ཅན་གྱི་སྡེ་ན་བསམ་བཞིན་པ་དང་བཤད་བཞིན་པ་རྐྱང་རེད། ༽ གནད་འགག་ཏག་ཏག་འདི་ན་ཡོད་པ་རེད་བསམ། ནུབ་ཕྱོགས་པས་སྙན་ངག་ལ་ལྟ་སྟངས་གང་རེད་ཅེ་ན། མི་རྣམས་ཀྱི་སེམས་ངོས་སུ་ཡོད་ཀྱང་ཡིག་ཐོག་ཏུ་ཕབ་ཐུབ་མེད་པའི་དོན་དག་གང་རུང་ཞིག་ཡིག་ཐོག་ལ་ཕབ་མཁན་ཐོག་མ་ནི་སྙན་ངག་པའོ།
༢ དགེ་ཆོས་མཆོག་གི་ཤུགས་རྐྱེན་སླེབས་མ་ཐུབ་དོན་གཙོ་བོ་ནི། དགེ་ཆོས་མཆོག་དགེ་ལུགས་པ་སྤྱི་ཡིས་དགྲ་ལྟ་བུ་ཞིག་ལ་ངོས་བཟུང་བ་རེད། དེ་ནས་ཤུགས་རྐྱེན་ཆ་ཚང་འགག་ཚར་བ་རེད་མ་གཏོགས་ཡོངས་ཁྱབ་ཏུ་ཁོང་གི་ལྟ་བ་སྤེལ་ཐུབ་ཡོད་ཚེ་ཉུང་མཐར་བོད་པའི་ནང་དུ་ལད་མོ་ཕོད་མཁན་མེད་པ་ག་ལ་ཡིན་འདོད། དཔེར་ན། ཕ་ཡུལ་དུ་ང་རང་ལ་ཁུ་བོ་དགེ་བཤེས་ཤིག་ཡོད། ང་རང་མཐོ་སློབ་འགྲིམས་ཀྱིན་པའི་སྐབས་སུ་ངའི་ཉལ་ཁང་ནང་ཞགས་གཅིག་ལ་བཞུགས་མྱོང་། སྐབས་དེར་ང་རང་དཔེ་ཆ་ཀློག་རྒྱུར་འདོད་པ་ཆེར་མེད་ནའང་། ཚུལ་འཆོས་ཅུང་དགའ་བས་དཔེ་ཆ་མང་བོ་ཉལ་ཁྲིའི་སྔས་མགོར་བརྩིགས་ཡོད། དེའི་ཁྲོད་དུ་དགེ་ཆོས་མཆོག་གི་གསུང་རྩོམ་ཁ་ཤས་དང་མདོ་གཟེར་མིག་ཅིག་ཀྱང་ཡོད། ཁུ་བོས་དཔེ་དེབ་དེ་དག་མཐོང་མ་ཐག་ཐང་ལ་གཡུགས་ནས་བཀའ་བཀྱོན་རོ་འདྲ་ཞིག་བཏང་སོང་བའི་ཁར། བསྟན་དགྲ་དགེ་ཆོས་དང་གདོན་གཟུགས་བོན་ཞེས་ལབ་ཀྱི་འདུག ཡིན་ནའང་། ངས་ཕར་ཚུར་གཉིས་ལ་རྒྱུས་དགོས་ཚུལ་སོགས་འདྲ་འདྲ་ཅོག་ཅོག་བཤད་ཁུལ་བྱས་མོད་དོན་འབྲས་བྱུང་མ་སོང་། འདི་ནི་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བའི་འགོ་རེད།
༣ དགེ་ཆོས་དང་དོན་རྒྱལ་གཉིས་ཀྱི་ཤུགས་རྐྱེན་ལ་ཆེ་ཆུང་ཤོར་བ་ནི་གཅིག་ནས་གཞུང་ལུགས་ཀྱི་ལྟ་གྲུབ་དང་མི་རིགས་རིང་ལུགས་ཀྱི་འཕེལ་ཤུགས་ཀྱི་དལ་མགྱོགས་ལ་རག་ལས་ཡོད་སྲིད་མོད། དོན་དངོས་སུ་ཁོང་གཉིས་འཚོ་སྡོད་སྐབས་ཀྱི་བསམ་ཚུལ་སྤེལ་སའི་བརྒྱུད་ལམ་ལ་གནམ་ས་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དཔེར་ན། དགེ་ཆོས་ཀྱི་བསམ་ཚུལ་ལམ་རྩོམ་ཡིག་སྤེལ་ས་ཁོ་ན་དཔར་གྲངས་བརྒྱ་ལྷག་ལས་མེད་པའི་ཟླ་ཚགས༼གསར་འགྱུར་མེ་ལོང༽དང་། དོན་རྒྱལ་ལ་༼སྦྲང་ཆར༽དང་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽ ད་དུང་རླུང་འཕྲིན་དང་ཚགས་ཤོག་སོགས་དུ་མ་ཞིག་ཡོད།
༤ དོན་རྒྱལ་དང་དགེ་ཆོས་གཉིས་ཀྱི་སུ་གཞན་སྐད་ལ་ཡག་གམ། འདིའང་བསམ་བློ་གཏོང་ས་ཞིག་ཡིན། ཧ་ལམ་དོན་རྒྱལ་གྱི་རྒྱ་ཡིག་དགེ་ཆོས་ཀྱི་དབྱིན་ཡིག་ལས་ཡག་སྲིད་པས། རྒྱ་ཡིག་སྟིང་ནས་འཛམ་གླིང་རང་བཞིན་གྱི་ཤེས་བྱ་སྣ་མང་ལེན་ཐུབ་ཡོད་པ་ནི་ལོ་རབས་བདུན་ཅུའི་མཇུག་ནས་ཐོན་པའི་རྒྱ་འགྱུར་དཔེ་དེབ་ཁག་ལས་ཤེས་ཐུབ། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་དང་རྩོམ་རིག ལོ་རྒྱུས་དང་གཞན་དག་ལྟ་བུ་རེད།
ད་དེ་ཙམ་ཡིན།
ལྷ་སྡེ་གནམ་ལོ་ཡག་གིས་མྱོང་ཚུལ་དང་དུས་རབས་ཉེར་གཅིག་པའི་མི་ཡི་བསམ་བློ་གུ་ཡངས་དེར་འགག་རྡོ་སྤྲད་པ་སོགས་གསུངས་པར་ངོ་ཐོག་བདེན་པ་རེད་བསམ། ངོས་རང་རྙིང་མའི་བླ་མ་མཁས་དབང་ནམ་མཁའི་ནོར་བུ་མཆོག་ཐེངས་ཁ་ཤས་ཞལ་མཇལ་བྱུང། དེའི་སྐབས་བཀའ་མོལ་འགའ་ཡང་ཞུ་རྒྱུའི་གོ་སྐབས་བྱུང། སྐབས་དེར་ཁོང་གིས་ངོས་ལ་འདི་ལྟར་གསུངས་བྱུང། ཁོང་ངོས་རང་ནུབ་ཕྱོགས་སུ་ཐོག་མར་སླེབས་ནས་སྔར་གྱི་བསམ་བློ་ལ་འགྱུར་བ་ཆེན་པོ་བྱུང་རབས་དང། ལྷག་པར་དུ་དད་མོས་གུས་པའི་སྒོ་ནས་མིན་པར་དྲང་བདེན་ཚན་རིག་གི་ལམ་ནས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་རྒྱུའི་འདུན་པ་ཆེན་པོ་བྱུང་སོང། དེ་ནས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་དང་རྒྱུས་མངའ་དགོས་ཚེ་དེའི་འབྱུང་ཁུངས་ཞང་ཞུང་གི་སྐོར་ལ་རྒྱུས་མངའ་ཤེས་རྟོགས་དགོས་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཏུ་མཐོང་བྱུང་གསུངས། དེ་ལ་བརྟེན་ནས་ཐོག་མར་་་་བོད་རིགས་རྣམས་ལ་བགྲོས་སུ་འདེབས་པ་གཟི་ཡི་འཕྲེང་བ་བརྩམས་པ་ཡིན་གསུངས། འོན་ཀྱང་ཁོང་ངོས་ནས་འདི་ཡི་སྐོར་རྒྱལ་བ་རིན་པོ་ཆེ་ལ་དགོངས་སྐོར་ཞིག་ཞུས་ན་ཅི་གསུང་མ་ཤེས་ནས་ཡུན་རིང་ཐོགས་སོང་གསུངས། ཉིན་ཅིག་ཁོང་གིས་༧ གོང་ས་མཆོག་མཇལ་ཁ་ཞུས་ནས་དེའི་སྐོར་ཡར་ཞུས་གནང་བར་༧ གོང་ས་མཆོག་ནས་དེ་ཤིན་ཏུ་ལེགས་ཚུལ་དང་སླར་ཡང་བོད་དང་ཞང་ཞུང་གི་ཤེས་རིག་གི་སྐོར་ལ་ཞིབ་འཇུག་མང་ཙམ་བྱེད་དགོས་པའི་རྟེན་འབྲེལ་ལེགས་མཚོན་དུ་་་་འབྲི་སྨྱུག་ཞིག་གནང་བྱུང་གསུངས། དེ་ནས་བཟུང་སྟེ་གཏམ་ནོར་བུའི་དོ་ཤལ་དང་ཏི་སེའི་འོད་སྣང་ས྄ོགས་བརྩམས་པ་ཡིན་གསུངས། འོན་ཀྱང་སྐབས་དེ་དུས། ཁོང་གི་དགེ་ཕྲུག་ཕྱི་རྒྱལ་བ་འགའ་དྷ་རམ་ས་ལར་བསྐྱོད་སྐབས་སུ། མི་མང་པོས་ནམ་མཁའི་ནོར་བུ་སྨྱོན་པ་དེ་གང་བྱེད་ཀྱི་འདུག་གམ། ཁོ་བོན་ནག་ལ་འགྱུར་ཟིན་པ་མིན་ནམ། ལས་སོགས་ཀྱིས་ངན་སྨྲས་སྨྲ་དགུ་བཤད་འདུག་གསུངས། དེ་བཞིན་ཁོང་བལ་ཡུལ་དུ་དགོན་པ་ཞིག་ལ་ངལ་གསོ་རྒྱབ་སྐབས་སུ་བན་དེའི་བླ་མ་སྤྲུལ་སྐུ་ཡིན་ཟེར་ནས་གོས་ཆེན་གྱི་སྟོད་འགག་དང་ཐེར་མའི་ཟན་གཤམ་སོགས་བསྣམས་པ་འགའ་ཞིག་བཅར་ནས་ཁྱེད་རང་གིས་བོན་པོར་རྫོགས་ཆེན་ཡོད་རབས་དང་རྙིང་མའི་རྫོགས་ཆེན་བོན་ལས་བྱུང་ཚུལ་སོགས་བཤད་འདུག་པས་ཁུངས་ལུང་ཁྱེར་ཤོག་ཟེར་ནས་རྫིག་རྔམ་བསྟན་བྱུང་གསུངས། འོན་ཀྱང་ཁོང་གིས་ངས་བོན་རྙིང་གཉིས་ཀ་ལ་རྫོགས་ཆེན་ཡོད་རབས་བཤད་པ་ལས། གཅིག་ལས་གཅིག་བྱུང་ཚུལ་བཤད་མེད་དེ་གང་དུ་བཤད་འདུག་གའུང་དགོའ་ཟེར་དུས་གཅིག་ལའང་ཤོད་རྒྱུ་མི་འདུག་གསུངས། ད་གང་ལྟར་བོད་མི་རིགས་འདི་ད་དུང་ཡང་རྨོངས་གཉིད་ལས་སད་ཐུབ་མེད། ད་དུང་ཡང་ཕྱོགས་ཞེན་གྱི་རྒྱ་མདུད་ལས་གྲོལ་མེད། ད་དུང་ངེད་ཚོས་ཆིག་བསྒྲིལ་དང་དག་སྣང་རིས་མེད་དགོས་ཚུལ་ཁ་ན་ན་བར་དུ་བཤད་ཀྱིན་ཡོད་མོད། ལག་ལེན་དངོས་ཐོག་ཏུ་འཁེལ་བ་གཅིག་ཀྱང་མེད། དེ་ནི་ཁ་བརྡའི་དྲ་བ་འདིར་བོན་ཞེས་པའི་ཚིག་ན་གཅིག་ཐོན་པ་དང་་་་ཤ་རུལ་ལ་སྦྲང་མ་རུབས་པ་བཞིན་འབྱུང་གི་ཡོད་པ་ནི་ཀུན་གྱིས་ཤེས་གསལ་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་བོད་མི་རིགས་འདི་དུས་རབས་གསར་པའི་མི་རྣམས་ཀྱི་རྗེས་སུ་སྙོགས་ཐུབ་མེད། ལྟ་བ་གསར་པ་དང་བློ་གསར་པ་ཞིག་བྱུང་ཚེ་ལམ་སེང་ལྟ་ལོག་དང་རྒྱ་མིའི་སོ་པ་ཞེས་མིང་བཏགས་ནས་ཅི་ཐུབ་གང་ཐུབ་ཀྱིས་སྨོད་པ་བྱེད་ཀྱི་ཡོད། དགེ་འདུན་ཆོས་འཕེལ་དང་དོན་འགྲུབ་རྒྱལ་ཟླ་བ་ནོར་བུ་ལས་སོགས་ཀྱང་འཇིག་རྟེན་འདིར་འཚོ་བཞིན་པའི་སྐབས་གླུད་གྲལ་དུ་བརྫངས་ཡོད། ད་ལྟ་རྗེས་དྲན་ལས་སོགས་འདྲ་མིན་ཞིག་བྱེད་བཞིན་འདུག་མོད་ལྟ་བ་དེ་འདྲ་བ་ཁྱེར་ནས་མི་བུ་ཞིག་ད་ལྟ་ས་སྒོང་འདིར་ཡོད་ཚེ་སྔ་མའི་སྔ་ལུགས་ལྟར་ཡོང་རྒྱུ་ལས་མེད།
གནམ་ལོ་ཡག་གིས་བཤད་པ་ལྟར་གྲྭ་ས་ཁག་ནང་དགེ་ཆོས་ནི་ཤེས་རབ་འཆལ་བ་རེད་ཅེས་དང་། དེའི་རྒྱུ་མཚན་ནི་རྩ་བའི་བླ་མར་དད་ལོག་སྐྱེས་པ་རེད་ཅེས་ཟེར།
སྐྱེས་ཆེན་དགེ་ཆོས་དེང་སང་བཞུགས་ཡོད་ན།
རྡ་རམ་ས་ལ་བཙོན་ཁང་མི་འདུག་པས།
ག་འགྲོ་ག་འདུག་རང་དབང་ཡོད་པ་དང་།
བོད་ཀྱི་ཆེད་དུ་ཇུས་རེ་བཏོན་ངེས་རེད།།
མཁས་དབང་དོན་རྒྱལ་དེང་སང་བཞུགས་ཡོད་ན།
རྡ་རམ་ས་ལའི་སྐུ་དྲག་བླ་དྲག་ཚོས།
སོ་བ་རེད་ཅེས་ཉེས་མིང་འདོགས་ནའང།
སྤྲུལ་སྐུའི་ལུགས་ལ་དགག་རྩོམ་འབྲི་ངེས་རེད།
གནམ་ལོ་ཡག་གིས་སྐད་ཆ་ཐུང་ཐུང་རྒྱུ་མཚན་དང་ལྡན་པ་ཞིག་གསུངས་འདུག
ཨ་ཁུ་པདྨ་འབུམ་གྱིས་མགོ་བཤད་པ་བཞིན་ཁ་བརྡ་ཅུང་ཙམ་བྱས་འདུག
ཨ་ཁུ་པདྨ་འབུམ་དོན་འགྲུབ་རྒྱལ་གྱི་ཕྱོགས་ནས་ཅུང་འཁྱོག་ཙམ་མེད་དམ་བསམ་གྱིན་འདུག ག་དུས་ཡིན་ནའང་། དོན་འགྲུབ་རྒྱལ་ཁོང་གཉིས་བསྡུར་ཐབས་བྱེད་ཀྱིན་འདུག དོན་འགྲུབ་རྒྱལ་གྱི་སློབ་སྦྱོང་གི་བརྒྱུད་རིམ་བཤད་སྐབས། དགུ་རོང་སློབ་ཆུང་བཏོན་དུས་ཡག་པོ་བྱུང་མེད་ཚུལ་(རྒྱུ་མཚན་ལྟར་སྣང་འདྲ་བཀོད་དེ) དེ་ནས་དགེ་རྒན་སློབ་གྲྭ་མ་རེད། དེ་ལ་དགེ་ཐོན་སློབ་གྲྭ་ཟེར་བ་རེད། དགེ་ཐོན་སློབ་གྲྭར་ཡག་པོ་བྱུང་མེད་ཚུལ། དེ་ལས་ཁོ་རང་རྩོམ་རིག་གསར་པའི་དེད་དཔོན་དགུ་རོང་དོན་འགྲུབ་རྒྱལ་ལས་ཀྱང་ཁོར་ཡུག་ཡག་ཚུལ་དང་སློབ་སྦྱོང་ཡག་ཚུལ་འདྲ་ཞིག་གསུངས་པ་འདི་དྲང་པོ་མ་རེད་བསམས།
ད་དུང་ཁོ་གཉིས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་བསྡུར་དུས། དོན་འགྲུབ་རྒྱལ་གྱི་མི་ལེགས་པའི་ཕྱོགས་དང་། དགེ་ཆོས་ཀྱི་ལེགས་ཕྱོགས་གཉིས་བསྡུར་ཐབས་བྱས་འདུག འདི་ཡིད་ལ་འཐད་པོ་མ་རེད། དགེ་ཆོས་དྷི་ཚ་དང་བཀྲ་ཤིས་འཁྱིལ་ལ་བསྡད་པ་རེད། དེར་ཡང་སློབ་སྦྱོང་དོན་འཁྱོལ་བ་ཞིག་བྱུང་ཡོད་མ་རེད། འདི་མི་བཤད་པ་ག་རེ་ཡིན་ནམ། དེ་ནས་ལྷ་སར་ཕེབས་ནས་འབྲས་སྤུངས་སུ་ལོ་བདུན་མི་ཟིན་ཙམ་བཞུགས་པ་རེད། དེའི་རིང་ལའང་དཔེ་ཆ་དེ་ཙམ་གཟིགས་རྒྱུ་བྱུང་ཨེ་ཡོད་ན། ལྷ་སའི་སྲང་བར་རི་མོ་འདྲ་བཙོངས་ཏེ་ཉི་མ་འབྱིད་ཐབས་བྱེད་ཀྱིན་པ་དེའི་སྐབས་ཀྱི་བཅར་འདྲ་དག་ལས་ཤེས་ཐུབ་པ་ཞིག་རེད། སློབ་སྦྱོང་གི་བརྒྱུད་རིམ་བསྡུར་དུས་ཅིའི་ཕྱིར་འདི་མི་བསྡུར་བར། སྐད་ཆ་ལྟར་སྣང་ཙམ་ལ་གཞི་བཅོལ་ཏེ། ལྷ་རམས་ལ་སླེབས་གྲབས་ཡོད་རེད་གསུངས་པ་དེ་མ་བརྟག་པའི་སྐད་ཆ་རེད། དེ་བས་ང་ཚོས་དགེ་ཆོས་ཀྱིས་ཀྱང་དཔེ་གཟིགས་དོན་འཁྱོལ་བ་ཞིག་བྱས་མེད་པ་གསལ་བོ་རེད། དེ་ཡང་མ་གསང་དྲང་པོ་བཤད་དགོས་པ་ཞིག་རེད།
འདིའི་སྐབས་སུ་དོན་འགྲུབ་རྒྱལ་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་རིག་པའི་གཤོག་རྩལ་རྒྱས་པའི་སྐོར་དེ་བསྐུངས་ཅི་ཐུབ་བྱས་འདུག འདི་ཡང་དྲང་པོ་མ་རེད། དོན་འགྲུབ་རྒྱལ་གྱི་རྒྱ་ཡིག་གི་ཆུ་ཚད་གཅིག་པོས་ཀྱང་། དེང་སང་བོད་ནང་དུ་རང་མགོ་གཞན་ལས་མཐོ་བའི་སེང་རྡོར་གྱིས་ཀྱང་ཁས་མི་ལེན་རང་ལེན་བྱས་ཡོད་པ་རེད། འདི་ཅིའི་ཕྱིར་མ་བཤད་པ་ཡིན་ནམ། འདི་ཡང་དྲང་པོ་མ་རེད།
གཉིས་པ། སྙན་ངག་བསྡུར་དུས་ཀྱང་དྲང་པོ་བྱས་མི་འདུག
དཔེར་ན་དོན་འགྲུབ་རྒྱལ་གྱི་རྩོམ་ཚད་ལྡན་མིན་ཞིག་དྲངས་ཏེ་བཤད་ཁུལ་བྱས་པ་དང་། དགེ་ཆོས་ཀྱི་རྩོམ་ཡིག་ཅུང་ལེགས་གྲས་ཤིག་བསྡུར་ཐབས་བྱས་པ་འདི་གཟུར་བོར་མ་གནས་པ་རང་རེད།
ད་དུང་དགེ་ཆོས་ཀྱིས་ཕྱག་རྩོམ་གནང་ཡག་རྒྱ་གར་ལ་སླེབས་ནས་མགོ་བཙུགས་པ་རེད་ཅེས་པའང་ཁུངས་མེད་ལུང་མེད། དགེ་ཆོས་རྩོམ་ཡིག་ཐོག་མའི་གྲས་བླ་བྲང་ལ་ཕུལ་བའི་ཀ་རྩོམ་ཐབས་ཆག་དེ་ཚོ་རེད། ག་རེ་ཟེར། ན་ནིང་དོ་ཚིགས་ཇེ་མང་ཇེ་མང་རེད།། ཟེར་བ་ལྟ་བུ་དེང་གི་སློབ་ཆུང་དང་སློབ་འབྲིང་སློབ་མས་ཀྱང་འབྲི་ཐུབ་པ་དེ་འདྲ་རེད། པདྨ་འབུམ་གྱིས་ཅིའི་ཕྱིར་དགེ་ཆོས་ཀྱི་རྩོམ་ཡིག་འདི་དང་དོན་འགྲུབ་རྒྱལ་གྱི་རྩོམ་ལེགས་པའི་གྲས་སྲོལ་རྒྱུན་སྙན་ངག་གི་ཆ་ནས་ལེགས་པའི་གྲས་གཞོན་ནུའི་ཡིད་ཀྱི་མཛེས་རྒྱན་ལྟ་བུ་མ་བསྡུར་བ་ཡིན་ནམ། གཞོན་ནུའི་ཡིད་ཀྱི་མཛེས་རྒྱན་ནི་རྩོམ་རྩལ་གྱི་ཆ་ནས་ཞང་ཞུང་ཆོས་དབང་གྲགས་པའི་རཱ་མ་ཎའི་རྟོགས་བརྗོད་ལའང་བསྒྲུན་ནུས་པའི་ཚད་དུ་ཡོད་པ་རེད། འདི་ལྟ་བུ་ག་རེ་བྱས་ནས་མ་བཤད་པ་རེད་དམ།
གསུམ་པ། གསར་བའི་ཆ་བཤད་དུས་ཀྱང་དྲང་པོ་བྱས་མི་འདུག གོང་དུ་གནམ་ལོ་ཡག་གིས་བཤད་པ་བཞིན་རེད། དོན་འགྲུབ་རྒྱལ་གྱིས་རྩོམ་སྟངས་གསར་བ་དེ་བོད་དུ་བསྣམས་ཕེབས་དུས། བོད་ཀྱི་སྤྱི་ཚོགས་ལ་ཁོང་ལས་མཁས་པ་གང་མང་ཡོད་ཡོད་པ་དང་། ཁོང་དང་མཉམ་པ་གང་མང་ཡོད་པ་ཨ་ཁུ་པདྨ་འབུམ་གྱིས་ནམ་རྒྱུན་བཤད་བཤད་པ་ལྟ་བུ་རེད། (གཅིག་བྱས་ན་ཁོ་ཡང་ཡང་དེ་དུས་ཁོང་དང་མཉམ་པ་ཡོད་མདོག་མདོག་རེད) དེ་བས་ཁོང་ཚོས་ཅིའི་ཕྱིར་ཁོང་ནང་བཞིན་མ་འཇོན་པ་རེད་དམ། ཁོང་གིས་འཇོན་སོང་བ་འདི་གནད་གང་ལ་ཐུག་པ་རེད་དམ། འདི་དྲི་བ་གཅིག་རེད།
དགེ་ཆོས་ལ་གསར་བའི་ཆ་གང་མང་ཡོད་ཚུལ་དང་དོན་འགྲུབ་རྒྱལ་མཆོག་གང་བྱས་པ་ཐམས་ཅད་ཁོང་གིས་མ་བྱས་ཀྱང་མི་གཞན་ཞིག་གིས་བྱེད་རྒྱུ་རེད་ཟེར་བ་ནི་ཕྲུག་གུའི་སྐད་ཆ་རང་རེད། དེས་ན་དོན་འགྲུབ་རྒྱལ་གྱི་ཚབ་དེ་མི་གཞན་པ་ཞིག་མ་སླེབས་པ་རེད་དམ།
ཨ་ཁུ་པདྨ་འབུམ་གྱིས་དགེ་ཆོས་ཀྱིས་བཤད་པར་སྐད་པའི་སྐད་ཆ་དེ་དག་ནི་ཁོ་རང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ནང་བསྟན་ལ་རྒྱུས་མངའ་མེད་པས་གསར་སྣང་དུ་མཐོང་བ་རྐྱང་རེད། འདི་ནི་མཐོང་རྒྱ་ཆུང་བས་བྱས་པ་རེད། དགེ་ཆོས་གསར་བ་ཡིན་ཚུལ་སྐད་ཆ་དེ་དག་ནི་རྡོ་སྦིས་བློ་བཟང་ཡོན་ཏན་མཆོག་གིས་ས་ས་མལ་དང་རྡོ་རྡོ་མལ་བྱས་ཟིན་པས་བཤད་པའི་དགོས་པ་མེད་མོད། ཅུང་ཙམ་བཤད་ན། པདྨས་གསུངས་པའི་མཚན་ཉིད་རིག་པའི་སྙན་ངག་ཡིན་ཚུལ་དུ་བཤད་པ་དེ་དག་ནི་ནང་བསྟན་ལ་རྒྱུས་མངའ་ཡོད་པའི་ལས་དང་པོ་པ་རྣམས་ཀྱིས་ཀྱང་ཤེས་ཡོད་རེད། སེམས་ཅན་ཐམས་ཅད་བདེ་བའི་དོན་དུ་རྒྱུགས་ཀྱིན་ཡོད་པ་༧གོང་ས་མཆོག་གིས་ཀྱང་ཚར་ག་ཚོད་གསུངས་ཚར་བ་རེད། དེ་དགེ་ཆོས་ཀྱི་སྐད་ཆ་གསར་བ་གང་མ་རེད། དེ་བོད་ཀྱི་ནང་བསྟན་སྦྱོང་མཁན་ཚོའི་ཁྲོད་དུ་རྣ་ལ་བྱང་བའི་སྐད་ཆ་རང་རེད།
ད་དུང་
ཇི་ལྟར་དངོས་པའི་གཤིས་ལ་ཉེ་གྱུར་པ།།
དེ་ལྟར་མཁས་པའི་ཚིག་ནི་ལྐུགས་འགྱུར་བས།།
རང་གཞན་ཉིད་ཀྱིས་ཕྲ་བའི་ཆོས་རྣམས་ཀུན།།
སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་སྐད།།
ཞེས་པ་འདི་ཡང་ནང་པའི་གཞུང་དག་ཏུ་སངས་རྒྱས་ཀྱིས་ཚར་ག་ཚོད་གསུངས་ཚར་མ་རེད། ཚིགས་བཅད་འདིར་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་སྐད་ཅེས་སྐད་ལབ་ནས་ཁོང་གིས་གསུངས་པ་མིན་པ་གསལ་བོ་གསུངས་འདུག་གཱ། འདི་ཙམ་ཡང་མ་མཁྱེན་པ་ནི་དངོས་གནས་བོད་ཀྱི་སྲོལ་རྒྱུན་ལ་རྒྱུས་མངའ་ཅི་ཡང་མེད་པའི་རྟགས་རེད།
ཀླུ་སྒྲུབ་དགོངས་རྒྱན་གྱི་སྐོར་དེ་རེད། དངོས་གནས་གད་མོ་ཤོར་དགོས་པ་རང་རེད། ཁག་མི་འདུག ཨ་ཁུ་པདྨ་འབུམ་ཁོང་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གཅིག་ནས་དོ་སྣང་དང་དགའ་སྣང་མེད་པ་དང་། དེ་བས་རྒྱུས་མངའ་མེད་པས་སྐད་ཆ་འདི་འདྲ་བཤད་ཐལ་ཤོར་བ་རེད། ཆོས་གཞུང་རྣམས་སུ་ཡི་དྭགས་རྣག་བློ་ལ་སོགས་ཞེས་ག་ཚོད་གསུངས་ཚར་རེད། སེམས་ཅན་གྱིས་ཡུལ་གྱི་ཆོས་འཇལ་སྟངས་མི་སོ་སོ་ནས་ཀྱང་མི་འདྲ་བ་ཆོས་གཞུང་རྣམས་ག་ཚོད་བཤད་ཡོད་པ་རེད། དེ་དགེ་ཆོས་ཀྱིས་གསར་བ་བཤད་པ་ཅང་མ་རེད།
ད་དུང་འདོད་པའི་བསྟན་བཅོས་རེད། རྩི་ཤིང་གི་སྐོར་ནས་ཡིན་ནའང་རེད། དེ་ན་རིན་ཐང་གི་ཅང་འདུག་གམ། འདོད་པའི་བསྟན་བཅོས་ནི་རྒྱ་གར་གྱི་འདོད་པའི་མདོ་གཞི་བཞག་ནས་ལད་ཟློས་ཀྱི་ཚུལ་དུ་བྲིས་པ་ཙམ་རེད། འདི་ཙམ་ཡང་མ་ཤེས་པས་གསར་སྣང་ཡོད་སྲིད། རྩི་ཤིང་དང་རྒྱ་གར་གྱི་སྐད་དོད་ཀྱི་སྐོར་ནས་ཆོས་རྗེ་ས་པཎ་སོགས་ཀྱིས་མཐའ་དཔྱོད་དང་བཅས་ཇི་འདྲ་ལེགས་གསུངས་ཡོད་མ་རེད།
དེ་བས་ཨ་ཁུ་པདྨ་འབུམ་ཁོང་གིས་དགེ་ཆོས་ཀྱི་གསུངས་པར་སྐད་པ་རྣམས་ཅི་ཙམ་ལེགས་ཚུལ་བཤད་པ་ནི་གཅིག་ནས་རང་ཉིད་སྲོལ་རྒྱུན་རིག་གཞུང་ལ་ཐོས་པ་དམན་པ་དང་། ( ཕྱོགས་རིས་མིན་པར་ཡིད་ཆེས་བྱེད་ཀྱིན་ཡོད)
རྩོམ་རིག་གསར་པའི་དེད་དཔོན་དོན་འགྲུབ་རྒྱལ་མཆོག་གི་མི་ལེགས་པའི་ཕྱོགས་རྐྱང་རྐྱང་བཙལ་ཏེ་དགེ་ཆོས་ཀྱི་ལེགས་ཕྱོགས་ཁོ་ན་བཏུས་ཏེ་བསྡུར་ཐབས་བྱས་པ་འདི་དྲང་པོ་རྩ་ནས་མ་རེད་པས།
མཇུག་མཐར། རྗེས་མར་དོན་འགྲུབ་རྒྱལ་གྱི་སྐོར་ནས་བཤད་དུས། རང་ཉིད་ཁོང་ལ་ཅོ་འདྲི་འདོད་ཀྱིས་ཕྲག་པ་དོག་པའི་ཀུན་སློང་ངན་པ་དེ་སྤངས་ཅི་ཐུབ་བྱས་ནས་གཟུ་བོར་གནས་པའི་སྒོ་ནས་ལེགས་བཤད་རེ་གནང་ཨེ་ཐུབ་ལྟ་བུ་རེ་བ་ཡིན།
དེ་རིང་དེ་ཙམ་ཡིན། ད་ཉལ་རན་སོང་། སང་ཉིན་ལས་ཀར་འགྲོ་དགོས།
འདི་རུ་ཡང་གླེན་པ་མང་པོས་གསེར་ལ་ཚད་མཇལ་གྱི་འདུག ངོ་མ་བར་ཐག་ཤོར་ན་ཁག་པོ་འདུག
བགྲོ་གླེང་བཟང་།
་་་་་་་ ( ཕྱོགས་རིས་མིན་པར་ཡིད་ཆེས་བྱེད་ཀྱིན་ཡོད)
རྩོམ་རིག་གསར་པའི་དེད་དཔོན་དོན་འགྲུབ་རྒྱལ་མཆོག་གི་མི་ལེགས་པའི་ཕྱོགས་རྐྱང་རྐྱང་བཙལ་ཏེ་དགེ་ཆོས་ཀྱི་ལེགས་ཕྱོགས་ཁོ་ན་བཏུས་ཏེ་བསྡུར་ཐབས་བྱས་པ་འདི་དྲང་པོ་རྩ་ནས་མ་རེད་་་་་་་་་་
“འདི་རུ་ཡང་གླེན་པ་མང་པོས་གསེར་ལ་ཚད་མཇལ་གྱི་འདུག ངོ་མ་བར་ཐག་ཤོར་ན་ཁག་པོ་འདུག” ཁྱོད་ཀྱིས་མཁས་པ་སྱ་ཡིན་དང་། གླེན་པ་སུ་ཡིན་ཤེས་ཀྱིས་ཡོད་དམ། ཤེས་ན་ཚིག་ཐུང་འདི་ན། དགེ་ཆོས་ཀྱི་ཡི་གེ་དག་ཆ་དང་མི་མཐུན་པ་དག་མཐོང་གི་འདུག་གམ།
སྱ་ཡིན། སུ་ཡིན་དང་། ཤེས་ཀྱིས། ཤེས་ཀྱི། ཞེས་ཀློག་པར་མཛོད།
ཨ་ཁུ་པད་མ་འབུམ་གྱིས་རྩོམ་ཡིག་གི་ཚིག་འགྲོས་དང་བརྗོད་གཞི་བསྒྲིགས་སྟངས་ཡག་པོ་འདུག འོན་ཀྱང་དཔྱད་བསྡུར་སྐབས་སུ་བཤད་གྲབས་བཤད་གྲབས་བྱས་ནས་བཤད་ཐུབ་མི་འདུག དེར་ཁག་མེད། གང་ལྟར་དཔྱད་ཞིབ་བྱ་སྟངས་ནུབ་ཕྱོགས་པའི་དཔྱད་སྟངས་སམ། ཡང་ན། དེང་དུས་ཀྱི་དཔྱད་སྟངས་ཡིན་ལས་ཆེ་མོད། བོད་ཀྱི་རིག་གཞུང་གི་ངོས་ནས་ལྟོས་ན་དཔྱད་སྟངས་འདི་རིགས་ནི། དཔྱད་ཚུལ་ངོ་ཕྱོགས་གཅིག་སྟེ། ཉེན་རྟོག་པས་མི་གཤིས་འཚོལ་སྟངས་ཞིག་རེད། ཡང་གཅིག་བཤད་ན། མི་རིགས་གཞན་གྱི་འཇིག་རྟེན་ལྟ་ཚུལ་གྱི་དཔྱད་ཞིབ་བེད་སྤྱོད་བྱས་པ་ལས་མ་འདས། ལོས་ཡིན་ཏེ། མི་རིགས་གང་ཞིག་ལ་ཕྱི་དངོས་པོའི་གནས་ཚོད་ལས་མེད་པའི་ལྟ་ཚུལ་རྨང་གཞི་ཡིན་པ་ལྟར་ན། དཔྱད་ཞིབ་འདི་ཙམ་གྱིས་ནི་རྒྱ་མཚོའི་མཐར་ཕྱོ་བའི་ཝུ་དཀར་ཀྱི་རང་བཞིན་མངོན་པ་ལས། མཚོ་མོའི་ཀློང་བརྟོལ་བའི་ནུས་པ་མེད་ལ། བརྟོལ་བས་ཀྱང་ཅི་བྱ། དེ་གས་འགྲིག་པ་རེད། བོད་ཀྱི་རིག་གཞུང་གི་དཔྱད་ཞིབ་གཞིར་བཞག་ན། དཔྱད་ཞིབ་འདི་ནི་ངལ་གསོ་བའི་ཚིག་དུམ་ཙམ་དང་། ཡང་ན། གྲོན་ཆེས་པའི་ངལ་བ་ཞིག་རེད། གང་ཡིན་ཟེར་ན། དགེ་ཆོས་དང་དོན་རྒྱལ་གཉིས་ཀྱི་རྩོམ་རྩལ་དང་བརྗོད་དོན་བསྔོགས་ཏེ་དཔྱད་ཞིབ་རྨང་དུ་བཟུང་། དེ་ནས་རྩོམ་གྱི་ཤུགས་རྐྱེན་ཟེར་ན་རེད། བྱིན་རླབས་བརྗོད་ཀྱང་འགྲིག་གི ཕན་ནུས་དང་དེ་ཇི་ལྟར་བྱུང་བའི་ཁོར་ཡུག་སོགས་ཞོར་བརྗོད་རང་བཞིན་དུ་གདམས་ཚེ་ད་བཟོོད་ཡག་པོ་འབྱུང་རྒྱུ་ཡིན། མདོར་ན། དཔྱད་ཚུལ་ཀྱི་རྨང་གཞི་ལ་རང་གཞན་གྱི་ཁྱད་པར་ཙམ་ཤོར་བས་རེད།
རེ་བ་ལ། བོད་མི་ཞིག་ཡིན་པའི་ཆ་ནས་དགེ་ཆོས་སྨོས་ཅི། དོན་རྒྱལ་ལྟར་རང་རེའི་ཐུན་མོང་མ་ཡིན་པའི་དཔྱད་ཚུལ་གནའ་ནས་ད་བར་བརྒྱུད་ཡོང་བ་དེ་ཡང་། ལམ་ཟུར་གྱི་གད་སྙིགས་བཞིན་དུ་མ་བསྐྱུར་བར་གོ་ལོ་ཐོས་ལོ་རེ་གསོག་ཐུབ་ན་ཡག་གི་སྙམ།
འདི་ནི་སྔོན་འཕྲོས་ཙམ་ཡིན། བཤད་གྲབས་བྱས་པ་ནི།
༡ (ཚིག་སྦྱོར་གྱི་ཆ་ནས་དགེ་འདུན་ཆོས་འཕེལ་གྱིས་ཀྱང་མཚམས་ལན་རེར་གསར་བ་བཙལ་གྱི་མེད་འགྲོ་བསམ་གྱི་འདུག དཔེར་ན། ཀླུ་སྒྲུབ་དགོངས་རྒྱན་ལ་མཚོན་ན་ཁོས་མཚམས་ལན་རེར་ལྟ་བ་གསར་བ་འཚོལ་གྱི་ཡོད་པ་རེད། དེའི་ཐོག་བརྗོད་སྟངས་གསར་བ་འཚོལ་གྱི་ཡོད་པ་རེད། ཀླུ་སྒྲུབ་དགོངས་རྒྱན་ནང་དུ། དངོས་པོ་ཞིག་བདེན་པ་རེད་དམ་རྫུན་པ་རེད་ཟེར་ནས་མཐའ་ལ་གཏུགས་ཡོང་ན། ཁྱེད་རང་ཉིད་ལ་ཐུག་འདུག་ཅེས་བཤད་ཡོད་པ་རེད། སྟོན་པ་ཤཱཀྱ་ཐུབ་པ་བདེན་པ་ཡིན་པ་སུས་ཤེས་ཀྱི་འདུག་ཟེར་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཤེས་ཀྱི་འདུག སློབ་དཔོན་ཀླུ་སྒྲུབ་བདེན་པ་ཡིན་པ་སུས་ཤེས་ཀྱི་རེད་ཟེར་དུས་རྗེ་ཙོང་ཁ་བ་སོགས་སྐོར་ཞིག་གིས་ཤེས་ཀི རྗེ་ཙོང་ཁ་བ་སོགས་བདེན་པ་ཡིན་མིན་སུས་ཤེས་ཀྱི་འདུག་ཟེར་དུས་ངའི་བླ་མས་ཤེས་ཀྱི་འདུག་ཟེར་བ་དང་། བླ་མ་བདེན་པ་ཡིན་པ་མཐར་གཏུགས་ན་ཁྱེད་རང་ལ་ཐུག་འདུག་ཅེས་ཁོ་རང་གི་ལྟ་བ་བཙལ་སྟངས་ཤིག་རེད།) ཚིག་འགྲོས་དང་བརྗོད་དོན་བསྒྲིགས་སྟངས་ཧ་ལས་པ་རེད། འོན་ཀྱང་གསར་བ་མ་རེད། རྙིང་པ་རྙིང་ནག་ཅིག་རེད། ལོ་ངོ་བཞི་སྟོང་ནས་ལྔ་སྟོང་སྔོན་གྱི་ཕྱི་རོལ་པ་ཚོས། འཇིག་རྟེན་ལྷས་བྱས་ཟེར། ལྷས་བྱས་པ་ཇི་ལྟར་ཤེས་བྱས་པས། བཤེས་གཉེན་ཀྱིས་གསུངས་ཟེར། དེས་ཇི་ལྟར་ཤེས་བྱས་པས་དེ་ལ་དྲང་སྲོང་གིས་གསུངས་ཟེར། དྲང་སྲོང་གིས་ཤེས་ཚུལ་ཇི་ལྟར་ཡིན་ཟེར་བར། དྲང་སྲོང་གི་བཀའ་ལ་ནོར་བ་མེད་ལ། དཔྱད་པའང་མི་འགྲོ་ཟེར་བ་དེ་དགེ་ཆོས་ཀྱིས་ངོ་བཤུས་བྱས། ངོ་བཤུས་བྱས་པས་མི་སྐྱོན་མོད། ཉིད་ཀྱིས་དགེ་ཆོས་ཀྱིས་བདེན་པ་གསར་བ་ཞིག་འཚོལ་བའི་དཔང་བོར་བཞག་པ་ནི། བཤད་གྲབས་བཤད་གྲབས་བྱས་ནས་བཤད་ཤེས་མི་འདུག་ལ། བསྟོད་པ་བྱས་པ་དོན་གྱིས་སྨད་པར་སོང་བ་ངན། མདོར་དེད་ན། དྲང་སྲོང་གི་བཀའ་ཡང་རང་ལ་ཐུག་འདུག་པས་སོ།། དོན་མ་ཟད་ཚིག་ཀྱང་གསར་བ་མ་རེད་དོ།།
(ཁོ་གཉིས་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་ཁོང་གཉིས་ཀ་སྙན་ངག་འབྲི་རྒྱུར་དགའ་བ་དེ་རེད། ཡིན་ཡང་། སྙན་ངག་གི་ཁྱད་ཆོས་མ་འདྲ་བ་རེད། དང་པོ་བརྗོད་གཞིའི་ཐོག་ནས་དགེ་འདུན་ཆོས་འཕེལ་གྱི་བརྗོད་གཞི་ནི་མཚན་ཉིད་རིག་པའི་ངོ་བོ་དང་ལྡན་པའི་བརྗོད་གཞི་ཅན་གྱི་སྙན་ངག་འབྲི་རྒྱུར་དགའ་གི་རེད། མཚན་ཉིད་རིག་པ་ཟེར་བ་ནི་བོད་ཀྱི་རྟགས་གསལ་གཏོང་བའི་མཚན་ཉིད་རིག་པ་དེ་མ་ཡིན་པར། དེང་སང་གི་མཚན་ཉིད་རིག་པ་ཟེར་དུས་སྤྱིར་བཏང་འགྲོ་བ་མིའི་སྤྱི་ཚོགས་དང་ཤེས་རིག བསམ་བློ་སོགས་ཀྱི་ངོ་བོ་གཤིས་ལུགས་འཚོལ་བྱེད་ཀྱི་རིག་པ་དེའི་མིང་ལ་བཤད་ཀྱི་ཡོད་པ་རེད། དཔེར་ན། དགེ་འདུན་ཆོས་འཕེལ་གྱི་སྙན་ངག
གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུགས།།
ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུགས།།
མདོར་ན་འཇིག་རྟེན་ཐམས་ཅན་བང་འགྲན་ནས།།
གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུགས།།
ཞེས་པ་འདི་ལྟ་བུར་མཚོན་ན་མི་ལས་འདས་པའི་སྤྱིར་བཏང་དབུགས་ཐོགས་ཐམས་ཅད་ཀྱི་གཤིས་ཀ་ཅིག་བརྗོད་ཀྱི་ཡོད་པ་རེད། ཁོ་ཚོ་ཅིའི་ཕྱིར་སྐྱེས་པ་དང་ཅི་ཞིག་བྱེད་ཀྱིན་པ་བརྫོད་ཀྱི་ཡོད་པ་རེད། འདི་ལྟ་བུའི་སྙན་ངག་ལ་དུས་དང་ཡུལ་གྱི་བཀག་རྒྱ་ཡོད་པ་མ་རེད། སྙན་ངག་འདི་ཡུལ་དུས་གང་ཞིག་གི་གནས་སྟངས་ལ་ཡང་སྦྱར་ཐུབ་པའི་སྙན་རྩོམ་རེད།)
རེད་དེ། རྩོམ་ཚིག་ཡག་པོ་འདུག རྩོམ་འདི་མཁས་པར་འཇོག་བྱེད་དུ་འོས་སམ་ཡང་ན་དེང་དུས་སློབ་ཆུང་མའི་གནས་རིམ་ལ་འབབ་བྱེད་དུ་འོས་པ་གང་ཡིན་མི་ཤེས་མོད། གང་ལྟར་བརྗོད་དོན་ཡང་སྔར་བཞིན་ལོ་ངོ་མང་བའི་སྐད་ཆ་ཞིག་རེད། སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད་ཅེས་གོང་ས་མཆོག་གིས་རྟག་ཏུ་གསུང་གིན་ཡོད་ལ། སྔོན་གྱི་མཁས་པས་བསྐྱར་བཟློས་ཡང་བཟློས་ཚིག་ཤིན་ཏུ་མང་ངོ་། མི་རབས་གསར་བར་མཚོན་ན། གསརབ་ཡིན་ན་ཐང་སྟེ། མི་རབས་གསར་བ་རྒྱུགས་རྒྱུགས་པའི་མཐའ་མ་རྙིང་པ་རྙིང་ནག་དག་ལ་ཡ་མཚར་བ་ནི་ངོ་མ་ཡ་མཚར་རེད་ཡ། ་ཝ་ནར་ཡོད་པའི་བུ་མོ་གངས་དཀར་མེ་ཏོག་འཚོ་ཟེར་བ་ཞིག་གིས་མོའི་ངོ་དེབ་སྟེང་འདི་འདྲ་ཞིག་བྲིས་འདུག སེམས་ཅན་ཐམས་ཅད་བདེ་བ་ལས། ། སྡུག་བསྔལ་འདོད་པ་གཅིག་རྐྱང་མེད། ། བདེ་བའི་རྒྱུ་གང་མ་ཤེས་པས། ། བདེ་བ་འདོད་ཀྱང་སྡུག་ལ་སྦྱོར།། ཟེར། འདིའི་དོན་དང་དགེ་ཆོས་ཀྱི་དེའི་དོན་གང་རྒྱ་ཆེ་བ་འདུག བདེ་བའི་ཕྱོགས་སུ་རྒྱུགས་པ་ཁོ་ན་དགེ་ཆོས་དང་། མོས་དེ་ཙམ་དུ་མ་ཟད། རྒྱུགས་སྟངས་སམ་རྒྱུགས་པའི་ཕུགས་མ་ཤེས་པས་ནོར་བ་ཡང་བསྟན་འདུག དེས་ན་འུག་ཅག་གིས་འདི་གཉིས་ལས་གང་མཁས་པར་བརྩི་རྒྱུ་ཡིན་ནམ། ད་དུང་མོས། དེ་ཡང་སྤྱོད་པ་འཇུག་པ་ལས། །སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས། ། བདེ་བ་འདོད་ཀྱང་གཏི་མུག་པས། ། རང་གི་བདེ་བ་དགྲ་ལྟར་འཇོམས། ། རྒྲལ་སྲས་ཆེན་པོས་གསུངས་པ་ལྟར།། ཞེས་རང་གི་དཔེ་ལན་ས་དེ་ཡང་དྲངས་འདུག མཐའ་དོན་རྩོམ་སྙན་དང་མི་སྙན་པའི་གཞི་བརྗོད་དོན་ལ་ལྟོས་ནས་འཇོག་དགོས་པ་རེད་དམ། ཡང་ན་ཚིག་རྐྱང་གིས་ཆོག་པ་རེད། ཕྱི་མ་ལྟར་ན་དགེ་ཆོས་དང་དོན་རྒྱལ་ལས་མཁས་པའི་ཨ་ཁུ་འབྲོག་པ་ག་ཚོད་འདུག དཔྱད་རྒྱུ་ཤིན་དུ་མང་ཡང་འདིར་དེ་ཙམ་གྱིས། ཧཧཧཧ་རྩེད་མོ་ཡིན་ད།
གོ་ཚོད་ལྟར་ན། དགེ་ཆོས་ནི་མཁས་པ་ཆེན་པོ་རེད་ཟེར་གིན་འདུག འོན་ཀྱང་མཁས་ས་དེ་ཆོས་གཞུང་དང་སྙན་ངག་ཙམ་རེད་འདུག་སྙམ། དེང་སང་དགེ་ཆོས་ཀྱི་སྙན་རྩོམ་ལྟ་བུ་འབྲི་མཁན་ལག་ཐོགས་མི་དགོས་གི་ལ། དོན་རྒྱལ་ཨ་རྐྱང་རྐྱང་། ངས་བསམ་ན་ད་དུང་ཉིད་ཀྱིས་དུས་རབས་སྔ་མའི་ལོ་རབས་བརྒྱུད་བཅུ་དགུ་བཅུའི་ནང་གི་མཚར་སྣང་དེ་ད་དུང་དོར་ཐུབ་ཀྱི་མེད་པ་འདྲ། དེ་སྙན་རྩོམ་ཀྱི་སྐོར་རེད། ཆོས་གཞུང་ནི་ཀླུ་དགོངས་རེད། མ་གཞི་དགེ་རྙིང་བར་འགལ་རྐྱེན་འབྱུང་ཉེའི་རྐྱེན་རྩ་གཅིག་ནི་འདི་ཡིན་ལ། གཞན་དེ་འདིའི་དགག་པ་ཕས་རྒོལ་བླ་མའི་ཞལ་ལུང་ཡིན། ཡིན་ནའང་གོང་ས་མཆོག་གི་བཀའ་དྲིན་ལས་དགེ་རྙིང་འོ་ཆུ་བཞིན་འདྲེས་ཡོད་པས་དགེ་ཆོས་ཀྱི་དགོངས་པ་གཅིག་མ་འགྲུབ་ན་ཐང་། ཀླུ་དགོངས་ལས་སེང་གེའི་དཔང་པོ་སྟག་དང་སྟག་གི་དཔང་བོར་གཡག་འཇོག་རྒྱུ་ལས་མེད་པར་བཤད་པ་ལ། དགག་བྱ་ཁྱབ་ཆེའི་སྟོང་ཉིད་འཇོག་སྟངས་ལྟར་ན་ལོས་འགྲིག སྣང་བ་ཐམས་ཅད་འཁྲུལ་བ་འབའ་ཞིག་རེད། དབྱེ་གསེས་བྱ་རྒྱུ་མེད་པར་ཚང་མ་འཁྲུལ་བ་ཙམ་རེད། མིན་པ་གཅིག་རང་མཆིས་པ་ནི་དགེ་ཆོས་ཀྱིས་བརྩམས་གནང་བའི་ཀླུ་དགོངས་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ཡིན་ཐག་ཆོད་པ་དེ་རེད། དེ་ལ་དཔང་བོ་སོགས་གང་ཡང་མི་དགོས་པ་རེད་ལ། འཚོལ་ནའང་མི་འགྲིག གལ་ཏེ་འཚོལ་བ་ཡིན་ན་ཕྲག་དོག་དང་ཕྱོགས་རས་ཅན་རད་ཟེར་ངེས། འདི་ནས་བླུན་པོ་མཁས་པའི་རྗེས་སུ་མ་འབྲངས་བ་ཨེ་རེད།། བླུན་པོ་མཁས་པའི་རྗེས་སུ་མི་འབྲངས་བ་བདེན་ན། དགེ་ཆོས་རང་གི་ཡོན་ཏན་ཀྱི་ཆ་ཙམ་སྟེ། ངལ་གསོའི་ཚིག་དུམ་རེ་འཁྱེར་ནས་རྗེས་སུ་གཡམ་ལ་རྒྱུགས་རྒྱུགས་པ་འདི་ཚོ། མཁས་པ་ཡིན་ནས་མཁས་པའི་རྗེས་སུ་རྒྱུགས་པ་རེད་དམ། ཡང་ན་བླུན་པོ་ཡིན་ནས་མཁས་པའི་རྗེས་སུ་རྒྱུགས་པ་རེད། དགེ་ཆོས་འཚོ་བའི་སྐབས་ནས་ད་བར་མཁས་པ་གཅིག་གི་རྗེས་སུ་བོད་མི་ས་ཡ་དྲུག་པོ་རྒྱུགས་སྡད་པ་འདི་ཚོ་མཁས་པ་ཡིན་ནས་རྒྱུགས་པ་ཨེ་རེད། ངོ་མ་དྲན་རིག་རྒོད་པོ་ཞིག་གིས་ཁྱི་བཤད་ལ་བླངས་པ་དེ་ལ། ད་དུང་བསམ་བློ་ཙམ་ཡང་མ་བཏང་བར་མཁས་པའི་དམ་ཚིག་དང་པོར་འཇོག་གི་ཡ། ལྟོས་དང་། དགེ་ཆོས་ཀྱིས།
བླུན་པོ་མཁས་པའི་རྗེས་སུ་མི་འབྲངས་ཡང།།
མཁས་པ་བླུན་པོའི་རྗེས་སུ་མི་འབྲངས་པ།།
དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།
སྲོག་ལ་བབས་ཀྱང་འབད་པས་སྲུང་བར་བྱ།། ཟེར།
འདིར་འུ་ཚོས་བསམ་བློ་ཐོངས་ར་་་་གང་ཡང་བཤད་ཀྱི་མི་འདུག བབ་སྤྱི་ཙམ་རེད། གང་ལ་མཁས་ན་དེའི་ཐད་ནས་བླུན་པོའི་རྗེས་སུ་འབྲང་དོན་མེད་ལ། འབྲང་མཁན་ཡང་མེད། མི་མཁས་པའི་ས་ནས་སྤྱིར་མཁས་པ་ཡིན་ཡང་དེའི་ཐད་བླུན་པོ་རེད། བླུན་པོའི་ཤེས་པའི་ཕྱོགས་ལ་མི་ཤེས་ཀྱང་ཤེས་མདོག་བྱས་ནས་མ་སོང་ན་མཐའ་མ་མགོ་ལ་གང་ཡོང་མི་ཤེས་སོ།། གཏམ་རྒྱུད་གསེར་ཐང་ནི་ངོ་མ་གསེར་ཐང་རེད། ནུབ་ཕྱོགས་པ་ཚོས་ཞིབ་འཇུག་བྱེད་སྟངས་ལ་ཤིན་ཏུ་རེན་པོ་བྱུང་། དགེ་ཆོས་ཀྱིས་མི་ལོ་བཅུ་གཉིས་ལ་དཀའ་ལས་རྒྱབ་པ་དེ་ཡུལ་སྐོར་སྤྲོ་འཆམས་པ་ཞིག་གིས་ཟླ་གཅིག་ཙམ་གྱི་འགྲུལ་བཞུད་རང་རེད་འདུག དགེ་ཆོས་ཀྱིས་ལོ་མང་རིང་དཔྱད་པ་ནི་མིའི་དད་བསམ་གྱི་རྩ་བ་སྲོག་ཆགས་ཤིག་དང་རྟོག་བཏགས་ལ་གཏུགས་པ་རེད། དེས་ཆོས་ཀྱི་རྒྱ་ལས་གྲོལ་བ་རེད། ཆོས་ལུགས་ཀྱི་རྒྱ་ལས་གྲོལ་བའམ་དང་དེ་མི་མཐུན་པ་ཞིག་བཤད་རྒྱུ་བྱུང་ན་ཡ་མཚར་དུ་བརྩིས་ཆོག འོན་ཏེ་དགེ་ཆོས་དང་སི་ཏ་ལེན་བསྡུར་ན་གཉིས་ཀ་རྒྱ་གང་ཡང་རུང་བ་ལས་གྲོལ་བ་མཚུངས་ཀྱང་། གྲོལ་བའི་གཞི་དེར་གསར་བ་བསྐྲུན་དང་མ་བསྐྲུན་གྱི་ཆ་ནས་གནམ་ས་རེད། ཡང་ན། འབའ་བ་ཕུན་དབང་དང་དགེ་ཆོས་བསྡུར་བས་ཆོག འབའ་ཕུན་གྱིས་དམར་བོས་གཞུང་ལུགས་གཏིང་ཟབ་སྦྱང་ནས་དེས་བོད་ཁམས་སྐྱོང་འདོད་པ་རེད་ལ། དགེ་ཆོས་ཀྱིས་ཆོས་ལུགས་ནང་འུར་བཤད་ཆེ་བཤད་འདུག་རབས་བརྗོད་བརྗོད་ནས་ཤི་སོང་བ་རེད། གལ་ཏེ་ཆོས་ལུགས་འདི་ཚོས་སྟོང་བཤད་ལ་མི་ཉན་པ་དགྱིས་ཏེ། མི་མང་གི་བསམ་བློ་བཀག་པའི་ཤུལ་དུ་གང་ཞིག་བསྐྲུན་རྒྱུ་ཡིན་ནམ། ཕྲན་གྱིས་བསམ་ཚོད་ལྟར་ན། དགེ་ཆོས་ཀྱི་ཀླད་པའི་རྒྱུད་ཐག་ལའང་འཁོར་མྱོང་མེད་པ་རེད་སྙམ། གལ་ཏེ་ཡོད་ན་ནི་དམར་ལུགས་ལས་འོས་མེད་དེ། མང་གཙོའི་ནང་དུ་ཆོས་ལུགས་ཀྱི་འདོད་ཚུལ་སྔར་བཞིན་གནས་པ་སྟེ། དཔེར་ན། ནུབ་ཕྱོགས་ཡོ་རོབ་ལྟ་བུ་རེད། མུ་མཐུད་ཡིན་ད།
ད་ནི་དོན་རྒྱལ་གྱི་ཐད་ནས་ཡིན། དོན་རྒྱལ་སྐྱེས་ཤིའི་མཚམས་དང་དགེ་ཆོས་ཀྱི་སྐྱེས་ཤིའི་མཚམས་ནི་གཞན་དབང་ཅན་ཡིན་པས་དམིགས་བསལ་གཅིག་འགྲིག་ལ་གཅིག་གིས་མ་འགྲིག་པ་བྱེད་རྒྱུ་ཨེ་ཡོད་སྙམ། གལ་ཏེ་བཤད་པ་ཡིན་ན། དགེ་ཆོས་བོད་ཉམས་པའི་སྐབས་སུ་རྒྱས་པ་རེད་ལ། དར་འགོ་འཚུགས་པ་སྟེ་གོང་ས་མཆོག་གིས་བོད་ལེགས་བཅོས་དང་མང་གཙོའི་ལམ་ཁར་ཁྲིད་པའི་འགོ་འཚུགས་པའི་ཚེ་ཤི་བ་རེད། དོན་རྒྱལ་ནི་བོད་རྩ་མེད་བཟོ་བཞིན་པའི་རིག་གསར་སྐབས་སུ་སྐྱེས་ཤིང་ཅུང་ཟད་ལྷོད་ཡངས་དང་སྟབས་བསྟུན་སྒོས་ཤི་བ་ལྟ་བུའི་བོད་མི་རིགས་ཀྱི་སྙིང་སྟོབས་བསླངས་ཏེ་འཚེར་པ་རེད། དཔེར་ན། འདི་ནའང་དྲག་ཏུ་མཆོང་ལྡང་བྱེད་བཞིན་པའི་སྙིང་གསོན་པོ་འདུག་ཅེས་པ་ལྟ་བུས་རྟོག་སད་ཀྱི་རྩོམ་མང་པོ་སྤེལ་ཏེ་གཞོན་སྐྱེས་ཡོད་ཚད་ཀྱི་བསམ་བློའི་སྣེ་བསྒྱུར་བ་རེད། གང་ནས་བསྒྱུར་བ་རད་དམ་ཞེ་ན། དམར་ལུགས་དང་རྙིང་གཏོར་ལམ་ལུགས་ལས་བསྒྱུར་ཏེ་བོད་མིའི་ལ་རྒྱ་དང་རིག་གཞུང་གི་ཞེན་པཅན་དུ་བསྒྱུར་བ་རེད། འདི་ནི་སུས་ཀྱང་མི་ནུས་པ་ཞིག་སྟེ། སྔར་མ་བྱུང་ཞིང་ཕྱིས་འབྱུང་མི་སྲིད་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཅི་ལ་མིན། བོད་རྒྱ་འོག་ཏུ་ཤོར་ནས་ལོ་ངོ་འདི་ཙམ་ཕྱིན་པ་རེད་དེ། དོན་རྒྱལ་ལྟ་བུས་གཞོན་སྐྱེས་ཚོའི་བསམ་བློར་ངར་བསློངས་ཐུབ་མཁན་གཅིག་མ་བྱུང་བ་རེད། དོན་རྒྱལ་ལ་མཚོན་ན་གུང་ཁྲན་གྱི་དམར་ལུགས་སློབ་གསོ་འགོག་མཁན་གྱི་རྡོ་རིང་ཞིག་ཏུ་གྱུར་འདུག་པས་གུང་ཁྲན་གྱིས་དམར་གསོད་གཏོང་བའི་འབེན་མི་དང་པོ་དེ་རེད། དེ་ནས་ཆབ་ཆ་དོན་རྒྱལ་དང་། པཎ་ཆེན་རིན་པོ་ཆེ་གཙོས་བའི་བོད་པ་དཔའ་རྒོད་འདས་པ་རྣམས་དང་ད་དུང་བཙོན་དུ་བཞུགས་པ་རྣམས་རེད། དེ་ནས་དོན་རྒྱལ་གྱིས་རྩོམ་རིག་དང་སྒྲུང་རྩོམ། ལོ་རྒྱུས་སོགས་ཚད་འཕར་རང་བཞིན་ལྡན་པ་ཤ་སྟག་རེད། དཔེར་ན། སད་ཀྱིས་བཅོམ་པའི་མེ་ཏོག་ལྟ་བུ་སྟེ། སྤྱི་ཚོགས་སྲོལ་རྒྱུན་ཁྲོད་རྒྱུན་འཁྱོངས་བྱ་མི་འོས་པའི་རིགས་སྒྲུང་རྩོམ་གྱི་ལམ་ནས་དག་ཐེར་བྱས་པས་མཚོན་པ་ཡིན་ལ། ཁོང་ནི་རང་དོན་དོར་བའི་སྤྱི་སེམས་ཅན་གྱི་རྩོམ་པ་པོ་ཁྱད་འཕགས་ཤིག་རེད། དགེ་ཆོས་དང་བསྡུར་ན་དགེ་ཆོས་ནི་གྲགས་འདོད་ཁོ་ན་གཉེར་མཁན་ཡིན་འདུག གང་ཡིན་ཟེར་ན། ཁོས་ཁ་ནས་རང་གི་དགེ་རྒན་འདི་ཡིན་ཟེར་འདོད་མེད་པ་དེས། རང་ཉིད་རང་ནས་ཤེས་བྱ་ཐམས་ཅད་མཁྱེན་པ་ཞིག་ཡིན་པའི་འདོད་པ་ཁོག་ཏུ་གཉེར་བ་མཚོན་ནུས། གཞན་དུ་ན། ཅི་ཞིག་ལ་དགེ་རྒན་ཚོར་དགེ་རྒན་དུ་གླེང་མ་འདོད་པ་རེད་དམ། དགེ་རྒན་རྣམས་འབུར་དོད་ཀྱིས་གླེང་བས་རང་གི་མཚན་སྙན་ལ་མི་གནོད་མོད། ཡོངས་ཁྱབ་ཏུ་དགེ་རྒན་ལབ་དུས་རང་ལས་མཁས་པ་ཞིག་ཡིན་པའི་ལྟ་ཚུལ་ལས་བརྒལ་མ་ནུས་པ་ཙམ་ཟད་དོ།།
ཁོང་གཉིས་ཀྱི་རྩོམ་གྱི་ཚེ་རིང་ཐུང་ལ་ལྟ་དུས། དོན་རྒྱལ་གྱི་ཚེ་ཐུང་བ་དང་དགེ་ཆོས་རིང་བ་རེད་ཟེར་མོད། རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་བསྒྲགས།། གསར་བ་ཐམས་ཅད་བདུད་གྱི་འཕྲུལ་དུ་རྩིས།། རྙིང་པ་ལྷ་ཡི་སྲོལ་དང་གསར་བ་བདུད་ཀྱི་འཕྲུལ་དུ་བསམ་མཁན་འདུག་མི་འདུག་ལྟོས་དང་། སྐབས་དེར་ཡང་མེད་པའི་ཚོད་ཡིན་ཏེ། གསར་བ་གང་ཡང་བྱུང་མེད་པར་དེ་བདུད་དུ་ལྟ་ཚུལ་ཡོང་ཤེས་ཚུལ་མེད། འོན་ཏེ་མི་རེ་ཟུང་གི་ཁ་རྗེས་སུ་རྒྱུགས་ཏེ་བྲིས་པ་ཡིན་སྲིད་མོད། དེ་ནི་རང་གཤིས་རེད། དོན་རྒྱལ་འདི་ཙམ་ལྟ་བུའི་ཚོར་རྗེས་ལ་མི་རྒྱུགས་པའི་མཁས་པའི་དམ་ཚིག་ཅན་ཞིག་རེད་འདུག ཡོད་ཚད་ཉིད་ཐུགས་བསམ་ལྟར་བྲིས་པ་ལས་ཤེས་ཡོན་པའི་དམ་ཚིགས་དང་འགལ་བར་དགོངས་དག་ཞུ། ཆོུད་ཀྱི་དབང་གིས་རྗེས་སུ་འབྲི་དགོས་བྱུང་།
དོན་འགྲུབ་རྒྱལ་ལ་དྲང་པོ་སྣང་མི་འདུག
་་་་་་ ཁོང་གཉིས་ཀྱི་རྩོམ་གྱི་ཚེ་རིང་ཐུང་ལ་ལྟ་དུས། དོན་རྒྱལ་གྱི་ཚེ་ཐུང་བ་དང་དགེ་ཆོས་རིང་བ་རེད་ཟེར་མོད། ་་་་
དགེ་ཆོས་ཀྱིས་འབྲུག་རྒྱུད་མོན་ལ་ཕེབས་སྟེ་དེ་ཁུལ་གྱི་ལོ་རྒྱུད་དང་ ཐོན་ཁུངས་ ས་ཕྲ་སོགས་ཞིབ་ཕྲ་ཞིག་བྲིས་གནང་ནས་ལྷ་སར་ཕེབས ལྷ་སར་ཞུགས་བཞིན་ཡིག་ཆ་དེ་རྣམས་བོད་གཞུང་ལ་ཕུལ་མ་གནང་བ་དེ་ རྗེས་སུ་གང་དུ་བཀུརགནང་ཡོད་དམ་ བོད་གཞུང་གིས་ཁོང་དོ་དམ་བྱེད་དགོས་དོན་ངོ་མ་དེ་གང་ཡིན་ནམ
དགེ་ཆོས་དང་དོན་རྒྱལ་གཉིས་ཀྱིས་རྩོམ་ཡིག་གི་ཚིག་སྦྱོར་དངོས་ལ་ཞིབ་ན་དོན་རྒྱལ་གྱི་རྩོམ་ཡིག་རྣམས་སྤུས་ཚད་ལེགས་པར་མཐོང་། དགེ་ཆོས་ལགས་ཀྱི་རྩོམ་ཡིག་ཏུ་གྲགས་པའི་ཀླུ་སྒྲུབ་དགོངས་རྒྱན་ཞེས་པ་དེ་ནི་བརྗོད་བྱ་དང་ཚིག་སྦྱོར་གང་ཐད་ནས་དཔྱོད་རྩོམ་གྲགས་ཆེན་ཞིག་རེད། འོན་ཀྱང་ཀླུ་སྒྲུབ་དགོངས་རྒྱན་ནི་དགེ་ཆོས་ཀྱི་གསུང་རྒྱུན་ཡིན་པ་ལས་ཁོངགིས་གསུང་རྩོམ་མིན་པར་ཀླུ་སྒྲུབ་དགོངས་རྒྱན་གྱི་འཇུག་བྱང་ལས་ཤིན་ཏུ་གསལ་བ་ལྟར་དེ་ནི་ཟླ་བ་བཟང་པོས་བརྩམས་པའི་བསྟན་བཅོས་ཞིག་རེད། ཀླུ་དགོངས་ཀྱི་ཚིག་སྦྱོར་སོགས་བཤད་ཚུལ་མང་པོ་ཞིག་ལ་དགེ་ཆོས་ལགས་ཀྱི་བཤད་སྲོལ་ཡིན་ན་ཆོག་ཀྱང་ཀླུ་དགོངས་ཧྲིལ་པོ་དགེ་ཆོས་ལགས་ཀྱི་གསུང་རྩོམ་གྱི་གྲལ་དུ་འཛིན་པ་ནི་མ་རྟགས་མ་དཔྱོད་པའམ་ཕྱོགས་རེས་ཀྱི་འདོད་གཏམ་རང་རེད།
ཁུ་ནུ་པ་སློབ་དཔོན་སེམས་པ་རྡོ་རྗེས་གསུངས་པ་ལྟར་ན། ཀླུ་སྒྲུབ་དགོངས་རྒྱན་མགོ་ན་གང་འཚམས་དགེ་འདུན་ཆོས་འཕེལ་གྱི་གསུང་དངོས་མ་དང་། དེ་ནས་ཚིག་སྦྱོར་ལ་བལྟས་པས། དགེ་ཆོས་ཀྱི་གསུང་མ་ཡིན་པ་གསལ་པོར་ཤེས་སོ། ཞེས་ལོ་སྔོན་༢༠༡༣སྤྱི་ཟླ་༡༡པར་རྡོ་རྗེ་གདན་དུ་འབེལ་གཏམ་དུ་བྱུང་ངོ་།
ད་གང་ལྟར་ཡང་དོན་གྲུབ་རྒྱལ་གྱིས་རང་ཤི་རྒྱག་དགོས་པའི་དོན་རྐྱེན་གཙོ་བོ་གང་ཡིན་ཐད་དྲ་གྲོགས་ཚོས་བསམ་ཚུལ་རེ་གསུངས་རོགས། གོང་དུ་ཁ་གཅིག་གིས་དེ་མ་རེད་འདི་རེད་ཅེས་མཐའ་དཔྱོད་འདྲ་བོ་བྱེད་ཀྱི་འདུག་རུང་ཁ་བརྡའི་ནང་ཚང་མ་བསམ་ཚུལ་དང་སྒེར་གྱི་ལྟ་ཚུལ་ཙམ་ཡིན་སྟབས་དེ་འདྲའི་ངར་ཤ་ཐོན་དགོས་དོན་ཨེ་ཡོད་ན།
གོང་དུ་ཁ་ཤས་ཀྱིས་ཀླུ་དགོངས་དགེ་ཆོས་ཀྱི་མ་རེད་ཟེར་ཡང་། ཚིག་འགྲོས་ལ་ལྟོས་ན་དགེ་ཆོས་ཀྱི་རྩོམ་གཤིས་འདུག་པས་ཡིན་ཐང་ཆོག་རེད། ཡིན་ནའང་དེར་འགལ་བ་ཅང་མེད་དེ། ཟླ་བཟང་སོགས་ཀྱི་ངོ་སྲུང་བའི་ཕྱིར་བྲིས་པ་ཡིན་ཆོག་གི དཔེར་ན། ཀླུ་དགོངས་སུ་ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་བར་བཤད་ནས། ཤི་ཁར་རྟེན་འབྲེལ་བསྟོད་པ་འདོན་བཅུག་ནས་ཨོ་ད་སྙན་པོ་འདུག་ཅེས་གསུངས་རྗེས་ཅུང་མ་འགོར་བར་དཀྲོངས་སོང་ཞེས་ངག་རྒྱུན་བཀོད་འདུག་པ་འདིར་ལྟོས་པས་ཤེས་ཏེ། དགེ་ལུགས་པའི་གྲ་བ་ཁ་ཤས་ཤི་གཡོགས་ལ་རྒྱུགས་པའི་ངོ་སྲུང་ཕྱིར། ཐ་སྙད་ཚད་གྲུབ་འཇོག་པའི་ལེགས་སྙིང་བསྡུས་པ་སྙན་པོ་རེད་ཟེར་བ་ལྟ་བུ་རེད། དེ་ནི་དགེ་ཆོས་ཀྱི་རྩོམ་གྱི་ཁྱད་ཆོས་ཤིག་ཡིན་པ་སྟེ། བརྗོད་བྱར་ཚད་བཀག་ལས་བརྒལ་བའི་རྟགས་སུ་གླེང་རན་མཆིས་པ་ཞིག་གོ། དེས་ན་སྔར་ཐ་སྙད་ཚད་གྲུབ་ཀྱི་གཞུང་ལུགས་སྦྱང་སྐབས་དེར་བློ་བདེ་བྱུང་། བར་ཟླ་བཟང་སོགས་དང་འགྲོགས་པའི་ཚེ་ཐ་སྙད་ཚད་མར་བློ་མ་བདེ། ཐ་མར་སླར་བློ་བདེ་བྱུང་སྟེ་ཤི་སོང་བར་གཞིགས་ན། གོ་ཐོས་མང་བའི་མཁས་པ་ཞིག་ལས། རང་ལུགས་གཏད་སོ་ཡོད་པའི་མཁས་པ་ཞིག་ཡིན་ཚོད་མི་འདུག ཡང་མི་ཤེས་པ་འགས་འདི་འདྲ་བསམ་སྲིད། གཉིས་ཀ་ཉམས་ལེན་གནང་ཆོག་པར་བསམ་པ་དང་ཡང་ན་རིས་མེད་ཟེར་སྲིད་མོད། དཔེ་གཅིག་འཇོག ཆུ་བོའི་ཕ་རོལ་དུབགྲོད་པ་ལ་ཟམ་གོང་འོག་གཉིས་ཡོད་པའི་དབང་དུ་བཏང་ན། གོང་མ་རྒྱུད་ནས་འགྲོ་རྒྱ་ཡིན་ན་འོག་མ་འདོར་དགོས་ལ། འོག་མའི་སྟེང་ནས་འགྲོ་ན་གོང་མ་འདོར་དགོས་པ་ལྟ་བུ་རེད། འོན་ཀྱང་གོང་འོག་གཉིས་ཀའི་གནས་ཚུལ་ལམ་སྟབས་གང་བདེར་ལྟ་ཆོག་ལ། དེ་བས་ཀྱང་གཉིས་ཀ་བརྒྱུད་ནས་ཕ་རོལ་དུ་འགྲོ་ཐུབ་པའི་མོས་གུས་བྱེད་ཆོག འདི་ལྟ་བའི་ཆ་ནས་ཡིན། སྤྱོད་པའི་ཆར་དེ་ཙམ་ཁྱད་པར་ཆེན་པོ་མེད་ལ། འདིར་འབྲེལ་བའང་མེད། ཀླུ་དགོངས་ཀྱི་དོན་གཙོ་བོ་དག་ནི་མདོར་བསྡུ་ན། བུམ་པ་བདེན་གྲུབ་ཅེས་པའི་བདེན་པར་གྲུབ་རྒྱུ་ཞིག་དགག་གཞི་བུམ་པའི་སྟེང་དུ་བཞག་ནས་དེ་བཀག་པ་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པར་སོང་མི་འདུག་པ་དང་། དེ་འདྲའི་དགག་བྱ་བདེན་གྲུབ་ཅིག་སངས་རྒྱས་ནས་ཀླུ་སྒྲུབ་ཡབ་སྲས་དང་། དེ་ནས་བོད་ཀྱི་མཁས་པ་སྔ་མ་ཚོ་སུ་ཞིག་གིས་ཀྱང་གསུངས་མི་འདུག་པས། ལྷན་སྦྱར་བྱས་པར་བརྗོད་པ་དེ་རེད། དཔྱད་སྟངས་འདི་དང་འཇུ་མི་ཕམ་ཚང་དང་དཔའ་རིས་པ་གཉིས་རྩོད་པའི་གཞི་ཡང་འདི་ཀ་རང་དུ་འདུག་པས་སྔ་འགྱུར་རྙིང་མའི་གཞུང་ལུགས་ཁྲིད་རྒྱུན་གྱི་རིགས་པ་ཞིག་དགེ་ཆོས་ཀྱིས་ཡི་གེར་བཀོད་པ་ཡིན་ནམ་སྙམ། གང་ལྟར་མི་ཤེས་ཤེས་མདོག་ལས་མ་བཤད་པར་བཞག་པ་འོས་སུ་མཐོང་ངོ་།། དེ་ནས་ཐ་སྙད་ཚད་མའི་ཐད་རེད། དོན་དམ་དཔྱོད་རིགས་ཀྱི་ངོར་ཐ་སྙད་ཙམ་དུ་མ་ཟད། དོན་དམ་པ་ཡང་མེད་པས་དེ་ལ་དགེ་རྙིང་གཉིས་ཀ་མཐུན་མོད། རིགས་ཤེས་ཀྱི་དཔྱད་པ་དོར་ནས་ཐ་སྙད་པའི་ཚད་མས་ཐ་སྙད་པའི་ཆོས་སོགས་འཇོག་ནུསལ། འཇོག་མཚམས་དེ་ནས་བརྒལ་ཏེ་དཔྱད་པ་ཡང་མི་བྱ། གལ་ཏེ་དཔྱད་པ་ཡིན་ན་ཐ་སྙད་ལས་འདས་ཏེ་དོན་དཔྱད་དུ་སོང་བའི་དགེ་ལུགས་པའི་འདོད་ཚུལ་དེར། དོན་དཔྱོད་སྤྱད་ནས་ཡོངས་གྲགས་སྔ་འགྱུར་རྙིང་མའི་བཞེད་ཚུལ་བཀོད་འདུག་པ་དེ་ཙམ་རེད། དེ་ག་ཙམ་ལས་གསར་དཔྱད་ཁབ་ཙམ་ཡང་མེད་པ་ལ་འུར་སྒྲོགས་བྱེད་སའི་གཞི་མེད་པར་སྣང་། དེ་ནས་དགེ་ཆོས་ཀྱི་རྩོམ་འགོ་བརྩམས་པའི་རྩོམ་ལ་ལྟ། དེ་ཡང་བླ་བྲང་ལ་བསྐུར་བའི་ཀ་རྩོམ་དེ་རེད་ཟེར། ཀ་ཡེ་ཁོ་བོ་གཞན་དུ་སོང་ཤུལ་ནས།། ཁ་ནས་ཅི་བཤད་མེད་པའི་ཨ་ཁུ་འགས། ག་ལེར་གནས་ཆུང་འཕྲིན་ལས་རྒྱལ་བོ་ཡིས།། ང་རྒྱལ་ཆེ་ཕྱིར་སྡོད་དུ་མ་བཅུག་ཟེར།། སོགས་སོ།། འདིས་ནི་དགེ་ཆོས་ཚོར་རྗེས་ལ་རྒྱུགས་པའི་རླུང་ཁྲོད་ཀྱི་རྩ་སྐྱ་ཞིག་གི་གཤིས་མངོན་པ་ལས། བབ་བརླིང་དང་ལྡན་པའི་མཁས་པ་ཞིག་ཡོང་བཟོ་མེད་པར་བསྟན་འདུག གང་ཡིན་ཟེར་ན། ཁ་ནས་ཅི་བཤད་མེད་པ་དག་ལའང་དགག་རྩོམ་བྲིས་ཏེ་བསྐུར་བར་ལྟོས་དང་། གལ་ཏེ་ཕྲ་འཇུག་མཁན་དེས་རྒན་མོ་འགས་བཤད་གི་འདུག་ཟེར་བ་ཡིན་ན། ཁ་ནས་ཅི་བཤད་མེད་པའི་རྒན་མོ་འགས་ཟེར་ནས་དགག་པ་མི་བྱེད་པའི་ངེས་པ་ག་ལ་ཡོད། དེས་ན་དགེ་ཆོས་ཀྱི་རྩོམ་ཡིག་དག་ནི་འཇུ་འཆིང་མེད་པའི་སྨྱོན་པའི་ལབ་བརྡོལ་ལྟ་བུ་ཤ་སྟག་རེད་འདུག་པ་ཤེས་ཐུབ། འུ་ཅག་གིས་སོག་པོའི་གྲ་བ་ཞིག་འབུད་ཤིང་ཉོ་བར་ཁྲོམ་དུ་ཕྱིན་ཏེ། ལྕི་བ་ཙོང་མཁན་གྱི་རྒན་མོ་ཞིག་ལ། ཨ་མ་ལ་གས། སྐྱག་པ་འདིར་ག་ཚོད་རེད་བྱས་པས་། མོ་དེས་རྒན་ལགས། འདི་སྐྱག་པ་རེད་ནས། ཟེར་བ་ལ། འཁོར་གསུམ། ཨ་མ་ལགས། སྐྱག་པ་ཡིན་ན་མིའི་སྐྱག་པ་ཡིན་པས་ཁྱབ་པར་ཐལ་ཞེས་རྟགས་གསལ་བཏང་བ་འཕྱ་བའི་ཚད་དུ་བྱེད་ཀྱི་ཡོད། འོ་ན། དགེ་ཆོས་ཀྱིས་ཁ་ནས་ཅི་བཤད་འདི་བཤད་མེད་པ་དག་ལ་འཁོར་གསུམ་བསྐོར་བར་འཕྱ་མི་འོས་པའི་རྒྱུ་མཚན་ཅི་ཞིག་ཡོད། འུར་འདྲོགས་ལ་བསྐྱར་འདྲོགས་བླངས་ནས་གཡམ་རྒྱུགས་ཁོ་ནས་དགེ་ཆོས་ལ་བསྟོད་པར་མི་འགྲོ་བ་ནི་ནམ་ལངས་ཉི་ཤར་རང་དུ་འདུག་གོ། ཐ་མ་རྩོམ་འཇུག་ལ་ལྟོས་ཏེ་མཚམས་འཇོག རོ་དང་འདྲ་བའི་ལུས་པོ་འདི།། ག་དུས་ཤི་ཡང་མི་འགྱོད་དེ།། གསེར་དང་མཚུངས་པའི་རྣམ་དཔྱོད་འདི།། མཉམ་དུ་ཤི་ན་ཤིན་ཏུ་འཕངས།། ཟེར། མི་ངན་པས་རང་བསྟོད་དང་བྱ་ཁ་ཏྭས་སྒྲོ་བསྟོད་ཀྱི་དཔེ་རུ་སོང་། གསེར་དང་འདྲ་བའི་རྣམ་དཔྱོད་ཅིག་ཡོད་ཚེ་ཤི་བའི་ཚེ་བག་ཆགས་ཀྱི་ངོར་སོང་དེ་ནས་སླར་སྐྱེས་པའི་ཚེ་རྐྱེན་གྱིས་སད་རུང་ཡིན་པའི་གནས་ལུགས་ལ་ཡིད་ཆེས་མེད་པའི་ཚིག་འདི་འདྲ་བྲིས་ནས། ད་དུང་ཀླུ་སྒྲུབ་ཀྱི་དགོངས་པར་རྒྱན་འདོག་རྒྱུ་ཟེར། སློབ་དཔོན་ཀླུ་སྒྲུབ་ནི། ལུས་སེམས་གཉིས་ནི་ཤི་བའི་ཚེ་ན་མར་མེ་ཟུམ་པ་བཞིན་ཡེ་མེད་དུ་བཞེད་པ་ཞིག་ཡིན་དོན་མེད། དགོངས་དག མཁས་པར་དམོད་བྱས་པ་མི་འོས་མོད། ལོ་ངོ་མང་བོར་ཁ་ཡར་གྲག་ལ་དགེ་ཆོས་ཁ་མར་གྲགས་ལ་དགེ་ཆོས་ཞེས་ཞེན་བསྟོད་བགྱིས་ཏེ། ཧ་ལམ་དགེ་ཆོས་མ་བྱུང་ན་བོད་ཀྱི་རིག་གཞུང་མེད་པ་འདྲ་བོ་ཞིག་ཏུ་རློམ་པ་ལ། ཐལ་དྲགས་པའི་གསལ་འདེབས་བྱས་པ་ཙམ་ལས་ཁོང་ལ་དམོད་པ་དང་སྡང་བ་ནི་རྨི་ལམ་དུ་ཡང་རྨིས་མ་མྱོང་ངོ་།།
དྲ་གྲོགས་དོན་གྲུབ་ལགས་ནས་དགེ་ཆོས་ཀྱི་རྩོམ་རིགས་ལ་དཔྱད་པ་ཐན་ཐུན་ཞིག་གནང་ཞོར།་ཁ་ནས་ཅི་བཤད་མེད་པའི་ཨ་ཁུ་འགས།། ཟེར་བ་ལྟ་བུ་ཚིག་རྩར་བཟུང་སྟེ་སྨད་ཕབ་པ་ཅུང་ཟད་མི་འོས་པར་སེམས། དེ་ལྟར་ན་ཕལ་སྐད་སྲོང་པོར་བརྗོད་པའི་ཀ་རྩོམ་ཡང་རིགས་མཚུངས་ཏེ་ཕལ་སྐད་དེ་ཕལ་པའམ་ཐ་མལ་པའི་ཚིག་བེད་སྤྱོད་བྱས་འདུག་ཅེས་ལམ་སེང་དགག་དགོས་པར་སྣང་། མདོར་འདེད་ན་དགེ་འདུན་ཆོས་འཕེལ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་བསམ་བློ། དང་། ལོ་རྒྱུས་དང་། ཆོས་ལུགས། སྒྱུ་རྩལ། རྩོམ་རིགས་གང་སྤྱིར་སེང་གེ་སྲབ་མེད་ལྟ་བུ་ཞིག་ཡིན་པ་ལ་རྒྱུ་མཚན་དུ་མས་ཁུངས་སྐྱེལ་བྱེད་ཐུབ་ཀྱི་ཡོད།
དགེ་ཆོས་ཀྱིས་འབྲུག་རྒྱུད་མོན་ལ་ཕེབས་སྟེ་དེ་ཁུལ་གྱི་ལོ་རྒྱུད་དང་ ཐོན་ཁུངས་ ས་ཕྲ་སོགས་ཞིབ་ཕྲ་ཞིག་བྲིས་གནང་ནས་ལྷ་སར་ཕེབས ལྷ་སར་ཞུགས་བཞིན་ཡིག་ཆ་དེ་རྣམས་བོད་གཞུང་ལ་ཕུལ་མ་གནང་བ་དེ་ རྗེས་སུ་གང་དུ་བཀུརགནང་ཡོད་དམ་ བོད་གཞུང་གིས་ཁོང་དོ་དམ་བྱེད་དགོས་དོན་ངོ་མ་དེ་གང་ཡིན་ནམ།
འདིའི་སྐོར་ལ་ཀིརྟི་ཚང་རིན་པོ་ཆེས་དགེ་ཆོས་ཀྱི་མཛད་པའི་སྐོར་ལ་བྲིས་པའི་གླེགས་བམ་དག་གཟིགས་དགོས་པར་མཐོང་།
དོན་འགྲུབ་ལགས་ཀྱིས་ཧ་ཅང་ལེགས་པོ་གསུང་བཞག
པདྨ་འབུམ་སོགས་ཀྱིས་དགུན་གྱི་ཁུ་བྱུག་གི་བརྟུལ་ཞུགས་བཟུང་དོན་ག་རེ་ཡིན་ནམ།
ལབ་རྡོལ་དེ་ལ་དག་སྐྱེལ་འདྲ་བྱེད་རྒྱུ་མ་རྙེད་ཡིན་ནམ
ལ་དྭགས་པ་ལ་རེ་སྐུལ་ཞུ་རྒྱུར། བོད་ཡིག་འབྲི་རོགས། ལ་དྭགས་པའི་སྐད་འདྲ་བ། གཞན་སྐད་འདྲ་བ་དེ་བོད་རིགས་དྲ་བའི་སྒང་ལ་བེད་མ་སྤྱོད་རོགས།
དོན་འགྲུབ་ཀྱིས་སྐད་ཆ་བཤད་སྟངས་ལ་བརྟགས་ན་ཁོང་གྲུབ་མཐའི་ལ་ཞེན་ཅན་གྱི་རྟོག་གེ་མགོ་མཁྲེགས་ཞིག་ཡིན་པ་འདྲ་བོ་འདུག
ངས་བལྟས་ན། པད་མ་འབུམ་གྱིས་དྲང་པོ་བཤད་འདུག་སྙམ། ཅི་ཕྱིར་ཨེ། རྒྱུ་མཚན་ནི། ཁོང་གིས་ཕྱོགས་བཞེན་མེད་པར་རང་གིས་གང་བསམ་པ་འདི་བཤད་འདུག ཁོང་གིས་དོན་གྲུབ་རྒྱལ་ང་ཚོ་ལས་ལེགས་པར་ཤེས་པས། གལ་ཏེ་ཁོང་གིས་མཐོང་བ་དང་དངོས་སུ་མྱོང་བའི་དོན་གྲུབ་རྒྱལ་གྱི་གནས་སྟངས་འདི་འདྲ་ཡིན་ན། ཅིའི་ཕྱིར་དེ་ལས་ལྡོག་ཏེ་བཤད་དགོས་སམ། པད་མ་འབུམ་ཆོས་ལུགས་ཀྱི་ཞེན་ཁོག་མེད། རྒྱུ་མཚན་ནི་ཁོང་ཆོས་དད་པ་མ་རེད། དེར་བརྟེན། དགེ་ཆོས་ལ་ཆོས་ལུགས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་དགོས་དོན་མིན་འདུག དུས་རབས་ཀྱི་ཐོག་ནས། ཁོང་སྔ་རབས་པ་མིན་སྟབས། དེའི་རྒྱུ་མཚན་གྱིས་དགེ་ཆོས་ལ་རྒྱབ་སྐྱོར་བྱེད་དགོས་དོན་མིན་འདུག
གཉིས་ཀ་ཨ་མདོ་བ་ཡིན་དུས་ཕ་ཡུལ་གྱི་དབྱེ་འབྱེད་དགོས་དོན་མིན་འདུག འོ་ན་ཅིའི་ཕྱིར་འདི་ལྟར་བཤད་པ་རེད། དངོས་ཡོད་གནས་སྟངས་འདི་ལྟར་ཡིན་སྟབས་བཤད་པ་རེད་སྙམ།
ང་རང་གི་སྐྱོན་ལ། མཚམས་རེ་བདེན་པ་མཐོང་རུང་གཞན་ལ་ཤོད་ཕོད་ཀྱི་མིན་འདུག གཞན་གྱིས་ངའི་བདེན་པ་དེ་ཁས་ལེན་ལྟ་ཅི། དེ་ལ་རྒོལ་བརྡུང་གཏོང་མིན་ཡོང་ངམ། ང་ལ་མཚན་ཤད་བཟོ་མི་ཡོང་ངམ་སྙམས་ནས་ཤོད་ཕོད་ཀྱི་མིན་འདུག པད་མ་འབུམ་གྱིས་ཤོད་ཕོད་པ་འདི་དྲང་ལྡན་གྱི་རྟགས་ཅིག་རེད་ལ་ཁོང་ལ་སློབ་སྦྱོང་བྱས་ནས། ངའི་དགེ་ཆོས་ཀྱི་ལྟ་ཚུལ་ཡང་སྲོང་པོར་སྨྲ་བ་སྟེ།
དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་དེ་དགེ་ཆོས་མཁས་པའི་བྱ་བའི་ནང་གི་ཞབས་འདྲེན་ནམ་ནག་ཐིག་གཅིག་རེད་སྙམ། རྒྱུ་མཚན་ནི། དང་པོ་དགེ་ཆོས་ཀྱི་དགེ་ལུགས་ཀྱི་སློབ་མ་ཧོར་ཁང་དང་། རཀ་ར། དེ་བཞིན་ཨ་མདོ་བྱམས་པ་དང་། གཞན་པ་ཚོའི་མདུན་ལ་ཁོ་པ་རྗེ་རིན་པོ་ཆེར་དད་པ་ཡོད་ཁུལ། རྗེ་བླ་མ་ཟེར་དུས་ལག་གཉིས་ཐལ་མོ་སྦྱར་མཁན། དགེ་ལུགས་པའི་དགེ་ཕྲུག་ཚོ་མེད་དུས། ཆང་ཐུང་ཤོར་དང་། ཁ་བརྡར་ཤོར་ལ། སྙིང་མའི་དགེ་ཕྲུག་ཟླ་བཟང་ཡོང་དུས། རྗེ་རིན་པོ་ཆེར་ཁ་གཏོང་བ་དང་མ་རབས་ཀྱི་སྐད་ཆ་ཤ་སྟག་ཤོད་མཁན། དགེ་ཆོས་ཀྱི་མ་རབས་ཀྱི་གཤིས་ཀ་དེ་བསྟན་ཡོད། ཟླ་བ་བཟང་པོས་དེ་དག་བྲིས་ནས་པར་སྐྲུན་བྱས་པ་རེད།
ཡང་ཤི་ཁར། གཡོག་རྒྱུག་མཁན་ཚང་མ་དགེ་ལུགས་པ་ཚོ་རེད། འབྲས་སྤུངས་ཀླུ་འབུམ་ཁང་ཚན་གྱི་ཕ་ཡུལ་གཅིག་པའི་གྲྭ་པ་གདུང་བཞེན་ཅན་ཚོ་རེད། ཁོང་ཚོའི་མདུན་ལ་ཀླུ་དགོངས་བྲིས་པར་འགྱོད་པ་དང་ངོ་ཚ་ནས། ཁོང་ཚོའི་ངོ་བསུ་ཆེད་ཤི་དུས་རྟེན་འབྲེལ་བསྟོད་པ་ཐོན་ཟེར། ཅུང་མ་རབས་ཀྱི་བྱེད་སྟངས་ཤིག་བསྟན་སོང་སྙམ། འདི་ངའི་ལྟ་ཚུལ་ཡིན།
དགེ་ཆོས་ཀྱི་སློབ་མ་ཚོར་འདྲི་བ་ཞིག་ཡོད། ཐ་སྙད་ཚད་མར་འཛིན་པར་བློ་མི་བདེ་ན། དགེ་ཆོས་ཀྱིས་རྣམ་དཔྱོད་ཀྱིས་བདེན་རྫུན་དབྱེ་འབྱེད་གྱིས་གསུངས་འདུག རྣམ་དཔྱོད་དེ་ཚད་མ་རེད་དམ། རྣམ་དཔྱོད་ཚད་མར་མི་འཛིན་མཁན་གྱི་མི་ཞིག་གིས། དེ་བཀོལ་ནས་ལེགས་ཉེས་ཇི་ལྟར་དབྱེ་འབྱེད་བགྱིད་ལགས་སམ།
ང་ཚོ་བོད་པས་རང་སྲོག་རང་གིས་བཅད་མཁན་ལ་མཁས་པ་རྩ་བ་ནས་ཟེར་གྱི་མ་རེད་ལ་མཁས་དབང་ནི་ག་ནས་ཟེར་ ད་དུང་དགེ་ཆོས་ལགས་རིག་གནས་ཐོག་མཁས་པ་ཡིན་ཀྱང་རྒྱ་མིའི་གསང་མྱུལ་གནང་བར་རྟེན་བོད་གཞུང་གི་བཀའ་ཉེས་ཕོག་པ་དེ་མ་བཤད་པར་ སྐུ་དྲག་ཚོས་མ་ཉེས་ཁ་གཡོག་བྱས་པའི་སྐོར་བཤད་པ་ནི་དངོས་ཡོད་དང་མ་མཐུན་པར་ཨམ་ཞེན་གྱི་ཐོག་ནས་བཤད་པ་ཞིག་དང རྒྱ་དམག་བོད་དུ་ཡོང་དུས་ལམ་རྒྱུད་དང སྐད་འགྱུར་རོགས་རམ་ཡོད་ཚད་བྱེད་མཁན་དེ་མི་རིགས་ཀྱི་དཔའ་བོ་དང་མཁས་པ་རེད་ཟེར་བ་ནི་ཁམས་ཞེན་བྱས་པ་དང་ མི་ཐོག་གསར་པ་རྣམས་ལ་མགོ་སྐོར་གཏང་བ་རང་རེད་ དིང་སྐབས་ཁམས་ཞེན་དང་ཨམ་ཞེན་ཆེ་དྲག་ནས་ནག་པོར་དཀར་པོ་རེདཟེར་བ་ནི་དངོས་ཡོད་དང་མི་མཐུན་ཞིག་རེད་
ལ་དྭགས་་བློ་བཟང་ལགས་བཀའ་ལན་གནང་བ་ཐུགས་རྗེ་ཆེ་ དེའང་བྲིས་མཁན་ཨམ་མདོ་བ་ཞིག་ཡིན་པས་དིང་སྐབས་ཨམ་ཞེན་ཆེ་བས་ང་ཡིད་མ་ཆེད་ དགེ་ཆོས་ཀྱི་གནས་ཚུལ་དེ་དབུས་དང་རྒྱ་གར་བར་བྱུང་བས་སྐབས་དེ་དུས་ཀྱི་གནས་ཚུལ་ལ་རྒྱུད་ཡོད་པ་ཞིག་གི་བྲིས་པ་ཞིག་ཡོད་ན་བལྟ་འདོད་ཆེ།
་་་་་་་་ པད་མ་འབུམ་ཆོས་ལུགས་ཀྱི་ཞེན་ཁོག་མེད། རྒྱུ་མཚན་ནི་ཁོང་ཆོས་དད་པ་མ་རེད། དེར་བརྟེན། དགེ་ཆོས་ལ་ཆོས་ལུགས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་དགོས་དོན་མིན་འདུག ་་་་་་་་་་་
་་་་་་་ ཁོང་ཚོའི་མདུན་ལ་ཀླུ་དགོངས་བྲིས་པར་འགྱོད་པ་དང་ངོ་ཚ་ནས། ཁོང་ཚོའི་ངོ་བསུ་ཆེད་ཤི་དུས་རྟེན་འབྲེལ་བསྟོད་པ་ཐོན་ཟེར། ་་་་་་་་
་་་་་་ ང་ཚོ་བོད་པས་རང་སྲོག་རང་གིས་བཅད་མཁན་ལ་མཁས་པ་རྩ་བ་ནས་ཟེར་གྱི་མ་རེད་ལ་མཁས་དབང་ནི་ག་ནས་ཟེར་ ད་དུང་དགེ་ཆོས་ལགས་རིག་གནས་ཐོག་མཁས་པ་ཡིན་ཀྱང་རྒྱ་མིའི་གསང་མྱུལ་གནང་བར་རྟེན་བོད་གཞུང་གི་བཀའ་ཉེས་ཕོག་པ་དེ་མ་བཤད་པར་ སྐུ་དྲག་ཚོས་མ་ཉེས་ཁ་གཡོག་བྱས་པའི་སྐོར་བཤད་པ་ནི་དངོས་ཡོད་དང་མ་མཐུན་པར་ཨམ་ཞེན་གྱི་ཐོག་ནས་བཤད་པ་ཞིག་དང ་་་་་་་་་་་་་་་་་
དགེ་ཆོས་ནི། ཚུལ་འཆལ་དང་། དོན་རྒྱལ་ནི། ཤེས་འཆལ་ཡིན་པ་མ་ཟད། པད་འབུམ་ཡང་ཆོས་མེད་ཨ་མདོ་བ་ཅིག་ཡིན་པ་འདྲ། ཧཧཧ།། །།
ལ་དྭགས་བློ་བཟང་འཇམ་དཔལ་ ཁྱོད་རང་སོང་ནས་བོད་ཀྱི་རིག་གཞུང་གི་དག་ཡིག་ཟེར་རྒྱུ་ཞིག་ཡོད་ཚེ་དེ་ལ་སློབ་ནས་སྡོད་ཅིག ཁྱོད་དགའ་སའི་ཡི་གེ་དག་མོ་རྐྱང་འབྲི་དགོས་ན་བོད་ཀྱི་མཁས་པ་ཕྱེད་ཀའི་བྲིས་རྒྱུན་གཡུགས་དགོས་འདུག་པས་མའོ་ཙེ་ཏུང་ལྟ་བུའི་ལག་རོགས་འཇོན་པོ་ཞིག་མེད་ན་ཁྱོད་ཀྱི་དགོངས་པ་འགྲུབ་རེ་མི་འདུག སྨོན་ལམ་རྒྱོབས་ཤིག་ལོ།
དགེ་ཆོས་དང་རང་གྲོལ་གཤིབ་བསྡུར་གྱི་འཆད་ཁྲིད་འདི་ལ་བྲོས་བྱོལ་བོད་མི་དྲ་ཉུལ་བ་མང་དག་ཅིག་གིས་གོ་བ་ལོན་མ་ཐུབ་པ་ཁག་མི་འདུག བོད་ལ་གཤིབ་བསྡུར་རིག་གནས་དར་མེད། ལྷག་པར་དུ་རྩོམ་རིག་གཤིབ་བསྡུར་རིག་པ་དར་མེད། རྩོམ་རིག་གཤིབ་བསྡུར་གྱི་དེབ་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་དང་ཐོག་ཁང་དམར་པོ་རྨི་ལམ་གྱི་གཤིབ་བསྡུར་ལྟ་བུ་རེ་གཉིས་ལ་མེད། དེའི་རྐྱེན་གྱིས་འདིར་མང་དག་ཅིག་གིས་རྩོམ་རིགས་གང་ཡིན་པའི་ཁྱབ་ཁོངས་ལས་བརྒལ་ནས་ཐག་གཅོད་ཀྱི་སྐད་ངན་རྒྱག་གི་འདུག
ཚུལ་འདི་ལྟ་བུས་གང་མཚོན་གྱི་རེད་ཟེར་ན་བོད་མི་རྣམས་ཀུན་མཁྱེན་དང་ཀུན་ཤེས་ལ་དགའ་ཡང་ཅི་ཡང་མི་ཤེས་པ་མཚོན་པ་རེད། དཔེར་ན་འདིར་ཡོད་པའི་གྲྭ་བ་མང་དག་ཅིག་གི་རྣ་ལམ་དུ་་་སངས་རྒྱས་ཀྱི་དཔེར་མཚོན་ལ་ལྷམ་བཞག་ན་་ཧང་སངས་མདོག་དང་་་ཅི་ཡང་ཤེས་ཀྱི་མི་འདུག་ཟེར་བ་ངས་ཐག་གིས་གཅོད་ཐུབ། ཡིན་ཡང་། དེ་ལའང་བཤད་སྟངས་ཡོད་པ་རེད།
དེ་ནས་པདྨ་འབུམ་ལགས་ཀྱིས་བཤད་པའི་དོན་ངོ་མའི་གནས་ཚུལ་འདི་དག་ད་བར་དུ་བཤད་ཐུབ་མེད། དོན་རྒྱལ་དང་འབྲེལ་བ་བྱུང་མྱོང་བའི་མི་མང་དག་ཅིག་གིས་ཁོ་ལ་ཚད་ལས་བརྒལ་བའི་བསྟོད་པ་བྱས་པ་ལས་ཐ་ན་ཁོའི་ལོ་རྒྱུས་ཀྱང་ཡག་པོ་བཤད་མེད། རྩོམ་འདིར་དོན་གྲུབ་རྒྱལ་གྱི་སློབ་སྦྱོང་གི་གནས་བབ་དེ་ལྷན་སྐྱེས་ལས་སྦྱང་བའི་གོ་སྐབས་མང་པོ་རག་མེད་པ་བཤད་འདུག་པ་ནི་དོན་དངོས་རེད། ཞིབ་འཇུག་བྱེད་སྟངས་འདི་ཡང་བོད་ཀྱི་སྲོལ་རྒྱུན་ཟེར་ནས་སྨྲ་བར་ཐོགས་པ་མེད་ཅིང་། མཐའ་ལ་དེད་ན་དག་ཆ་ཙམ་ལས་གླེང་རྒྱུ་མེད་པ་དག་ལ་བསླབ་བྱ་རེད།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་མཆོག དགུང་ལོ་མཐོ་བོར་སྨིན་ཡང་། ཁ་བརྡར་ཕེབས་ནས། བོད་ཀྱི་བརྡ་དག་ལ་དག་བཤེར་དང་། ལེགས་སྦྱར་སྐད་རྙིང་སློབ་སྟོན་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུའོ།། །།
ད་རེས་ཀྱི་དཔྱད་གླེང་འདིའི་ཐད་ང་རང་ཉིད་ལའང་བསམ་ཚུལ་དང་དོགས་སློང་འགའ་སྐྱེས་བྱུང་བས་བརྗོད་འདོད་བྱུང་། དགེ་འདུན་ཆོས་འཕེལ་དང་རང་གྲོལ་གཤིབ་བསྡུར་ལ་དམིགས་བསལ་གྱི་དགོས་དོན་ཅི་ཞིག་ཡོད་མེད་དང་། དེས་སྤྱི་ཚོགས་ནང་བག་ཆགས་གང་འདྲ་འཇོག་མིན་གྱི་སྐོར་ལ་རྒན་ལགས་ཀྱིས་དང་ཐོག་ནས་བསམ་བློ་ཞིབ་མོ་བཏང་ཡོད་ཤག ཁོ་བོས་ནི་འདི་ལ་དགོས་པ་བླ་ལྷག་ཅིག་ཡོད་པར་མ་མཐོང་ལ། དེ་ལས་ལྡོག་སྟེ་མཁས་དབང་ཁོང་གཉིས་ལ་བཅིངས་པའི་བོད་སྤྱི་ཚོགས་ཀྱི་ཚད་མཐོ་བོའི་གདེང་འཇོག་དང་། ཡང་དག་པའི་ལྟ་ཚུལ། ཡི་རངས་བསམ་ཤེས་ཀྱི་ཀུན་སྤྱོད་དང་ཡང་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད་པས། སྤྱི་ཚོགས་ཤིག་གི་སེམས་ཁམས་ལ་ཚབས་ཆེ་བའི་རྨ་ཁ་ཞིག་བཏོད་པ་དང་གཅིག་མཚུངས་སུ་ལྟ་བཞིན་ཡོད། དགེ་ཆོས་དང་རང་གྲོལ་གཉིས་ནི་དུས་རབས་གཅིག་ལ་བྱོན་པའི་བོད་ཀྱི་གཞན་དྲིང་མི་འཇོག་པའི་མཁས་དབང་དམ་པ་གཉིས་ཡིན་ལ། ཁོང་གཉིས་ཀྱིས་ཀྱང་རང་རང་སོ་སོའི་ངོས་ཐད་ནས་བོད་ལ་བཞག་པའི་མཛད་རྗེས་དང་། ཐུན་མིན་གྱི་རྣམ་དཔྱོད། བསམ་བློའི་སྟོབས་ཤུགས། སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་སོགས་ནི་བརྗོད་པའི་ཡུལ་ལས་འདས། ད་རེས་ཀྱང་རྒྱུ་འབྲས་དྲང་སྙོམས་ཀྱི་བདེན་པ་གཙུག་ལ་བཀུར་བཞིན་གཟུར་གནས་བློ་མིག་གི་ལྟ་ཚུལ་གཞི་ལ་བཞག་སྟེ། ཁོང་གཉིས་ཀྱི་དགེ་སྐྱོན་གླེང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཡིན་མོད། དེ་ལས་ལྡོག་སྟེ་ཁོང་གཉིས་གཤིབ་བསྡུར་བྱེད་ཁུལ་དང་། དཔྱད་བརྗོད་གླེང་ཁུལ་གྱིས་གཅིག་ཤོས་བཟང་བོ་དང་གཅིག་ཤོས་ངན་པ། ཡང་ན། གཅིག་ཤོས་ཨང་དང་བོ་དང་གཅིག་ཤོས་ཨང་གཉིས་པ་ཡིན་དགོས་པའི་གནོན་ཤུགས་ཅན་གྱི་ལྟ་ཚུལ་ཞིག་ཇི་ལྟར་བརྗོད་འདོད་སྐྱེས་བྱུང་ངམ།
ད་ནི་དཔྱད་གླེང་གི་དཀྱུས་ལ་འཇུག་པར་བྱ། ཁོ་བོས་བསམ་ཚུལ་མང་བོ་ཞིག་གོང་དུ་བཀུར་འོས་མཆན་བུ་འདེབས་མཁན་དག་གིས་རོབ་ཙམ་བརྗོད་པ་དང་གཅིག་མཚུངས་ཡིན་པས་ཡང་ཟློས་བསྐྱར་ཟློས་ཀྱི་ངལ་བ་ཁུར་དུ་མི་ལེན། སྤྱིར་རྒན་པདྨ་འབུམ་ལགས་ལ་གུས་ཞབས་དང་ཡི་རངས་ཡོད་མོད། འོན་ཀྱང་། དོན་དག་རེ་ཟུང་གི་ཐད་ནས་ཁོང་གིས་ཀྱང་རྒྱུས་མེད་རྒྱུས་གཏམ་མང་དུ་འཆད་སྐད། ཐོག་མར། དགེ་ཆོས་ཀྱི་རི་མོའི་བརྩམས་ཆོས་ལ་མཚོན་ནས་བཤད་ན་ཡང་། ད་སྔ་ཚུན་ཆད་དུ་དགེ་ཆོས་རི་མོའི་སྒྱུ་རྩལ་གྱིས་བོད་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ནི་ཏིལ་འབྲུ་ཙམ་ཡང་སྟོན་རྒྱུ་མེད་ལ། ཚད་མཐོན་པོའི་གདེང་འཇོགས་དང་། དམིགས་བསལ་ལྟ་ཚུལ། མཛེས་དཔྱོད་ཀྱི་རིན་ཐང་སོགས་སྔོག་འདོན་བྱེད་དགོས་པའི་དགོས་པའང་དེ་ཙམ་དུ་ཟད། དགེ་ཆོས་རི་མོའི་སྒྱུ་རྩལ་ནི་ནུབ་ལུགས་རི་མོའི་འབྲི་ཐབས་སྤྱད་དེ་བྲིས་པ་ཤ་སྟག་ཡིན་པས། དེ་ཚོ་ལས་ལྷག་པའི་དམིགས་བསལ་འབུར་དུ་ཐོན་པའི་སྒྱུ་རྩལ་གྱི་རྣམ་པ་གཞན་ཅི་ཡང་མེད་ཚོད། རང་གྲོལ་གྱིས་རྒྱའི་རྩོམ་རིག་གི་འབྲི་ཐབས་སྤྱད་དེ་བོད་ལ་རྩོམ་རིག་གསར་བའི་བློ་སྒོ་ཕྱེས་པ་དང་། དགེ་ཆོས་ཀྱིས་ནུབ་ལུགས་རི་མོའི་འབྲི་ཐབས་སྤྱད་དེ་རི་མོའི་སྒྱུ་རྩལ་གྱི་མཛེས་པ་གསར་བཞེངས་བྱས་པ་གཉིས་ལ་ཕྱོགས་ལྷུང་མིག་གིས་བལྟ་ཕྱོགས་ཙམ་མ་གཏོགས་དོན་ལ་ཁྱད་པར་ཅི་ཡང་མེད་པས་གཉིས་ཀས་བཤུས་འབྲི་བྱས་པ་གཅིག་མཚུངས་ཡིན། དེས་ན་རང་གྲོལ་གྱིས་རྒྱའི་རྩོམ་རིག་ལ་ལད་ཟློས་བྱས་པས་དམའ་རུ་སོང་བ་དང་། དགེ་ཆོས་ཀྱིས་ནུབ་གླིང་རི་མོ་བཤུས་འབྲི་བྱས་པས་མཐོ་རུ་ཕྱིན་པ་འདི་མ་གཞི་འགག་རྩ་གང་ལ་ཐུག་པ་རེད་དམ།
ཡང་། རྒན་ཁོང་གིས། དགེ་ཆོས་ནི་མཚན་ཉིད་རིག་པའི་ངོ་བོ་དང་ལྡན་པའི་བརྗོད་གཞི་ཅན་གྱི་རྩོམ་རིག་འབྲི་རྒྱུར་དགའ། དེ་ནི་ནང་ཆོས་ཀྱི་མཚན་ཉིད་རིག་པ་མ་རེད་ཟེར། ནང་ཆོས་མཚན་ཉིད་རིག་པ་ནི་ཐར་བ་དང་ཐམས་ཅད་མཁྱེན་པ་ཙམ་ལ་མགོ་འཁོར་ནས་བསྡད་ཡོད་པ་ཞིག་ལ་བསམ་གྱི་ཡོད་པ་འདྲ། སོ་སོའི་སྲོལ་རྒྱུན་རིག་གནས་ལ་གོམས་འདྲིས་མེད་པའི་རང་རྟགས་ཅིག་ཕྱི་ལ་ངོམ་ཚར་བ་རེད། ནང་ཆོས་མཚན་ཉིད་རིག་པ་ནི་གཞི་དངོས་པོའི་ཆོས་ཡོངས་རྫོགས་ལ་ཁྱབ་ཡོད་པ་ཞིག་རེད། དེར་མ་ཟད་བྱ་དངོས་རེ་རེ་ནས་རིག་པའི་དཔྱད་གཞིར་བཟུང་སྟེ་དེ་དག་གི་རང་བཞིན་དང་ནུས་པ། གྲུབ་ཚུལ་དང་བྱེད་ལས་སོགས་ཞིབ་མོ་རྣམ་འཐག་བྱས་ཏེ་རྒྱུ་མ་ཕུ་འདེད་ཀྱིས་གཏན་ལ་འབེབ་དགོས་པ་ཞིག་རེད།
དགེ་ཆོས་ཀྱི་༼ཆུང་གྲོགས་རྗེས་དྲན་༽ལྟ་བུར་ཆ་མཚོན་ན་ཡང་། ནང་ཆོས་མཚན་ཉིད་རིག་པའི་འཆི་བ་མི་རྟག་པ་དང་། འདུ་འབྲལ་སྙིང་བོ་མེད་པ། རྒྱུ་འབྲས་མི་བསླུ་བ་ཡིན་པའི་ཆོས་ཉིད་ཀྱི་རིགས་པའི་རྨང་གཞིའི་སྟེང་ནས་ད་གཟོད་རྩོམ་རིག་གི་བརྗོད་བྱའི་སྣང་བརྙན་གསར་བསྐྲུན་བྱས་པ་རེད། སྐུ་ཉིད་ཀྱིས་རྩོམ་རིག་འདིས་ཀྱང་སྤྱིར་བཏང་གི་འགྲོ་བ་མིའི་རིགས་ཀྱི་མཚན་ཉིད་རིག་པའི་ངོ་བོ་དང་ལྡན་པའི་བརྗོད་གཞི་ཞིག་བདམས་པ་མ་གཏོགས་ནང་ཆོས་མཚན་ཉིད་རིག་པའི་ངོ་བོ་དང་ལྡན་པའི་བརྗོད་གཞི་ཞིག་བདམས་མི་འདུག་ཅེས་སྨྲ་ཕོད་དམ། དགེ་ཆོས་ཀྱི་རྩོམ་ཡིག་མང་བོ་ཞིག་ནང་ཆོས་མཚན་ཉིད་རིག་པས་བསྲེག་བཅད་བརྡར་གསུམ་གྱིས་ཐག་གཅོད་གཏན་འབེབས་གནང་བའི་ཡུལ་དངོས་པོའི་ཆོས་ཉིད་དང་། གནས་ལུགས་ཀྱི་བདེན་པ། ལྟ་བ་དང་རྟོག་པ་སོགས་གོ་སླ་བའི་ངག་ཚིག་གི་བརྗོད་བྱར་དྲངས་ཏེ་སྒྱུ་རྩལ་རྩོམ་རིག་གི་རྣམ་པར་གསར་བཞེངས་བྱས་པ་ཤ་སྟག་ཡིན། དགེ་ཆོས་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱེད་ཐབས་ཟེར་ནའང་དོན་གྱིས་འདི་ཁོ་ན་ལས་གཞན་མེད། དེས་ན་དགེ་ཆོས་ཀྱི་རྩོམ་རིག་ལ་སྤྱིར་བཏང་མཚན་ཉིད་རིག་པའི་ཤུགས་རྐྱེན་ཐེབས་པ་ཙམ་ལས་ནང་ཆོས་མཚན་ཉིད་རིག་པའི་ཤུགས་རྐྱེན་ཐེབས་མེད་པར་འདོད་པ་ནི་རྐུན་མ་ངོ་མི་ཤེས་པའི་གང་ཟག་གིས་མི་ག་གེ་མོ་ཞིག་རྐུན་མ་རེད་ཅེས་ཐག་བཅད་པ་དང་གཅིག་མཚུངས་རེད།
དགེ་ཆོས་ཀྱི་༼ཀླུ་སྒྲུབ་དགོངས་རྒྱན་༽ལ་མཚོན་ནའང་ཁོ་བོས་གོང་དུ་ཇི་སྐད་བཤད་པ་ལྟར་ཡིན། ཡིན་ཡང་། ནང་ཆོས་མཚན་ཉིད་རིག་པར་རྒྱུས་མངའ་ཅུང་ཟད་ཀྱང་མེད་མཁན་དག་གིས་། ༼ཀླུ་སྒྲུབ་དགོངས་རྒྱན་༽ནི་བརྗོད་བྱ་གསར་བ། ལྟ་ཚུལ་གསར་བ། རིགས་ལམ་གསར་བ་ཡིན་ཚུལ་གྱི་འུར་སྒྲོག་འབའ་ཞིག་གིས་ཉི་མ་འཕུད་ཀྱིན་འདུག་ལ། དེར་མ་ཟད་༼ ཀླུ་སྒྲུབ་དགོངས་རྒྱན་༽ནང་བཤད་པའི་ལྟ་བ་དང་རྟོག་པ་ནི་སྟོན་པ་སངས་རྒྱས་ཀྱི་ཐུགས་དགོངས་ལས་ཀྱང་ཟབ་སར་ཟུག་ཡོད་ཚུལ་དང་། དེ་དང་ཐུན་མོང་མ་ཡིན་པའི་ལྟ་ཚུལ་གཞན་ཞིག་ཡིན་ཚུལ་གྱི་ཅལ་འདྲོགས་ཁོ་ན་སློང་གིན་འདུག་མོད། ནང་ཆོས་དབུ་མའི་གཞུང་ལ་རྒྱུས་མངའ་ཏོག་ཙམ་ཡོད་མཁན་ཞིག་ཡིན་ན༼ ཀླུ་སྒྲུབ་དགོངས་རྒྱན༽ གྱི་བརྗོད་བྱ་ནི་བོད་ཀྱི་སྔོན་བྱོན་མཁས་གྲུབ་དག་གི་རིག་པའི་གཙུབ་བརྡར་ལས་བྱུང་བའི་བརྗོད་བྱ་རྙིང་ཁོག་ཅིག་ཡིན་པ་གསལ་བར་ཤེས་ནུས་ལ། ས་དགེ་བཀའ་རྙིང་ཕན་ཚུན་བར་དགག་སྒྲུབ་ཀྱི་རྣམ་བཞག་སྤྲོས་ཏེ་པོ་ཏི་ཡིས་རི་རབ་བརྩིགས་ཡོད་པའང་ཝ་ལེར་མཐོང་ངེས། དེ་མིན་ད་རུང་༼ ཀླུ་སྒྲུབ་དགོངས་རྒྱན༽ ཞེས་མིང་བྱང་འདོགས་ལུགས་འདིས་ཀྱང་༼ཀླུ་སྒྲུབ་དགོངས་རྒྱན༽ནི་ནང་ཆོས་མཚན་ཉིད་རིག་པའི་རྒྱ་ལས་འགོངས་པའི་ལྟ་ཚུལ་རང་སྐྱ་བ་ཞིག་མིན་པ་ནི་ནམ་ལངས་ཉི་མ་རང་ཤར་གྱི་ཚུལ་དུ་ཡོད་མོད་འུ་ཅག་གི་ཤེས་ཡོན་པར་འབོད་པ་དག་ལ་འདི་ཙམ་ཡང་འཕའ་སྤྲོད་དཀའ་བའི་གནས་རེད།
བོད་ཀྱི་ལམ་ལུགས་ལེགས་པར་འགྲུབ་པ་ལ་མཁས་པས་བྲིས་པའི་ཡི་གེའི་དག་ཆ་ལ་བསྟུན་དགོས། དེ་ཡང་སྔོན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་བོད་ལ་ལམ་ལུགས་ལེགས་པར་དར་དུས་ཡི་གེའི་དག་ཆ་ཡང་ལེགས་པ་བྱང་། ལམ་ལུགས་ཉམས་དམའ་བ་ན། ཡི་གེའི་དག་ཆ་ཡང་འཆལ་འཆོལ་དུ་འགྲོ ཞེས་ཁྲོམ་བཤད་དུ་གསུངས་པ། བོད་ཀྱི་སྐད་ལ་ནང་གཅན་ཆུད་པ་སོག་པོ་ལྷ་རམས་པ་བསྟན་དར་གྱིས་བྲིས།
་
དིང་སང་འཇིག་རྟེན་རིལ་པོ་འདིར་ཨིན་ཡུལ་པས་ཨིན་ཇིའི་ཡི་གེའི་དག་ཆ་ལ་ལེགས་པར་བརྩི་བས་ཡུལ་དེ་ཛམ་གླིང་ཡུལ་གཞན་ལས་བལྟོས་ཏེ་རྙོག་དྲ་ཉུང་། དེ་བཞིན་ཧོང་ཀོང་དང་ཐེ་ཝན་ཡུལ་དག་གིས་སྔར་གྱི་ཡི་གེ་རྣམས་མ་གཏོར་བས་སྲུང་བས་ཡུལ་དེ་དག་ན་ཡང་ཡུལ་གཞན་ལ་བལྟོས་ཏེ་རྙོག་དྲ་ཉུང་།
་
དེ་མིན་སྔར་གྱི་ཡི་གེའི་དག་ཆ་རྣམས་འབྲི་བ་ལ་དཀའ་བ་འདུག དེ་དག་སླ་བར་བཏང་སྟེ། འབྲི་བ་པོ་དག་ལ་རྙོག་དྲ་ཆེས་ཆེར་ཡོད་པ་མཐོང་བཞིན་པ་ལགས།
་
ངས་རིག་གཞུང་སྐད་སྦྱོང་ཞིང་འབྲི་བ་ལ་མཐོང་ཚུལ་མི་འདྲ་བ་ཡོད་པ་དག་ལ་བཅོས་མ་མ་ཡིན་པ་འདི་ཉིད། སླར་འབྲི་དགོས་པར་འདུག་སྟེ། དྷ་སའི་ཤེས་བྱ་དུས་དེབ་ཐོག་མར་ཡི་གེའི་གཏན་འབེབས་མཛད་པ་པོ། སྐུ་གཤེགས་བསོད་ནམས་སྟོབས་རྒྱལ་མཆོག་གིས། ལོ་ངོ་༦༠ ལྷག་སྔོན་དུ་ཁོང་ཝཱ་རཱ་ཎ་སཱིར་ལེགས་སྦྱར་སློབ་གྭར་ཡོད་སྐབས་བདག་གིས་བྲིས་པ་ཞིག་གཟིགས་ཏེ། འཛུམ་མཛད་ནས། རྒན་འཇམ་དཔལ་གྱིས་བྲིས་པ་འདི་ཚོ་རྒྱ་གཞུང་གི་དབྱིངས་འདྲ་པོ། ང་ཚོ་ལ་འགྲིག་གི་འདུག མ་ཤེས་པ་དག་གིས་འགྲིག་གི་མི་འདུག་ཟེར་རོ། ཞེས་མ་འོངས་ལུང་བསྟན་ལྟ་བུ་བྱུང་།
དེས་ན་ངས་བོད་སྐྱོང་བར་འདོད་ནས། བོད་ཀྱི་མཁས་པའི་གཞུང་དག་ཀློག དེ་དག་གི་རྗེས་སུ་འབྲངས་ཏེ། འབྲི་བ་ལ་བརྩོན་ཀྱང་། ཡི་གེ་མ་དག་པ་བྱུང་བ་དང་། བོད་ཀྱི་མཁས་པའི་གཞུང་ན་བྲིས་པ་ལ་གནོད་པ་ཡོད་ན། འདི་དང་འདི་ཞེས་བསྟན་དགོས་པ་ཡིན། གང་ཡང་མ་བསྟན་པར་འདི་དང་འདི་འདྲ་དགོས་ཟེར་བ་དེ་དག་ཁོ་བོའི་བློ་ལ་མི་འབབ་པར་མཁྱེན་པར་མཛོད།
་
ངས་འབད་རྩོལ་བྱས་ཀྱང་མ་གྲུབ་པ་ལ་བློ་ཕམ་མི་དགོས་ཏེ། ལེགས་སྦྱར་གྱི་ལེགས་བཤད་ཅིག་ན།
་
འབད་པ་བྱས་ཀྱང་མ་གྲུབ་ན།
དེ་ལ་སྐྱོན་ནི་ཅི་ཞིག་ཡོད།
་
ཀ་རྡོ་གཉེར་ཕྱག་པ་གསུངས་པ་བཞིན། ཁོ་བོ་བོད་ལྟར་ན་ལོ་ངོ་གྱ་གཉིས་དང་། སྤྱི་ལོ་ལྟར་ན། གྱ་གཅིག་ཏུ་སོན་ཀྱང་། ད་དུང་ལས་གཡོལ་དུ་མ་ཕྱིན་པར་སངས་རྒྱས་པའི་བསྟན་བཅོས་དང་། སློབ་དཔོན་གྱི་འཛིན་གྲྭ་དག་ཏུ་སློབ་ཁྲིད་ངོ་སྤྲོད་བྱེད་པ་དང་། སློབ་མ་དེ་རྣམས་ཀྱིས་ཀྱང་སློབ་ཁྲིད་ངོ་སྤྲོད་ལེགས་པའི་གཟེངས་བསྟོད་བྲིས་པ་ལས་ཁུངས་ནས་བདག་ལ་འབྱོར། དེར་མ་ཟད་མཁས་པ་དང་མཉམ་དུ་བཀའ་འགྱུར་གཞུང་དཔེ་འགའ་ཞིག བོད་སྐད་ནས་ཨིན་སྐད་དུ་བསྒྱུར། དེ་དག་འགྲིག་འདུག་གམ་མི་འདུག་ཅེས་གཟིགས་པ་པོ་དག་གིས་བསྟོད་བསྔགས་བྱས་པ་འདི་དག་ཀྱང་། བོད་རིག་གཞུང་གི་དག་ཆ་ལ་ཞབས་ཏོག་ཞུས་པའི་འབྲས་བུ་ཡིན་པར་བདག་སེམས་སོ།
མདོ་སྨད་པ་ཚོས་དགེ་འདུན་ཆོས་འཕེལ་དང་དོན་འགྲུབ་རྒྱལ་རྣམ་གཉིས་སྲོལ་རྒྱུན་དང་དིང་དུས་ཀྱི་རིགས་གནས་གང་ལ་གཞན་དྲི་མི་འཇོག་པའི་རྣམ་དཔྱོད་ཅན་གྱི་མཁས་པའི་དབང་པོ་རུ་ཆེ་ཆེ་དང་ཆུང་ཆུང་གང་སར་སྒྲོགས་ཀྱི་ཡོད་མོད། ཕྱོགས་རེ་བ་ཙམ་གྱིས་མཁས་ཉམས་འདྲ་ནི་མཐོང་རྒྱུ་ཡོད་པར་ལོས་བདེན། བོད་ལ་ནུབ་ཕྱོགས་པའི་རིག་གནས་གསར་དར་དང་རྒྱའི་རིག་གནས་བོད་ལ་གསར་དར་སྐབས་སུ་དེ་དག་བོད་ཡིག་ཐོག་ཏུ་སྒྱུར་བསྒྲིགས་གནང་མཁན་སྔ་གྲལ་ཡིན་པར་བདེན་སྤོང་ཡོད་ཀྱང་དེས་མཁས་པའི་དབང་པོ་ཞེས་པའི་མིང་དེའི་གོ་སར་ཟིན་རྒྱུ་དཀའ་ཚད་རེད། མིའི་ཤེས་བྱ་རིག་གནས་ལ་ཇི་ཙམ་མཁས་པར་དེ་ཙམ་གྱིས་རང་གི་ཤེས་རྒྱུད་ལ་ཡང་མཁས་ཉམས་ཞིག་སྟོན་དགོས་རྒྱུ་ནི་ཤེས་བྱ་རིག་གནས་སྦྱངས་པས་དགོས་ཆེད་རེད། འོན་ཀྱང་། ཁོང་གཉིས་ཀྱི་གཤིས་རྒྱུད་ཀྱི་ཀུན་སྤྱོད་ནི་མི་གཞན་དང་མཉམ་སྤྱོད་མི་ཐུབ་པ་ཞིག་ཡོད་པ་ནི་སྐབས་དེ་གའི་མི་ཡིས་དངོས་བརྒྱུད་ཅི་རིགས་དང་ཁོང་དག་གིས་རང་བརྩམས་དག་ལས་གསལ་གསལ་དག་དག་ཡོད་པ་ནི་འདི་ཞུ་མི་དགོས། ཐ་ན་རང་ཉིད་འཇིག་རྟེན་འདི་དང་གསོན་བྲལ་དགོས་རྒྱུ་ལ་ཡང་ཁོང་རང་ཉིད་དག་གིས་བྱས་འབྲས་མང་པོས་དབང་གིས་བྱུང་བ་ལས་ཉེས་ཁག་ཡོངས་རྫོགས་མི་གཞན་ལ་གཡོགས་མི་རུང་། མདོར་ན། ཁོང་རྣམ་གཉིས་ཀྱིས་གཞན་ལ་མཁས་ཉམས་ག་ཚོད་སྟོན་ཡང་དོན་དུ་རང་ཉིད་ཀྱི་རྣམ་ཤེས་དང་གཤིས་རྒྱུད་ལ་རང་ཉིད་ཀྱིས་ཚོད་འཛིན་ཐུབ་མཁན་གྱི་མི་བུ་དག་ནི་རེད་མི་འདུག། དཔེར་ན་ཆང་དང་ཆགས་སྤྱོད་སོགས་ཀྱིས་རང་སྲོག་རང་གིས་གཅོད་པའི་བྱ་བ་མང་དག་ཞིག་ཁོང་རང་དག་གིས་གནང་འདུག། མིའི་རིག་གནས་ཀྱི་མཁས་ཉམས་ནི་མི་གཞན་དང་མཉམ་དུ་གནས་ཐུབ་པ་དང་མི་གཞན་དང་མཉམ་དུ་འགྲོ་ཐུབ་པ་དགོས་རྒྱུ་ནི་མཁས་པའི་རྣམ་དཔྱོད་ཀྱི་མར་མཐའི་ཆ་རྐྱེན་རེད་བསམ་ཀྱི་འདུག་གོ།
ཇི་ལྟར་དངོས་པའི་གཤིས་ལ་ཉེ་གྱུར་པ།།
དེ་ལྟར་མཁས་པའི་ཚིག་ནི་ལྐུགས་འགྱུར་བས།།
རང་གཞན་ཉིད་ཀྱིས་ཕྲ་བའི་ཆོས་རྣམས་ཀུན།།
སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་སྐད།།
རང་གཞན་ཉིད་ཀྱིས་་་་ཡིན་ནམ་་་རང་གཞན་གཉིས་ཀྱིས་་་ཡིན།
ཡང་ན
རང་གཞན་ཉིད་ཀྱི་་་་ཡིན་ནམ་་་རང་གཞན་གཉིས་ཀྱི་་་ཡིན།
དིང་གི་བོད་རིགས་མཁས་པ་རྣམ་བཞི་སྟེ། །
དགེ་ཆོས་ཚུལ་འཆལ་ཡིན་པ་རང་གིས་གསུངས། །
དོན་རྒྱལ་ཤེས་འཆལ་ཡིན་པ་རྩོམ་ལས་ཤེས། །
པདྨ་འབུམ་ཡང་དད་མེད་ཆོས་མེད་དེ། །
ཆོས་མེད་ལྷག་བསམ་འཇམ་ནོར་གཉིས་པོ་བཞིན། །
སྐད་གྲགས་ཡོང་སྟངས་ཀུན་གྱིས་ཡང་ཡང་སོམས། །
མཁས་པའི་དབང་པོ་བོད་རིགས་དང་བོད་རིག་གཞུང་ལ་ལྷག་བསམ་ཅན་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་དག་ལ་རང་རེས་འཇུག་དགོས་ཀྱི། གང་གིས་བསྒྱུར་བར་མཛད་པའི་ཆོས་ཀྱི་ཚིགས་སུ་བཅད་པ་ན།
་
རང་ཉིད་ཁོ་ནའི་བྱ་བ་དང་།
བྱ་བ་མིན་ལ་བརྟག་བྱ་ཡི།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན།།
་
འདི་ནི་ཆོས་བྱེད་རྣལ་འབྱོར་པ་ལ་འོས་ཀྱི། སྲིད་ཀྱི་བྱ་བ་བྱེད་པ་དག་གིས་འདི་ལྟར་ག་ལ་ནུས། ལས་ཀྱི་དབང་གིས་དགེ་ཆོས་ལ་གཞུང་གི་ཁྲིམས་ཕོག་པ་གཙོ་བོ་བསྐུལ་མཁན་ལ་བོད་གཅིག་པུ་མ་ཡིན་པར་གཞན་འདྲེས་ཡོད་པར་སྙམ། དེ་ཡང་ཨིན་ཇིས་དབང་བའི་རྒྱ་གར་གཞུང་གི་ལས་བྱེད་པ་རྒན་འཁོགས་གཅིག་ལ་དགེ་ཆོས་ལ་ཁྲིམས་ཕོག་བྱེད་པར་གནས་ལུགས་འདྲི་བ་ན། དེ་རླུང་ལངས་པ་ལྟ་བུར་དེ་ལྟར་བྱེད་དགོས་པ་ནི་ང་རྒྱ་གར་གཞུང་གི་ལས་བྱེད་པ་ཡིན་པའི་ལས་འགན་ཡིན་ཞེས་པ་གློག་བརྙན་་ཞིག་ཏུ་མཐོང་བ་དྲན་ནོ།
གོང་དུ་ས་ལེ་སྦྲམ་སོགས་ཀྱིས་གསུངས་པ་དངོས་གནས་དོན་དང་ལྡན་པ་རེད། རྒན་པདྨ་འབུམ་སྲོལ་རྒྱུན་རིག་གནས་ལ་ཀླད་ཀོར་རེད། ཡིན་ནའང་མི་ཅོལ་ཆུང་འགས་མཁས་མིང་ཞིག་མི་འོས་ཀྱང་བཙན་གྱིས་སྦྱོར་ཅི་ཐུབ་བྱེད་ཀྱིན་འདུག
དེ་ནས་ལ་དྭགས་པ་ཞུ་འདོད་བྱུང་།
ཞིང་གཤེགས་བསོད་ནམས་སྟོབས་རྒྱལ་གྱིས་དེ་འདྲ་གསུངས་པ་དངོས་གནས་དྲང་གནས་རེད། ཁྱེད་ཀྱིས་གང་བྲིས་པ་དག་རྒྱ་གཞུང་ལྟ་བུ་འདུག་ཟེར་བ་དེ་བསྟོད་པ་མ་ཡིན་པར། སྨད་པ་བྱས་པ་རེད། དེ་ཁྱེད་རང་གིས་གོ་བ་ལོན་མེད་པ་འདྲ། ཧ་ཧ་ཧ། ང་ཚོས་ཀྱང་དེ་ག་རང་ཞུ་གི་ཡོད། ང་ཚོས་ཀྱང་ཁྱོད་ལ་བོད་ཀྱི་བོད་ཡིག་འབྲི་སྟངས་ནང་བཞིན་འབྲི་རོགས་ཟེར་དོན་ཡང་འདི་ལ་ཐུག་ཡོད་པ་རེད། ཁྱོད་ཀྱིས་ད་དུང་མགོ་ཚོས་ཀྱི་མེད་པ་འདྲ།
བོད་དུ་བསྒྱུར་རྒྱ་གཞུང་དེ་ཚོ་སྐད་ཡིག་གཞན་ལས་བསྒྱུར་བ་ཡིན་པས། བོད་སྐད་རང་གི་ཉམས་ཁྱོན་ནས་ཡོད་མ་རེད། དེ་བས་དེ་དག་གི་ཚིག་སྦྱོར་མི་རིགས་གཞན་པ་བོད་ཡིག་ལ་ཅུང་ཙམ་བྱང་བ་རྣམས་ཀྱིས་བྲིས་པ་འདྲ་ཞིག་ཡོད་པ། རྒྱ་གཞུང་གཟིགས་མཁན་དག་ལ་གསལ་ཀྱི་ལེར་ཡོད་པ་རེད།
དེ་བས་ཁྱོད་ཀྱིས་རྒྱ་གཞུང་དེ་ཚོ་ནང་བཞིན་བྲིས་པས། ང་ཚོ་བོད་པ་ཚོས་མགོ་ཚོས་ཀྱི་ཡོད་མ་རེད། འབྲུག་པས་བོད་ཡིག་བྲིས་པ་འདྲ་བ་དང་ལ་དྭགས་པས་བོད་ཡིག་བྲིས་པ་དེ་དག་ནི་བོད་པ་རྣལ་མ་དག་གི་མིག་ལམ་དུ་ཅུང་མ་བདེ་ཞིག་ཏུ་ཡོད་པའང་གནས་འདི་ལ་ཐུག་པ་རེད། འདིའི་སྐོར་དགེ་འདུན་ཆོས་འཕེལ་གྱིས་ཀྱང་གསལ་བོར་གསུངས་ཡོད། བོད་སྐད་རང་གི་གཤིས་ཀ་ཞིག་ཡོད་པ་རེད། ཁྱོད་ཅག་དེ་དག་ལ་རྒྱུས་ཡོད་མ་རེད། དེབ་འདྲ་བཀླགས་ཁུལ་བྱས་མིང་ཚིག་དེ་དག་ཅུང་ཙམ་བསགས་ཡོད་པ་རེད། ཡིན་ནའང་བོད་སྐད་ཀྱི་གཤིས་ཀ་ལ་རྒྱུས་མེད་པས། སྡེབ་མི་བཟང་བ་དང་ཀློག་མི་བདེ་བ། བོད་ཀྱི་སྐད་ཡིག་གི་གཤིས་ཀ་ལ་རྩ་ནས་མི་བདེ་བ་དེ་འོང་བ་རེད། དེ་བས་ཡང་བསྐྱར་རེ་བ་ཞུ་རྒྱུར། རྗེས་མ་བོད་པ་རྣམས་དང་ཁ་བརྡ་གློད་འདོད་ན་བོད་སྐད་ཀྱི་གཤིས་ཀ་ལ་སྦྱང་བརྩོན་མང་ཙམ་བྱེད་རོགས། ག་ལེ་ག་ལེར་ཡར་རྒྱུས་འགྲོ་གི་རེད།
ཤུགས་རྒྱབ་ཤོག དེ་ཙམ་ཡིན
ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་བ།།
དེ་ལྟར་མཁས་པའི་ཚིག་ནི་ལྐུགས་གྱུར་བས།།
རང་གཞིན་ཉིད་ཀྱི་ཕྲ་བའི་ཆོས་རྣམས་ཀུན།།
སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་སྐད།།
འདི་འདྲ་ཡིན་ནམ་བསམ། ། གང་ལྟར་སྙན་མོ་ཞིག་འདུག །
# 53 BONPO་ལགས།
སྙན་མོ་ཞིག་འདུག་གམ། སྙན་པོ་ཞིག་འདུག ལགས།
ཧ་ཅང་སྙན་མོ་འདུག
རྒན་པདྨ་འབུམ་ལགས་སྲོལ་རྒྱུན་རིག་གཞུང་ལ་ཀླད་གོར་རེད་ཟེར་གོ་གི་་་་ ཧ་ཧ་་་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ཀླད་གོར་མིན་པ་འདི་ཚོར་༼གཤིབ་བསྡུར་རིག་པ་༽འདི་ཀླད་གོར་ཡིན་པ་འདྲ།