ཁ་སང་དེ་རིང་ཁ་བརྡ་གྲྭ་ཁང་འདིའི་ནང་ཡང་སྐྱར་སེར་དམག་བླུགས་འདུག་པ་མ་ཟད་མི་ནག་ཆང་སྐྱ་ཚོ་དང་མཉམ་དུ་ཚིག་ངན་བརྗོད་རེས་བྱེད་ཀྱི་འདུག དེ་ཡང་སྐྱོནཆེར་མི་འདུག ཟུར་ནས་ལྟ་མཁན་རྣམས་ལ་མཚོན་ན་ལྟད་མོ་གང་འཚམས་ཤིག་ལྟ་ཐུབ་ངེས་རེད། ཡིན་ན་ཡང། ད་ལྟ་ཅུང་ཟད་ཐལ་དྲགས་ཀྱི་ཡོད་པ་འདྲ། དེ་བས་ངས་ཁྱེད་ཚོར་སྒྲུང་སྙན་མི་ཞིག་དང་དེ་ལས་འཕྲོས་པའི་བསམ་གཞིགས་ཐུང་ཙམ་ཞུ་གི་ཡིན་ན་ཨམ་ཅོགཅོར་ཅོར་གཉིས་ཀྲོང་ཀྲོང་བྱས་ཏེ་ཉན་རོགས།
བོད་ཀྱི་ས་ཆ་ག་ཤེད་ཅིག་དུ་མི་ཞིག་ཡོད་འདུག ཁོས་ནང་པ་སངས་རྒྱས་ཀྱི་སྐྱབས་འགྲོ་ཚིག་གསུམ་དེའི་སྐོར་བསམ་བློ་མང་པོ་ཞིག་བཏང་ནས་སྐད་ཆ་ཚིག་ཁ་ཤས་ཀྱི་སྡོམ་ཞིག་བརྒྱབས་འདུག ཁོས་བརྗོད་པར། ་་སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་གཉིས་ཡག་པོ་འདུག་་ ཅེས་མིག་གིས་ཉན་མཁན་རྣམས་ལ་སྐོར་ལྟ་ཞིག་བྱས་ནས། ་་ག་ཚོད་ཕུལ་བ་ཡིན་ན་རང་འཇགས་སྡོད་ཀྱི་འདུག་་ ཅེས་བཤད། དེ་ནས་ཅུང་ཟད་བསྡད་དེ་ཡི་མ་རང་བའི་རྣམ་པས་ཡང་སྐྱར་བརྗོད་པར ་་ དགེ་འདུན་དཀོན་མཆོག་ཡག་པོ་མི་འདུག་་ ཅེས་ལག་པའི་རྣམ་འགྱུར་དང་བཅས་མུ་མཐུད། ་་ག་ཚོད་ཕུལ་བ་ཡིན་ན་མེད་ཐག་ཐག་མེད་ཐག་་ཐག་་ ཅེས་བརྗོད་འདུག མི་རིང་བར་སྒྲུང་འདི་བོད་སྤྱི་ཚོགས་ཀྱི་གྲུ་ཁུག་གང་སར་ཁྱབ་ཕྱིན། ཉུང་ཤས་ཤིག་ནས་ཁོའི་བཤད་པ་དེ་འདྲ་བོ་འདུག་ག་ཟེར། འགའ་ཤས་ཤིག་གིས་དེ་འདྲ་བཤད་ན་སྡིག་པ་ཡོད་པ་རེད་ཟེར། མང་ཆེ་བ་ཞིག་གིས་གཟབ་གཟབ་བྱས་ནས་དེའི་སྐོར་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་བཟུང་། སྒྲུང་བཤད་ཚར།
ངས་ཀྱང་སྒྲུང་འདི་གོ་ནས་བཟུང་རང་གི་བསམ་ཚུལ་ཞིག་བཤད་དགོས་བསམ་ནས་ཆོས་དཔེ་སྣ་རིང་དེ་ཚོ་ཡང་ཡང་ཀློག་ཁ་བྱས་པ་ཡིན། ཆོས་ཟེར་བ་དེ་སྐྱབས་དངོས་ཡིན་ཟེར་གྱི་འདུག དེ་ལ་ཚན་རིག་དང་མཐུན་པའི་རྒྱུ་མཚན་ཡང་མང་པོ་ཞིག་བཀོད་འདུག དེ་མ་རེད་ཟེར་བའི་རྒྱུ་མཚན་ཞིག་བཙལ་བ་ཡིན་ཡང་གང་ཡང་རྙེད་མ་སོང་། ད་སངས་རྒྱས་སྐྱབས་སྟོན་པ་པོ་རེད་ཟེར། དེ་ཡིན་པར་གླན་ཀ་བྱེད་དགོས་དོན་མི་འདུག དེ་ནས་དགེ་འདུན་དཀོན་མཆོག་སྐྱབས་སྒྲུབ་པའི་ཟླ་གྲོགས་རེད་ཟེར། ནད་པ་ཞིག་ལ་མཚོན་ན་ནད་རོགས་སམ་སྨན་རོགས་ལྟ་བུ་ཞིག་ཡིན་པ་བརྗོད་འདུག དེ་ནས་ང་རྦད་དེ་འཐོམས་པར་གྱུར་ནས་གྲུང་རིག་རིག་གི་མིག་ཕྲ་ཆུང་གཉིས་ཀྱང་ཀླད་ལ་འཁོར། ངས་ད་ལྟའི་སྤྱི་ཚོགས་ནང་བསམ་བློ་ཡང་ཡང་བཏང་བ་ཡིན་ཡང་། དགེ་འདུན་པ་ཚོས་མི་མང་ནང་སྐྱབས་སྒྲུབ་པའི་ཟླ་གྲོགས་ག་འདྲ་ཞིག་བྱེད་ཀྱི་ཡོད་མེད་རྩ་ནས་ཤེས་ཀྱི་མི་འདུག དེ་བས་མི་མང་རྣམས་དགེ་འདུན་པའི་སྐྱབས་སྒྲུབ་པའི་ཟླ་གྲོགས་རེད་ལབ་ན་རྒྱུ་མཚན་ལས་སླ་པོར་རྙེད་ཐུབ་ཀྱི་འདུག དགེ་འདུན་པ་ཚོས་དཔེ་ཆ་ཀློག རྒྱགས་པ་ཆགས་བཅུག་ནས་བསྡད་པ་ཡིན་ན། མི་མང་གིས་ཁོ་ཚོར་ཁ་ལག་སྤྲད། དངུལ་སྤྲད། ཞབས་ཞུ་བྱས་དེ་འདྲ་བྱེད་པར་བལྟས་ན་དངོས་གནས་སྐྱབས་སྒྲུབ་པའི་ཟླ་གྲོགས་འདྲ་སེ་འདུག དེ་བས་གོང་གི་སྒྲུང་དེ་ཡང་མ་བདེན་པ་མི་འདུག་སྙམ་པ་འདུག
དེ་ལྟར་བསམ་བློ་བཏང་ཡོང་ན་སྐྱབས་འགྲོ་ཚིག་གསུམ་འདིའི་ནང་ནས་ ་་དགེ་འདུན་ལ་སྐྱབས་སུ་མཆི་་ ཟེར་བ་དེ་ལེན་དགོས་པ་འདྲ་པོ་འདུག ད་དེས་ན། དེའི་ཚབ་ལ་ག་རེ་བཅུག་དགོས་རེད། བསམ་བློ་ག་ཚོད་བཏང་ན་ཡང་དེའི་ཚབ་ལ་འོས་པ་གཅིག་རང་གཅིག་ཡོད་པ་ནི་ ་་རང་ཉིད་ལ་སྐྱབས་སུ་མཆི་་ ཟེར་བ་འདི་ལས་ལྷག་ཅིག་མི་འདུག
རང་ཉིད་ཀྱི་རྒྱུད་ན་སངས་རྒྱས་ཀྱི་ས་བོན་ཡོདཔ། ཆོས་གསུང་མཁན་སངས་རྒྱས་ཡིན་ན་ཡང་དེ་དངོས་སུ་ཉམས་ལེན་བྱེད་མཁན་རང་ཉིད་ཡིན་པ། རང་ཉིད་ཀྱི་ཤེས་བརྩོན་ལ་མ་ལྟོས་པར་སངས་རྒྱས་ཐབས་མེད་པ། ཉམས་ལེན་གྱི་ནང་དུ་ཡང་རང་ཉིད་ལྷར་བསྐྱེད་དགོས་པ་དེ་འདྲ་འདུག འབྲེལ་བའི་བྱུང་རིམ་ལ་བལྟས་ཡོང་ན་ཡང་། ཆོས་གསུང་པ་པོ་སངས་རྒྱས། དེས་གསུངས་པའི་ཆོས། དེ་ཉམས་སུ་ལེན་མཁན་རང་ཉིད། འདི་ཏག་ཏག་འབྲེལ་གྱི་མི་འདུག་གམ། ད་དེ་ནས་ཁྱེད་ཚོས་ཨུ་ཚུགས་རྒྱག་ན་བླ་མ་ལ་སྐྱབས་སུ་མཆིའོ་ཟེར་བ་འདི་བཅུག་པ་ཡིན་ན་ཡང་མ་འགྲིགས་པ་མི་འདུག
ད་འདིར་འཕྲོས་བཤད་བྱེད་འདོད་པ་གཞན་ཞིག་ནི། ད་བར་རྒྱན་དྲུག་མཆོག་གཉིས་ཟེར་བ། གྲུབ་ཆེན་བརྒྱད་ཅུ་ཟེར་བ། པན་ཊི་ཏ། མཁས་པ་ཟེར་བ་མང་པོ་ཞིག་བྱུང་ནས་སངས་རྒྱས་ཀྱི་བཀའ་ལ་འགྲེལ་བརྒྱབ། ཡང་འགྲེལ་བརྒྱབ། ཁོ་རང་ཚོ་ཁོ་རང་ཚོ་ཡང་འགྲེལ་རྒྱག་སྟངས་ལ་ལྟ་བ་མ་འདྲ་བ། གྲུབ་མཐའ་མ་འདྲ་བ་མང་པོ་ཞིག་བྱུང་ནས་སངས་རྒྱས་ཀྱི་གསུང་གསེར་ལྟ་བུ་དེ་ཚོ་ལྷད་ཅན་དུ་བཏང་འདུག་པ་འདིའི་སྙིང་ནད་ནམ་བསམ་ཡང་སངས་ཐབས་བྲལ།
བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། རང་ཉིད་ལ་སྐྱབས་སུ་མཆིའོ།
ད་ནས་བཟུང་སྐྱབས་འགྲོ་འདི་ཡིན་ད། ཁྱེད་ཚོ་དགའ་ན་མ་དགའ་ན་ང་ལ་སངས་རྒྱས་ཀྱི་བཀའི་གནང་བ་ཐོབ་ཡོད།
ཉིད་ཀྱིས་གསལ་ཁ་མེད་པའི་བླ་མ་ཞེས་པའི་སྤྱི་ལྡོག་གི་ཚིག་འདི་ཁས་ལེན་ཐུབ་ས་ནས་དགེ་འདུན་ཞེས་པའི་ཚིག་སྤྱི་ལྡོག་དེ་ཁས་ལེན་མི་ཐུབ་པའི་རྒྱུ་མཚན་ཞིག་མཐོང་གི་མི་འདུག བླ་མ་ཞེས་པའི་ཚིག་འདིའི་འོག་ཏུ་སྐྱེ་བོ་ཡག་ཉེས་གཉིས་ཀ་ཡོད་ལ་དགེ་འདུན་ཞེས་པའི་ཚིག་འདིའི་འོག་ཏུ་ཡང་སྐྱེ་བོ་ཡག་ཉེས་གཉིས་ཀ་ཡོད། དེ་བཞིན་ཆོས་ཞེས་པའི་ཚིག་འདིའི་ནང་དུ་ཡང་རང་དོན་ཡིད་བྱེད་ཐེག་དམན་གྱི་ཆོས་དང་སེམས་ཅན་དོན་སྒྲུབ་ཐེག་ཆེན་གྱི་ཆོས་གཉིས་ཀ་ཡོད།
སྤྱིར་ཆོས་གཞུང་དུ་དགེ་འདུན་དང་དགེ་འདུན་དཀོན་མཆོག་གཉིས་ལ་ཁྱད་པར་ཆེན་པོ་ཡོད་ལ། དགེ་འདུན་དཀོན་མཆོག་ལ་ཡང་དོན་དམ་པའི་དགེ་འདུན་དཀོན་མཆོག་དང་ཀུན་རྫོབ་པའི་དགེ་འདུན་དཀོན་གཉིས་སུ་ཕྱེས་ཡོད།
ཨོ་དེ་ཟེར་ན། ང་ལ་སྒྲུང་ཞིག་ཡོད། སྔ་ལོ་བོད་མོ་ཞིག་དང་དགའ་གྲོགས་སྒྲིག་པ་ཡིན། དགའ་ཡང་དགའ་ལ། བརྩེ་བའང་ཡོད། ཉིན་ཞིག་ཟ་མ་བཟོས་ནས་འགྲོན་འབོད་བཏང་སོང། ཧ་ཅང་གྲ་རྒྱས་བོ་འདུག། ཡིད་བསམ་གཏིང་ནས་མོ་ལ་དུངས་སྣང་འཕེལ་སོང་། ཨོ་བུད་མེད་འདི་ནི་རང་ཉིད་ཀྱིས་བརྩི་འཇོག་དང་འཆམ་མཐུན་ཞིག་བྱེད་དགོས་སམ། ཟ་མ་ཟ་བར་འགོ་འཛུགས་སྐབས། མོས་མཆོད་པ་འབུལ་དགོས་ཟེར། དེ་ཟེར་ན་། ཇ་མཆོག་ཟེར་བ་ཞིག་ངག་ཏུ་ཡོད། རང་ཉིད་ཀྱིས་སྒམ་བརླིང་གིས་བསྐྱོར་བ་ཡིན།
སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ།
སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ།
འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ།
བརྩེ་བ་བླ་མེད་སྙིང་སྡུག་རིན་པོ་ཆེ།
སྐྱབས་གནས་དཀོན་མཆོག་བཞི་ལ་མཆོད་པ་འབུལ།
འདི་ལྟར་ལྷག་བསམ་རྣམ་དག་གིས་བཏོན་པ་ཡིན། མོ་ཁོང་ཁྲོ་ལངས་སོང། འདི་རྩེད་མོ་རེད་ཟེར། ངས་རྩེད་མོ་མིན། དྲང་མོ་བཤད་ན། སངས་རྒྱས་དང་ཆོས། དགེ་འདུན་གསུམ་གྱིས་ང་ལ་ཟ་མ་སྤྲད་མ་མྱོང་། མི་ཚེ་གཅིག་གི་བཟའ་ཟླ་གལ་ཆེན་ཡིན་རབ། ང་ལ་ཁྱེད་ནི་དེ་ཚོ་དང་དབྱེ་མེད་ཡིན་ཞེས་གནས་ལུགས་མང་བོ་བརྗོད་ཀྱང་ཉན་འཇོག་མི་བྱེད་མཐར་མར་གྱེས་དགོས་བྱུང་སོང་། ང་མ་འགྲིགས་པ་རེད་དམ། མོ་མ་འགྲིགས་པ་རེད་དམ།
གོང་དུ་དགེ་འདུན་དཀོན་མཆོག་ཡག་པོ་མི་འདུག་ཟེར་མཁན་དེས་ཐོག་མར་སངས་རྒྱས་པའི་གཞུང་ནས་བསྟན་པའི་དགེ་འདུན་དཀོན་མཆོག་ཟེར་བ་དེ་ཅི་འདྲ་ཞིག་ཡིན་པ་ཤེས་རྒྱུ་གལ་ཆེ་སྙམ། ངས་བལྟས་ན། ཁོས་དགེ་འདུན་དཀོན་མཆོག་ཟེར་བ་དེ་ཅི་འདྲ་ཞིག་ཡིན་ཕྱོགས་ཙམ་ཡང་ཤེས་མི་འདུག སངས་རྒྱས་པའི་གཞུང་ལུགས་བསྟན་བཅོས་རྒྱུད་བླ་མ་སོགས་ཀྱིས་དངོས་བསྟན་དགེ་འདུན་དཀོན་མཆོག་ཟེར་བ་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་བྱང་འཕགས་ས་བརྒྱད་པ་བ་ཞིག་ཡིན་དགོས། འོན་ཀྱང་ཁོས་གྭ་ཆས་གྱོན་མཁན་ཐམས་ཅད་འཕགས་པའི་དགེ་འདུན་པ་རེད་བསམ་གྱི་ཡོད་པ་འདྲ། དེ་དག་བཤད་མ་ཐག་པའི་འཕགས་པའི་དགེ་འདུན་ཡིན་མིན་ཤིན་ཏུ་ཐེ་ཚོམ་རེད། དཔེར་ན་དམག་མིའི་སྒྲིག་ཆས་གྱོན་པ་ཙམ་གྱིས་ཁོ་དམག་མི་ཡིན་པར་ཐག་གཅོད་མི་ཐུབ། དེ་བཞིན་གྲྭ་ཆས་གྱོན་པ་ཙམ་གྱིས་གྲྭ་བ་ཡིན་མིན་ཡང་ཐག་གཅོད་བྱེད་མི་ཐུབ་ན། དེ་དག་དགེ་འདུན་དཀོན་དཀོན་མཆོག་ཡིན་མིན་དེ་བས་ཀྱང་ཐག་གཅོད་མི་ཐུབ། གྲྭ་ཆས་ཟེར་བ་དེ་སྒྲིག་ཆས་ཤིག་ཡིན་པ་ཤེས་དགོས། དེ་ནི་སློབ་གྲྭ་དང་དམག་མིའི་སྒྲིག་ཆས་ལྟ་བུ་རེད།
དེས་ན་སོར་སྐྱེས་དགེ་འདུན་དང་འཕགས་པའི་དགེ་འདུན། གྲྭ་བ་དང་གྲྭ་ཆས་གྱོན་པའི་གང་ཟག་གི་ཁྱད་པར་སོགས་འབྱེད་དགོས།
ད་དུང་སྐྱབས་འགྲོ་བཞི་སྐོར་འདོན་སྐབས་ཀྱི་བླ་མ་ཟེར་བ་དེ་ལ་ཡང་། ཚད་གཞི་ངེས་ཅན་ཞིག་ཡོད་པ་ལས། བླ་མའི་མིང་ཡོད་ཚད་དེའི་གྲལ་དུ་འཇོག་གི་མེད། དཔེར་ན་བླ་མ་སངས་རྒྱས་སུ་སྒྲུབ་པའི་གཏན་ཚིག་ཁག་ལ་བསམ་བློ་ཐོངས་དང་ཤེས་པར་འགྱུར་རོ།།
བོད་མི་རིགས་ལ་ནོར་བུ་གཅིག་ཡོད་པ་དེ་ནང་བསྟན་ཆོས་ལུགས་རེད། བསམ་བློ་གཏོང་དང་། ཁ་ཤེས་ཀྱི་དགོས་མེད་ཀྱི་ཉོག་གཏམ་འདི་འདྲ་བཤད་ཀྱི་འདུག སྤྱིར་ཁྱེད་ཀྱི་དགེ་འདུན་དཀོན་མཆོག་ངོས་ཟིན་མེད་པར་དེ་ལ་སྐྱོན་བརྗོད་ཀྱི་ལྟར་བྱེད། འདི་ལ་ཨ་རིགས་དགེ་བཤེས་ཆེན་པོ་མཆོག་གིས་རང་ཉིད་ཀྱི་དགོན་པར་མཚན་ཉིད་རིག་པ་བཙུགས་སྐབས་མི་ཞིག་གིས་ཁོང་ལ་ཁྱེད་ཀྱི་མཚན་ཉིད་རིག་པ་བཙུགས་ནས་ཡག་པོ་རེད་ཞེས་ལབ་པ་ལ་ཁོང་གིས། ངས་སངས་རྒྱས་དཀོན་མཆོག་ལབ་ན་སྐུ་འདྲ་ཞིག་མི་སྟོན་ཆེད། ཆོས་དཀོན་མཆོག་ལབ་ན་པོ་ཏུ་ཞིན་མི་སྟོན་པ། དགེ་འདུན་དཀོན་མཆོག་ལབ་ན་བླ་རྒན་ཞིག་མི་སྟོན་ཆེད་མཚན་ཉིད་བཙུགས་པ་ཡིན་གསུང་པ་རེད། དེས་ན་ཁྱེས་ཚོས་དགེ་འདུན་དཀོན་མཆོག་གྲྭ་བ་ལ་མཛུབ་མོ་བཙུགས་པ་ནོར་རེད། དགེ་འདུན་དཀོན་མཆོག་ནི་རིག་དྲོལ་གྱི་ཡོན་ཏན་བརྒྱད་དང་ལྟན་པ་ཞིག་ལ་ཟེར་གྱི་ཡོད།
དགེ་འདུན་ལབ་ན་ཉོན་མོངས་པ་སྤོང་བ་ལ་ཞུགས་པའི་སློབ་པ་ལམ་གྱི་གང་ཟག་དགེ་སློང་གསུམ་མམ་བཞི་སྡེ་ཡན་ཆད་དང༌། དགེ་འདུན་དཀོན་མཆོག་ལབ་ན་ཐེག་པ་གསུམ་གྱི་འཕགས་པའི་གང་ཟག་རེ་རེ་བ་དང༌། སོ་སྐྱེའི་བཙུན་པ་ཁྲིམས་ལྡན་བཞི་སྡེ་ཡན་ཆད་དུ་ངོས་འཛིན་བྱེད་པ་ནང་པའི་བཞེད་ལུགས་རེད། དེ་དོན་དག་གཅིག་རེད། ཡང་དགེ་འདུན་གྱི་ཡོན་ཏན་ལ་བཅུ་བདུན་བཅུ་བདུན་བགྲངས་སྐབས། ཆོས་སྨྲ་བ། ཆོས་སྤྱོད་པ། ཆོས་སེམས་པ། ཆོས་ཀྱི་ཞིང༌། ཆོས་འཛིན་པ། ཆོས་ལ་རྟོན་པ། ཆོས་ལ་མཆོད་པ། ཆོས་ཀྱི་བྱ་བ་བྱེད་པ། ཆོས་ཀྱི་སྤྱོད་ཡུལ་བ། ཆོས་སྤྱོད་པ་ཕུན་སུམ་ཚོགས་པ། རང་བཞིན་གྱིས་དྲང་བ། རང་བཞིན་གྱིས་དག་པ། སྙིང་རྗེ་བའི་ཆོས་ཅན། སྙིང་རྗེ་དང་ལྡན་པ། རྟག་ཏུ་དབེན་པའི་སྤྱོད་ཡུལ་བ། རྟག་ཏུ་ཆོས་ལ་གཞོལ་བ། རྟག་ཏུ་དཀར་པོ་སྤྱོད་པ་ཞེས་གསུངས་ཡོད་པ་རེད། འདི་འདྲ་ཞིག་ཡིན་དགོས་པའི་དགེ་འདུན་དེ་ང་ཚོའི་མཐོང་ཡུལ་གྱི་དགེ་འདུན་པ་ཡིན་ཟེར་མཁན་འདི་ཚོར་ཚད་འདེབས་བྱ་ཡུལ་བསྡད་མེད། དེའི་དབང་གིས་ད་ལྟ་མི་མང་པོ་ཞིག་གིས་དགེ་འདུན་གྱི་སྡེ་ཟེར་ན། ཧ་ལམ་དད་ལོག་སྐྱེ་གཞི་ལྟ་བུའི་གྲྭ་གཟུགས་བླ་གཟུགས་ཁག་ཅིག་ཡོད་པ་འདི་ཚོ་འདྲ་ཞིག་ལ་གོ་བ་བླངས་ཡོད་ཚོད་དེ་ནི་ནོར་བ་རེད། ཡིན་ནའང་བོད་རྒྱ་ཆེའི་མི་མང་གི་བརྒྱ་ཆ་མང་ཆེ་བས་འདི་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། མཚམས་འདིར་ང་ལའང་སྒྲུང་ཞིག་བཤད་རྒྱུ་ཡོད་པ་དེ་བཤད་ན། དགོན་པ་ཞིག་གི་ནང་དུ་གྲྭ་པ་བརྒྱ་སྐོར་ཞིག་ཡོད་པ་དང༌། དེའི་ནང་གཞུང་ལུགས་ཀྱི་གོ་བ་རྟོགས་མཁན་ཅི་གང་མེད་པ་ཡིན་འདུག་པ་དེ་དག་ཁྲོད་ཀྱི་བླ་རྒན་བཞི་ཙམ་ཞིག་ཞབས་བརྟན་ལ་ཕེབས་ལམ་ཞིག་ནས་ངལ་གསོས་ཤིང༌། སྐབས་དེར་གྲང་ངར་ཡང་ཆེ་སེར་ཡོད་པ་དེར། བླ་རྒན་ཅིག་ནས། འགྲོ་བའི་དོན་དུ་བཞུགས་གནས་ཀྱང༌།། ཞེས་པའི་ཚིག་གི་དོན་དེར། ཅི་མ་བདེན། དེ་རིང་ནི་སྔ་གཞུག་གཉིས་ཀ་ནས་གྲང་སེ་འདུག་གཱ་ཞེས་གོ་བ་བླངས་པ་འདྲ་པོ་དང༌། ཡང༌། བསན་གཏན་གླིང་དགོན་པའི་བླ་རྒན་ཞིག་གིས་གྲྭ་གཞོན་ཞིག་ལ་དྲི་བ་དྲིས་ཏེ། ཡ་སྐུ་ཞོགས། དཀོན་མཆོག་གསུམ་ལབ་ཡག་དེ་ཧ་གོ་གི་ཡོད་དམ་ཞེས་དྲིས་པར། གྲྭ་གཞོན་དེས་ཅི་མི་སྙམ་པར། རྒན་ལགས། དཀོན་མཆོག་གསུམ་ལབ་ཡག་དེ་མི་ཤེས་ཏེ། ཨ་ཁུ་མཐའ་ཡས་མཐོ་རིས་པོ་ནི་དེའི་ནང་གི་གཅིག་ཡིན་ཤག་ཤག་རེད་པཱ་ཞེས་ལན་བཏབས་པ་རེད། འདི་ནི་སྒྲུང་རང་ག་བ་ཞིག་མ་རེད། དགེ་འདུན་གྱིས་དགེ་འདུན་ངོ་མི་ཤེས་པའི་ང་ཚོའི་དགེ་འདུན་པ་ཁག་ཅིག་གིས་ནི་དགེ་འདུན་པ་ངོ་མ་དེ་ཚོ་སྒྲིབ་ཆེ་དྲག་ནས་འདུག་གཱ། ཨ་ལ་བསམ་ཚུལ་ཙམ་སྟེ། དགེ་འདུན་དང༌། དགེ་འདུན་དཀོན་མཆོག་གང་ཡང་རུང༌། ཡོན་ཏན་དང་ཁྱད་ཆོས་གོང་གསལ་དག་དང་ལྡན་པ་ཞིག་ལ་གོ་བ་དེ་གནད་འགག་རེད།
བོད་ནང་དུ་གྲྭ་བ་དང་སློབ་ཆེན་པ་ཁག་གཅིག་གིས་དོན་མེད་ཀྱིས་གཅིག་གི་གཅིག་ལ་ཟུར་ཟ་བྱེད་པའི་སྤྱོད་ངན་དེ་ང་ཚོའི་ནང་ལ་ཡང་སླེབས་བྱུང་། འདི་ཡང་དོན་མེད་ཀྱི་དཀའ་ངལ་གཅིག་རེད། ངས་མདའ་ཚན་པ་སོགས་ལ་ལག་ཟུང་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་རྒྱུ་ཞིག་ལ་ད་ནས་བཟུང་བོད་མི་ཁ་ཤས་འདུ་འཛོམ་བྱེད་སའི་དྲྭ་སྟེགས་འདི་ལ་མི་སུ་ཞུགས་དང་བརྗོད་བྱ་ཅི་སྤེལ་ཡང་རང་དབང་སྤྲོད་རོགས། ཟུར་ཟ་མ་བྱེད་རོགས། ཚོགས་པ་དང་སྡེ་རིས་སུ་བཅད་ནས་ཕན་ཚུན་དགྲར་འཛིན་མ་གནང་རོགས། ཁྱོད་ཀྱིས་དགེ་འདུན་པ་ཁྱི་རེད་ཅེས་བརྗོད་ཀྱང་རང་དབང་རེད། ཡིན་ན་ཡང་ང་ཚོར་ཐུན་མོང་གི་གླེང་སྟེགས་གཅིག་ཡོད་པ་འདིར་ཚང་མ་འདུ་འཛོམ་ཡོང་ཐབས་ལས་འགོག་ཐབས་མ་གནང་རོགས། དེས་སུ་ལ་ཡང་ཕན་གྱི་མ་རེད། དེ་ཚོ་ངས་གསོལ་བ་བཏབ་པ་ཙམ་ཡིན། མི་ཉན་ན་ཅི་དགའ་གྱིས།
རིག་པའི་རྡོ་རྗེ། ཨུ་ཚུགས་ཀྱིས་ཅི་བྱེད། རྒྱུད་བླ་མ་དེ་མདོ་སྡེ་རེད་དམ་རྒྱུད་སྡེ་རེད།
སྤོབས་པ་ལགས།
ངས་ཨུ་ཚུགས་ཀྱིས་བསྟན་བཅོས་རྒྱུད་བླ་མ་མདོ་རྒྱུད་གང་རུང་རེད་ཅེས་བཤད་ཡོད་མེད། གོང་གི་མཆན་དེར་བལྟས་ན་ཤེས་ཐུབ། ཁྱེད་ཀྱིས་དེ་འདྲའི་ཨུ་ཚུགས་བྱས་ནས་མི་ལ་མངོན་གླེང་འགེལ་དོན་ཅི་ཡིན། གང་ལྟར་ང་ལ་ཁྱད་མེད། ཁྱེད་སྐུ་ཚེ་རིང་། རྗེས་སུ་མི་སུ་ལ་ཡང་དེ་འདྲའི་མངོན་གླེང་མ་འགེལ་རོགས།
ད་ཁྱེད་ཚོས་སྤྱིར་བཏང་གི་དོན་དག་ཕལ་བ་ཞིག་ལ་གཞུང་ལུགས་གཏིང་ཟབ་པོ་དངོས་དོན་དང་མི་མཚུངས་པ་དེ་ཚོ་ཁྱེར་མ་ཡོང་། ཕར་ཁྲོམ་ལ་རྒྱུགས། སྤྱིར་བཏང་གི་མི་ཕལ་དེ་ཚོར་དྲི་བ་དྲིས། ཁོ་ཚོས་དགེ་འདུན་པ་ཟེར་ན་ག་འདྲ་ཞིག་ལ་ངོས་འཛིན་གྱི་འདུག ཡང་ཕྱི་རྒྱལ་བ་དེ་འདྲ་ཡིན་ན monk ཟེར་ན་ག་འདྲ་ཞིག་ལ་ངོས་འཛིན་གྱི་འདུག
ཡག་ག་ཞིག་ཡིན་ན་དགེ་འདུན་དཀོན་མཆོག་རེད་ཟེར་ནས་ངོམ་སོ་བྱེད། སྡུག་ག་ཅིག་ཡིན་ན་ཁོ་དགེ་འདུན་པ་མ་རེད། དགེ་འདུན་པའི་མཚན་ཉིད་ཚང་གི་མི་འདུག་ཟེར་ནས་མགོ་ཐུག་མི་ཐུག་གི་སྐད་ཆ་འདི་ཚོ་དངོས་དོན་དང་མཚུངས་གི་མི་འདུག ངས་འཇིག་རྟེན་འདིའི་མི་ཕལ་བ་མང་ཆེ་བ་བཞིན་དགེ་འདུན་དཀོན་མཆོག་ཟེར་ནའང་འདྲ། དགེ་འདུན་ཟེར་ནའང་འདྲ་དེ་ཚོ་ཚང་མ་གཅིག་པར་ལྟ་གི་ཡོད། བླ་མ་ཞིག་གི་མདུན་ནས་རབ་ཏུ་བྱུང་། མགོ་རིལ་བཟོས། གོས་དམར་སྨུག་ཅིག་གོན་འགྲོ་མཁན་དེ་ཚོར་ཟེར་གྱི་ཡོད། ཁྱེད་ཚོས་འཇིག་རྟེན་སྤྱི་ཡོངས་ཀྱི་སྣང་ངོ་ལས་ཡོངས་སུ་ལྡོག་པའི་ཐ་སྙད་ཟབ་མདོག་ཁ་པོ་འགྱིག་གི་ཐག་པ་བཞིན་འཐེན་ནས་རིང་དུ་གཏོང་རྒྱུ་ཡོད་པ། བཏང་ནས་ཐུང་དུ་གཏོང་རྒྱུ་ཡོད་པ་དེ་འདྲ་ཞིག་ཁྱེར་ཡོང་ན་དེ་དངོས་ཡོད་གནས་ཚུལ་དང་ལྡོག་པ་རེད། ཨ་དྲིན་ཆེན་ཚོ། དེ་འདྲའི་གླེན་རྟགས་མ་སྟོན། དགེ་འདུན་པ་ཟེར་ནས་སྤྱི་མིང་ཞིག དེད་ཕྱིན་ན་སྤྱི་མིང་ཞིག་མིན་པར་མི་རེ་ཟུང་ལ་མ་གཏོགས་གོ་མི་ཐུབ་པའི་ཐ་སྙད། དགེ་འདུན་དཀོན་མཆོག་ཟེར་ནས་མིང་གཞན་ཞིག་བེད་སྤྱོད་གཏོང་དགོས་པ་འདི་ཚོ་མགོ་རྙོག་ཚ་བོ་རེད། འདི་ཐ་སྙད་རང་ལ་བལྟས་ཡོང་ན་ཡང་དགོས་པ་མི་འདུག དེའི་ཚབ་རང་ཉིད་ཞོག་དང་ཡག་ཤོས་རེད། རང་ཉིད་ལས་གཞན་གོ་ས་མི་འདུག གོ་ཐུབ་ལ་མི་ཐུབ་ལ་བྱས་ནས་སྤྱི་མིང་ཞིག་གི་ཐོག་འབབ་དགོས་པ་མི་འདུག
སངས་རྒྱས་ཆོས་དང་རང་ཉིད་དེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།
ང་ཚོས་རང་གི་རྩ་བའི་བླ་མར་གསོལ་བ་འདེབ་དུས། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་གསུམ་འདུས་སུ་གསོལ་བ་འདེབས་པ་འདི་ནི་བླ་མ་ཀུན་འདུས་ནོར་བུའི་ལུགས་ཀྱི་སྐྱབས་འགྲོ་རེད། བསྡུས་གྲྭ་འཁྱར་འཁྱོར་སྦྱངས་ཡོད་པ་ཞིག་ཡིན་ཚེ་སྤྱི་དང་བྱེ་བྲག་ཟེར་བ་འདི་དེ་ཙམ་ཞིག་བློ་ལ་མི་འཁོར་བ་ཞིག་མ་རེད། བློ་ལ་འཁོར་བཞིན་དུ་ཨུ་ཚུགས་གནང་གི་ཡོད་པ་ཡིན་ན་དོན་དག་གཞན་ཞིག་རེད། དྲ་ཚིགས་འདིའི་སྟེང་དུ་དཀོན་མཆོག་བརྒྱ་ཞེས་པ་ཞིག་ཁས་ལེན་མཁན་དང་དཀོན་མཆོག་གཅིག་ཀྱང་ཁས་མི་ལེན་པ་གཉིས་ཀ་དཔུང་བ་མཉམ་གཤིབས་ཀྱིས་ཡོང་ཆོག་གི་རེད། དྲ་གྲོགས་ཚོས་མདའ་ཚན་པར་བསྡིགས་དམོད་དེ་ཙམ་བྱེད་པའི་དགོས་པ་ཞིག་མཐོང་གི་མི་འདུག རང་རང་གི་བསམ་ཚུལ་བརྗོད་ཆོག་གི་རེད།
ཚིག་གཅིག་གཉིས་ཤིག་གི་མཐོ་དམའ་ཡིས། །
ངས་རང་རིགས་སྤུན་ཟླ་དགྲར་མི་འཛིན། །
སྤྱིར་འགྲོ་དྲུག་སེམས་ཅན་ཕ་མ་རེད། །
དེའི་ནང་ནས་ཤ་རུས་གདུང་རྒྱུད་གཅིག །
གོང་གི་སྒྲུང་དེ་བཤད་མཁན་ནི་བོད་མི་ཡིག་རྨོངས། རང་བཞིན་དྲང་པོ། མཚམས་རེར་དོན་དག་འདྲ་མི་འདྲར་བསམ་བློ་ཡང་གཏོང་མཁན་དེ་འདྲ་ཞིག་དང་འབྲེལ་བའི་སྒྲུང་རེད། ཁོ་སྤྱི་ཚོགས་ཤིག་གི་ཚབ་མཚོན་རེད། སྤྱིར་བཏང་གི་མིའི་སྤྱི་ཚོགས་ནང་དགེ་འདུན་ཟེར་ན་ཡང་འདྲ། དགེ་འདུན་དཀོན་མཆོག་ཟེར་ན་ཡང་འདྲ། དེ་གྲྭ་བ་ལ་ངོས་འཛིན་གྱི་ཡོད་པ་རེད། དེ་འགྲིགས་ཀྱི་མི་འདུག ནོར་བ་རེད་ཟེར་ས་ཡོད་མ་རེད། ནོར་བ་དེ་དཀོན་མཆོག་གསུམ་གྱི་ནང་དགེ་འདུན་བཅུག་པ་དང་། དགེ་འདུན་ལ་འགྲེལ་བཤད་ཧ་ལས་མདོག ཧང་སང་མདོག་རྒྱག་པ་དེ་ནོར་རེད།
very interesting . i admire to the writer .
ད་ལོའི་བོད་ནང་གི་རྒྱ་རྒོལ་གྱི་གྱེན་ལངས་ཆེན་མོ་དེ་ལ་གཟིགས་དང་། དགེ་རྒན་དཀོན་མཆོག་མིན་ན་རྩམ་བཟན་ཚང་གི་བུ་རྒྱུད་ཆད་འདུག་པ་མ་མཐོང་ངམ། དེང་སྐབས་རྒྱ་དམག་གིས་དྲག་ཆས་སྣ་ཚོགས་བཟུང་ནས་དགོན་པའི་མཐའ་སྐོར་ཏེ་དགེ་འདུན་དཀོན་མཆོག་ལ་རྒོལ་བརྡུང་དྲག་པོ་དཏོང་བཞིན་མ་མཐོང་ངམ། རྒྱ་ནག་གི་ཆེས་སྡང་ཟུག་བྱེད་ས་དགེ་འདུན་དཀོན་མཆོག་ཡིན་དོན། དགེ་འདུན་དཀོན་ཅོག་གིས་བོད་སྐྱབས་ཐབས་གནང་གི་ཡོད་པའི་དོན་གྱིས་མ་རེད་དམ།
རྒྱལ་ཁབ་ཀྱི་ཆེད་དུ་སྐུ་སྲོག་དང་སྐུ་ཁྲག་བློས་གཏོང་བཞིན་པའི་དགེ་འདུན་དཀོན་ཅོག་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེས་བྱེད་མི་འདོད་ཀྱང་། སྡང་ཟུག་དེ་འདྲ་བྱེད་པ་དུས་དང་མི་རན་པའོ།
ལྟ་རྒྱ་མཐོང་རྒྱ་ཆེས་ཆུང་བའི་གླེན་པ་ཁ་ཤས་ཀྱིས་ནམ་རྒྱུན་མ་གོ་བའི་མགོ་སྐོར་གྱི་བཅོས་སྒྲུང་ཁྱེད་མཚར་རེ་མཐོང་བ་དང་ཧ་ཅང་ཡ་མཚན་དང་རེད་རེད་མདོག་བྱེད་པ་ངོ་ཚ་རེད། རང་ཤ་བཅད་ནས་ཁྱིའི་་ཁར་གཡུག་མཁན་ཟེར་བ་འདི་ཚོ་རེད།
དུས་དང་རན་མི་རན་གྱི་སྐད་ཆ་ཡོད་མ་རེད། དོན་དག་གང་གི་ཐོག་ལ་ཡང་བགྲོ་གླེང་བྱས་ན་ཡག་པོ་འདུག བོད་ཀྱི་རང་དབང་འཐབ་རྩོད་ཆེད་དགེ་འདུན་པ་ཚོས་ནུས་པ་ཆེན་པོ་བཏོན་སོང་དེ་རྗེས་སུ་ཡི་རང་བྱེད་འོས་པ་ཞིག་རེད། ཡིན་ན་ཡང་། གོང་གི་མདའ་ཚན་པའི་སྐད་ཆ་དེ་དེ་དང་འབྲེལ་བ་མི་འདུག་ག
སྐྱབས་སུ་འོས་མི་འོས་བཤད་པ་དེ་ད་ལྟའི་དགེ་འདུན་པ་མང་པོ་ཞིག་གི་བྱེད་སྤྱོད་ལ་བལྟས་ཡོང་ན་གོང་གི་སྒྲུང་དང་སྒྲུང་དེའི་ཐོག་བསམ་ཚུལ་བཀོད་པ་གཉིས་ལ་གོ་རྒྱུ་ཞིག་ཡོད་པ་མ་རེད་དམ། མ་གཞི་དེ་རྩོམ་ཞིག་མ་རེ་དམ། དེས་ན་ང་ཚོས་རྩོམ་དེའི་རྒྱབ་ལོགས་སུ་ཅི་ཞིག་སྟོན་གྱི་ཡོད་པ་དེ་ཤེས་དགོས་པར་འདུག
སངས་རྒྱས་ཀྱི་གསུང་ལ་འགྲེལ་བཤད་ཡང་འགྲེལ་བརྒྱབ་ནས་ལྷད་ཅན་དུ་བཏང་ཟེར་བ་དེ་ལ་ཡང་རྒྱུ་མཚན་འདུག སངས་རྒྱས་ཀྱི་གསུང་ལ་འགྲེལ་བཤད་རྒྱབ་པའི་ཉི་མ་དང་པོ་ནས་སངས་རྒྱས་ཀྱི་གསུང་ལྷད་ཅན་དུ་བྱས་པ་ངོ་མ་རེད། ལྷད་ཅན་དུ་བྱས་མེད་པ་ཡིན་ན་དེ་འདྲ་ལྟ་གྲུབ་མི་མཐུན་པ་མང་པོ་ཞིག་ཡོང་དགོས་པའི་རྒྱུ་མཚན་ཡོད་མ་རེད།
རང་ཤ་བཅད་ནས་ཁྱི་ལ་སྟེར་མཁན་ཞིག་ཡོད་ན་དེ་བྱང་ཆུབ་སེམས་དཔའ་ཞིག་ཡིན་རྒྱུ་རེད།
སྟག་སྨྱོན་ལགས། ཁྱེད་རང་གིས་སྔོན་མ་ཞིག་ལ་རྒྱལ་གཅེས་མ་དངུལ་སྤྲད་གི་མིན་ཟེར་བ་དེའི་སྐོར་ཡང་སྐྱར་བསམ་བློ་གཏོང་རོགས། རྒྱལ་གཅེས་མ་དངུལ་མ་སྤྲད་ན་ཁྱེད་རང་གིས་འདི་དགོས་དེ་དགོས་ཟེར་ས་ཡོད་མ་རེད། ཁྱོད་ལ་འོས་འདེམས་ཀྱི་ཐོབ་ཐང་ཡོད་མ་རེད། རང་ཉིད་བོད་ཀྱི་སྤྱི་འབངས་ནས་ཐོན་ཚར་རེད། བོད་དོན་སྐོར་སྐད་ཆ་བཤད་རྒྱུ་ཞེ་དྲག་ལྷག་ཡོད་པ་མ་རེད། ཁྱེད་རང་གང་ཞིག་ལ་བྲོས་མོ་ཤོར་སོང་བ་ཡིན་ན་ནམ་རྒྱུན་ཐུག་གི་མི་འདུག དེ་བས་ཁྱེད་རང་གི་མིང་མཐོང་བ་དང་ངས་ལམ་སང་གསལ་བཤད་བྱས་པ་ཡིན། གཟིམས་འཇགས་གནང་རོགས། ཡང་སྐྱར་མཇལ་ཡོང་།
རང་བཙན་ལག་དེབ་ཀྱི་དངུལ་འབུལ་མི་འབུལ་ཟླ་བ་རྗེས་མ་ཤེས་ཐུབ་གི་རེད། གལ་སྲིད་དགེ་འདུན་པ་ཁག་ཅིག་གིས་ནོར་འཁྲུལ་བྱེད་ཀྱི་འདུག་ན། དེ་ལ་དཔག་པའི་འབྲི་སྟངས་ཤིག་སྤྱོད་དགོས་པ་ལས། དགེ་འདུན་དཀོན་ཅོག་ཅེས་འདས་དང་ད་ལྟ། མ་འོངས་པའི་དགེ་འདུན་པ་ཡོངས་ལ་ཁྱབ་པའི་མིང་དེ་བཀོལ་མི་རུང་། རང་ཤ་བཅད་ནས་ཁྱི་ཁར་གཡུག་མཁན་ཞིག་ཡོད་ན་དེ་བྱང་ཆུབ་སེམས་པ་ཞིག་ཡིན་རྒྱུ་རེད་ཟེར་བའི་བཤད་སྟངས་ཀྱིས་ཐོག་ནས། ཤེས་བཞིན་དུ་དོན་དངོས་ལ་འཁྱོག་བརྗོད་བྱེད་རྒྱུར་གོམས་བྱང་ག་ཚོད་ཡོད་པའི་རང་སྐྱོན་ཞིག་ཕྱིར་བསྟན་པ་དང་། དུས་རྒྱུན་སྐད་ཆ་བཤད་སྐབས་ཀྱི་ཀུན་སློང་ཁྱེར་ཕྱོགས་ངོ་སྤྲད་པ་ཙམ་རེད།
ཨ་སྟག་སྨྱོན། ངའི་མུ་མཐུད་དུ་ང་རང་གི་བསམ་ཚུལ་མི་མཐུན་པ་དེ་ཚོ་བཤད་གི་ཡིན། བསམ་ཚུལ་མི་མཐུན་པ་དང་གསར་པ་བཤད་པ་ལས་བསམ་ཚུལ་མཐུན་པ་དེ་ཚོ་ནེ་ཙོས་མ་ཎི་སྐྱར་ཟློས་བྱེད་དགོས་དོན་མི་འདུག ཁྱེད་རང་གིས་རང་གི་རིགས་མཐུན་གྱི་གྲོགས་པོ་ཚོ་དང་མཉམ་དུ་མཐུན་པའི་སྐད་ཆ་གཅིག་སྐྱར་ཟློས་ཡང་ཟློས་བྱོས་ལ་ཧ་ཧ་ཧ་ཟེར་ནས་སྡོད། ང་རིགས་མི་མཐུན་པའི་མི་རྣམས་དང་མཉམ་དུ་བསམ་ཚུལ་མི་མཐུན་པ་གླེང་བར་སྤྲོ།
བསམ་ཚུལ་མི་མཐུན་སུས་ཀྱང་མི་འགོག འོན་ཀྱང་དགེ་འདུན་དཀོན་ཅོག་ཅེས་པའི་མིང་དེས་ཁྱབ་ཚད་ལ་སོམས་དང་། གྲངས་མེད་པ་དང་མཐའ་མེད་པ་ཞིག་ལ་ཁྱེད་ཀྱིས་ནག་འགེལ་བྱེད་ཀྱི་ཡོད་པ་ཤེས་སྲིད།
ཁྱེད་ལ་ཧ་ལས་པའི་བསམ་ཚུལ་མི་མཐུན་གང་ཡང་ཡོད་པ་མ་རེད། མདོར་བསྡུས་ན་བོད་ཀྱི་རིག་གཞུང་ལ་ཟུར་ཟ་བྱེད་རྒྱུ་ཙམ་རེད། གོ་ལ་ཆགས་སྟངས་དང་མིའི་རིགས་བྱུང་ཚུལ། མཁའ་དབྱངས་ཀྱི་གནས་ཚུལ་སོགས་ལ་བསམ་ཚུལ་མི་མཐུན་པ་རེ་བཤད་རྒྱུ་ཡོད་དམ།
བསམ་ཚུལ་གསར་བ་དང་བསམ་ཚུལ་རིན་ཐང་ཅན། བསམ་ཚུལ་ནོར་འཁྲུལ་ཅན་དང་བསམ་ཚུལ་ཆོ་མེད་སོགས་རིགས་མང་པོ་ཡོད་པ་རེད་ལགས། བསམ་ཚུལ་མི་མཐུན་པ་ཙམ་གྱིས་བཤད་རིན་ཡོད་པའི་ངེས་པ་མེད་པ་ཤེས་སམ།
དགེ་འདུན་དཀོན་མཆོག་འདི་ཉུང་ཤས་ཤིག་ལ་མ་གཏོགས་མི་འཇུག་ན་སྐྱབས་ཀྱི་ཟླ་གྲོགས་སུ་འོས་ཡང་སྲིད། འདི་ཚོ་ཉུང་ཤས་ཤིག་མིན་པར་གྲངས་མེད་པ་དང་མཐའ་མེད་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་གྲངས་འབོར་མང་པོ་འདི་ཚོ་སྐྱབས་ཀྱི་ཟླ་གྲོགས་སུ་འགྲོ་གི་མི་འདུག་ཟེར་གྱི་ཡོད། གོང་གསལ་གྱི་ཆོས་པ་འདི་ཚོས་ཀྱང་གཞུང་ལུགས་གཏིང་ཟབ་མདོག་ཁ་བོ་རྐྱང་རྐྱང་ཁྱེར་ཡོང་ནས་དགེ་འདུན་དཀོན་མཆོག་ཟེར་ན་མཚན་ཉིད་དང་ལྡན་པའི་དགེ་འདུན་པ་ཉུང་ཤས་ཤིག་ལ་མ་གཏོགས་འཇུག་གི་མེད་པ། མང་པོ་དེ་ཚོ་དགེ་འདུན་དཀོན་མཆོག་མིན་པ་ལྟ་བུ་ཞིག་ཤོད་ཀྱི་འདུག་ག ངས་འཇིག་རྟེན་ཡོངས་གྲགས་ཀྱི་དགེ་འདུན་པ་མང་པོ་དགེ་འདུན་པའི་མཚན་ཉིད་ཚང་གི་མེད་པའི་གྲངས་ཀ་འབོར་ཆེན་དེ་ཚོར་ཤོད་ཀྱི་ཡོད།
འོ་ན་ཁྱེད་ཀྱིས་རྒྱུགས་པ་ལེབ་བརྡུང་བྱས་པ་མ་རེད་དམ།
བསམ་ཚུལ་མི་མཐུན་པ་ཙམ་གྱིས་བཤད་རིན་ཡོད་ཟེར་ནས་ཤོད་ཀྱི་མེད། བདེན་པ་ཡིན་ཟེར་ནས་ཀྱང་ཤོད་ཀྱི་མེད། ངས་བདེན་ལུགས་ཤིག་འཚོལ་རྒྱུའི་ཆེད་ཤོད་ཀྱི་ཡོད། བདེན་པ་དེ་ཡང་མི་མཐུན་པའི་ཕྱོགས་ནས་འཚོལ་བར་འབད་ཀྱི་ཡོད། ཁྱེད་རང་གིས་རང་གི་དེ་བདེན་པ་ཡིན་བསམ་ནས་ཤོད་ཀྱི་ཡོད་རེད། རང་བཙན་གྱི་ལམ་མ་འདེམས་ན་རྒྱལ་གཅེས་མ་དངུལ་སྤྲད་ཀྱི་མིན་ཟེར་ནས་ཤོད་ཀྱི་ཡོད་པ་རེད།
ངས་གཞན་གྱི་བསམ་ཚུལ་ཚུར་ལེན་པའི་ཆེད་ཤོད་ཀྱི་ཡོད་རེད། ཁྱེད་རང་གིས་གུང་ཁྲན་གྱི་ལུགས་ལྟར་རང་གི་བསམ་ཚུལ་གྱིས་གཞན་ དབང་བསྒྱུར་བའི་ཆེད་ཤོད་ཀྱི་འདུག་ག
རྒྱུགས་པ་ལེབ་རྡུང་བྱེད་དགོས་དོན་མེད། དགེ་འདུན་པ་དེ་ཚོ་ཡག་པོ་རེད། ལྷག་པར་དུ་ང་ཚོའི་མི་སྐྱ་ཞིག་དང་བསྡུར་ན་སྤྱོད་ལམ་གྱི་ཐོག་ནས་ཡག་པོ་མང་པོ་འདུག ཡིན་ན་ཡང་། ངས་ཤོད་པ་ནི་ཁོ་ཚོ་སྐྱབས་ཀྱི་ཟླ་གྲོགས་སུ་ཇི་ལྟར་འགྲོ་གི་ཡོད་མེད་མགོ་འཐོམས་ཀྱི་འདུག་ཟེར་གྱི་ཡོད། དེ་སྐྱབས་ཀྱི་ཟླ་གྲོགས་སུ་འགྲོ་ཚུལ་འདི་འདྲ་རེད་ཟེར་ནས་སུ་གང་གིས་ཀྱང་འགྲེལ་བཤད་བརྒྱབ་མ་སོང་།
དྲན་པ་ལ་ནི་དགེ་འདུན་རིན་པོ་ཆེ་ཞེས་ཇ་མཆོད་ཀྱི་སྐབས་སུ་འདོན་བཞིན་པ་དེ་རེད།
གནའ་ཡིན་ན་ཁམས་ཟེར་དུས་ཨ་མདོ་ཡང་དེའི་ཁུངས་སུ་བགྲང་སྲོལ་ཞིག་ཡོད་རེད། ཡིན་ནའང་དེང་སང་ཁམས་ཟེར་དུས་ཕལ་ཆེར་མདོ་སྟོད་གཅིག་བུ་ལ་གོ་བ་ལེན་གིན་འདུག དེ་བཞིན་དགེ་འདུན་དཀོན་མཆོག་གི་སྐད་ཆ་འདི་ཡང་དེ་དང་གཅིག་པ་འདྲ་ཞིག་རེད། གྲོང་གི་རྒད་པོས་གཟན་ཤམས་གོན་པ་ཐམས་ཅད་དགེ་འདུན་དཀོན་མཆོག་ལ་བགྲངས་ནས་ཉེས་འདོགས་བྱས་པར་ཁག་ཅི་ཡོད། གཙོ་ཆེ་ཤོས་དགེ་འདུན་པ་རང་ངོས་ནས་གང་ཅིར་གཟབ་གཟབ་བྱེད་དགོས་པ་གལ་ཆེན་པོ་རེད། གོང་གི་སྐད་ཆ་འདི་འཁྱེར་ཡོང་མཁན་གྱི་ཀུན་སློང་ག་རེ་ཡིན་མིན་ཤེས་དཀའ་ཡང་ཕལ་ཆེར་མིའུ་ཕྲུག་ལྟ་བུ་རེ་གཉིས་ལ་དམིགས་ནས་བཤད་པ་ཡིན་ས་རེད། མ་གཞི་མིའུ་ཕྲུག་འདི་བ་བླ་མ་ཞིག་གི་གཡོག་པོ་དང་གྲ་ལོག་དེ་འདྲ་ཡིན་ན་ལས་དགེ་འདུན་པ་ཞིག་མ་རེད། དགེ་འདུན་པ་ནི་ནད་གཡོག་ལ་དཔེ་བླངས་ཡོད་པ་གང་ཞིག་ལ་མིའུ་ཕྲུག་གིས་གཡོག་པོ་ལ་མཐོང་ཆུང་བྱས་པས་དོན་གྱིས་ཁོ་རང་གྲ་བ་མིན་པ་གསལ་བྱེད་བྱས་པ་རེད།
ཆོས་གཞུང་ན་བཤད་པའི་མཚན་ཉིད་ཅན་གྱི་དགེ་འདུན་དཀོན་མཆོག་དེ་དང་དེང་སང་གི་དགེ་འདུན་པ་ཞེས་པའི་གྲྭ་བའི་བར་ན་ཉིན་མཚན་གྱི་ཁྱད་ཡོད་རེད། འདི་ལ་བསྡུར་རྒྱུ་ཞིག་ཨེ་ཡོད། བསྡུར་མཁན་དེ་༧རྒྱལ་བ་རིན་པོ་ཆེ་ཡིན་ན་འདིར་སྐད་ཆ་སྦོམ་པོ་བཤད་མཁན་དེ་ཚོ་ཁ་བཙུམས་ནས་བསྡད་ཡོད་ཀྱི་རེད། འདི་ལ་མང་པོ་ཞིག་བཤད་ཀྱི་ཡོད་མ་རེད། གོམ་པ་བདུན་གྱི་ཕར་རྒྱབ་ལ་མི་ལྟ་མཁན་གྱི་གྲྭ་བ་དང་དབྱར་ཞིང་ཁ་ལ་མི་འགྲོ་མཁན། ཟས་སློང་ནས་ཟ་མཁན་གྱི་གྲྭ་པ་ཞིག་འཁྱེར་ཤོག་དང་། མི་འདུག་ག
མདའ་བཙན་དང་སྟག་མྱོན་གཉིས་ནས་རབ་ཡིན་ན། ཁ་བརྡ་དྲ་རྒྱ་འདི་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་ཟློ་བར་མཛོད། ད་ཁྱོད་གཉིས་ཀྱིས་ཡིན་ལུགས་མིན་ལུགས་བཅོ་བརྒྱུད་བཤད་ཀྱང་། ཁ་བརྡ་འདི་ཁྱེད་ནི་བླ་མ་། ཁྱེད་ནི་སངས་རྒྱས། ཁྱེད་ནི་དགེ་འདུན་ཞེས་བ་ལྟར་ཁ་བརྡ་འདི་ཉིད་ཀྱིས་རྗེས་སུ་འཛིན་ཅིང་སྐྱོབས་ཐུབ་ངེས། ལྟ་བ་དང་བསམ་ཚུལ་བརྗོད་པར་ཁ་བརྡ་ཡིས་ཚེ་རབས་ནས་ཚེ་རབས་རྗེས་སུ་འཛིན་ལ། སྒོ་མོ་སྤྲད་མ་སྤྲད་དང་མཆོད་མཇལ་བྱས་མ་བྱས། བྱང་ཆུབ་སེམས་དཔའ་ཡིན་མ་ཡིན་སོགས་ཁྱེད་གཉིས་ཀྱི་སྒེར་ནད་ཅིག་འདིར་རྩོད་པ་ཡིན་ཙ་ན། ཁ་བརྡ་འདིས་རྗེས་སུ་འཛིན་པར་མི་བྱའོ། མི་སྐྱོབས་པའོ། འདིར་མི་ཚུད་པའོ།
ཨ་རོ་་་་་་་་་ཁྱོས་དགེ་འདུན་དཀོན་མཆོག་ལ་གོམ་པ་བདུན་གྱི་ཕར་ལ་མི་ལྟ་མཁན་དང་དབྱར་ཞིང་ཁ་ལ་མི་འགྲོ་མཁན། ཟས་སློང་ནས་ཟ་མཁན་ཞིག་དགོས་རེད་མདོག་མདོག་བཤད་པས་ངས་ཨ་རིའི་གྲོང་ཁྱེར་ཁག་གི་སེམས་པ་ཐང་ཐང་མེད་པའི་སྤ་མགོ་དེ་དག་ཡིད་ལ་འཁོར་བྱུང་།
དགེ་འདུན་པ་ལའང་རབ་འབྲིང་ཐ་གསུམ་གྱི་འབྱེ་བ་ཡོད་ངེས། དགེ་འདུན་པ་ཚང་ཚད་ཐིག་གཅིག་ཏག་ཏག་ཅིག་གི་སྟེང་དུ་གནས་ཐུབ་རྒྱུ་མི་སྲིད་པ་ཞིག་མ་རེད། བར་སྣང་གི་རྒྱུ་སྐར་གྲངས་མེད་པ་རྣམས་རྒྱུ་སྐར་ཡིན་པ་མཚུངས་ན་ཡང་། ཆེ་ཆུང་དང་དབྱིབས་དང་འཁོར་ཤུགས་སོགས་ཧ་ཅང་མི་འདྲ་བ་ནང་བཞིན་རེད།
དང་པོ་ནོར་བཅོས། ་་་་་་་་མི་སྲིད་པ་ཞིག་མ་རེད་དམ། ཞེས་པའོ།
མི་རོ་ལ། ཁྱེད་ཀྱིས་ཡི་གེ་འབྲི་ཤེས་ཀྱི་ཡོད་ཟེར་བ་ཙམ་མཚོན་པ་ལས་ནང་དོན་ཡོད་པ་གང་ཡང་འབྲི་ནུས་ཀྱི་མི་འདུག
ཡ་ད་ཁྱེད་ཚོས་འདིར་མཆན་བཏབ་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོས་དགེ་འདུན་དཀོན་མཆོག་ལ་དམངས་ཕལ་བའི་ངོས་འཛིན་སྟངས་ཤིག་དང་། ཆོས་གཞུང་དུ་ངོས་འཛིན་སྟངས་ཤིག་གཉིས་བྱུང་སོང་། ངས་ཡོངས་གྲགས་ཀྱི་ངོས་འཛིན་སྟངས་ལྟར་བྱས་ནས་དགེ་འདུན་དཀོན་མཆོག་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་འགྲོ་གི་མི་འདུག་དེའི་ཚབ་རང་ཉིད་འཇོག་དགོས་ཀྱི་འདུག་བཤད་པ་རེད། དེ་ལ་དམིགས་བསལ་ཁྱེད་ཚོས་ལན་ཅང་བརྒྱབས་མ་སོང་།
ཁྱེད་ཚོས་བཤད་ན་དགེ་འདུན་དཀོན་མཆོག་དེ་འདྲ་ཞིག་མིན་པར་བརྗོད་པ་རེད། རིག་པའི་རྡོ་རྗེས ་་རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་བྱང་འཕགས་ས་བརྒྱད་པ་བ་ཞིག་ཡིན་དགོས།་་ཟེར། མི་སྨྱོན་གྱིས་ཀྱང་ ་་རིག་དྲོལ་གྱི་ཡོན་ཏན་བརྒྱད་དང་ལྟན་པ་་ ཟེར། མྱི་ལྡང་ནས་ཀྱང་ ་་ཐེག་པ་གསུམ་གྱི་འཕགས་པའི་གང་ཟག་རེ་རེ་བ་་ ཟེར། ད་དེ་ཡིན་ན་ད་ལྟ་འཇིག་རྟེན་འདིར་མཚན་ཉིད་འདི་ཚོ་ལྡན་པའི་དགེ་འདུན་དཀོན་མཆོག་ག་ཚོད་ཡོད་པ་རེད། མིང་བཏོན་ནས་ཁུངས་སྐྱེལ་བྱེད་པར་འཚལ། དེ་ལ་ཁུངས་སྐྱེལ་བྱེད་རྒྱུ་མེད་ན་འཇིག་རྟེན་འདིར་དགེ་འདུན་དཀོན་མཆོག་སྟོང་ཚར་བ་རེད། དགེ་འདུན་དཀོན་མཆོག་སྟོང་ཚར་ན་ཡང་ད་རུང་དགེ་འདུན་ལ་སྐྱབས་སུ་མཆིའོ་ཟེར་དགོས་དོན་ཅི་རེད། རང་ཉིད་ལ་སྐྱབས་སུ་མཆིའོ་ཟེར་བ་འདི་དེའི་ཚབ་བྱས་ན་ལྷག་ཏུའང་རྒྱུ་མཚན་མང་བ་མཐོང་གི་འདུག མདོར་དེད་ན། ད་བར་གྱི་ཁྱེད་ཚོའི་འགྲེལ་བཤད་གཏིང་ཟབ་པོ་དེ་ཚོ་ངའི་སྐད་ཆའི་རྒྱབ་རྩར་འགྲོ་གི་འདུག དེ་མ་རེད་དམ། ལན་གསར་པ་ཡོད་ན་ཁྱེར་ཤོག དེ་མེད་ན། ལན་མེད་པ་ནི་ཕམ་པ་རྣམས་ཀྱི་མཐར་ཐུག་གོ
ངའི་མཐའ་མཇུག་གི་དྲི་བ་འདི་ཚང་མར་དྲིས་པ་ཡིན། ལྷག་པར་དུ་ཡང་རིག་པའི་རྡོ་རྗེ། མི་སྨྱོན། མྱི་ལྡང་གསུམ་ལ་དྲིས་པ་ཡིན།
ཡ་ད་ཁྱེད་ཚོས་མདའ་ཚན་པའི་སྐད་ཆ་འདི་ཚོར་ལན་སློག་དང་།
དེད་ཕྱིན་ན་དགེ་འདུན་དཀོན་མཆོག་ཟེར་བ་དེ་ངོས་འཛིན་ས་མེད་པར་སྟོང་པ་ཆགས་རྒྱུའི་ཉེན་ཁ་འདུག་ག
གང་ཟག་གི་ཚོད་ནི་གང་ཟག་གིས་འཛིན་པར་མི་བྱ་ཟེར་བས། ཡོད་མེད་ཐག་ཅི་ལྟར་ཆོད་དམ། ཕྱི་རྟགས་ལ་ཡིད་ཆེས་ན་ནི་ཡོད་པ་དེ་རེད།
བཅོམ་ལྡན་འདས་ཀྱི་ཞལ་ནས།
ང་ཡི་རྗེས་འཇུག་ཇི་ལྟར་རྒུད་ན་ཡང་། །
ཁྱིམ་པའི་སྐྱེ་བོ་བརྒྱ་ཡིས་དོ་ཟླ་མིན། །
བླ་མ་མང་པོས་ལུང་འདིའི་དོན་དང་པོར་སངས་རྒྱས་ཀྱི་རྗེས་སུ་ཞུགས་ཏེ་སོ་ཐར་གྱི་སྡོམ་པ་ཁས་བླངས་ཏེ་ངུར་སྨྲིག་གི་གྲྭ་ཆས་གྱོན་ཅིང་རྗེས་སུ་སྡོམ་པ་ཞིག་པའི་སྐྱེ་བོ་ཞིག་དང་། དང་པོ་ནས་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་སྡོམ་པ་དང་ངུར་སྨྲིག་ལ་ལོངས་སུ་མ་སྤྱད་པའི་སྐྱེ་བོ་གཉིས་ཀྱི་རིན་ཐང་མི་འདྲ་བ་ཞིག་འགྲེལ་བཤད་བསྐྱོན་འདུག་པས་འགྲིག་མིན་མི་ཤེས།
སྤྱིར་དགེ་འདུན་དཀོན་མཆོག་ལ་མདོ་ལུགས་ལ་ཉམས་རྟོགས་ཀྱི་རིམ་པ་མཐོ་དམན་གྱིས་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་དང་མཚོན་བྱེད་དཔེ་ཡི་དགེ་འདུན་ཉི་ཤུ་ཞེས་པ་ཞིག་ཀྱང་གསུངས་འདུག་ལ། གསང་སྔགས་ཀྱི་ལུགས་ལ་དམ་ཚིག་གཅིག་གི་དཀྱིལ་འཁོར་དུ་འདུས་པ་ཐམས་ཅད་ལ་དགེ་འདུན་དཀོན་མཆོག་གི་འདུ་ཤེས་འཇོག་དགོས་པ་མ་གཏོགས་ངུར་སྨྲིག་གྱོན་མ་གྱོན་གྱི་ཁྱད་པར་དེ་གལ་ཆེན་པོར་གསུངས་མི་འདུག
ད་དགེ་འདུན་དཀོན་མཆོག་ཟེར་བ་འདི་རྙོག་དྲ་ཚ་རུ་ཚ་རུ་འགྲོ་གི་འདུག སྤྱིར་བཏང་གི་མི་ཕལ་བའི་སེམས་ནང་ན་དགེ་འདུན་དཀོན་མཆོག་ཅིག མདོ་ལུགས་ཀྱི་དགེ་འདུན་དཀོན་མཆོག གསང་སྔགས་ལུགས་ཀྱི་དགེ་འདུན་དཀོན་མཆོག དགེ་འདུན་དཀོན་མཆོག་གི་སྐོར་ལུང་པ་གང་བྲིས་ཡོང་གི་འདུག་སྟེ་དེ་ཚོར་ཁུངས་ལུང་གཅིག་ཀྱང་སྟོན་རྒྱུ་མེད་པ་དེ་ག་རེ་རེད། མདོ་དང་སྔགས་ཟེར་བ་དེ་ཙམ་དང་། ཀླུ་སྒྲུབ་དབྱིག་གཉེན་ཟེར་བ་དེ་ཙམ་གྱིས་འགྲིག་གི་མ་རེད། སངས་རྒྱས་ཀྱི་གསུང་ངོ་མ་དེ་ལུང་དྲངས་ཤོག དེ་མིན་སངས་རྒྱས་ཀྱི་རྗེས་སུ་བྱོན་པ་དེ་ཚོའི་འགྲེལབ་ཡང་འགྲེལ་དེ་ཚོའི་ནང་ནས་ལུང་དྲངས་ཡོང་ན་ངོས་ལེན་བྱེད་ཀྱི་མིན། ངས་ཁ་སང་ནས་སངས་རྒྱས་ཀྱི་གསུང་ལ་འགྲེལ་བཤད་བྱས་པའི་ཉི་མ་དང་པོ་ནས་སངས་རྒྱས་ཀྱི་གསུང་ལྷད་ཅན་དུ་བྱས་པ་རེད་བཤད་པ་ལྟར་རེད། ཚིག་ཆུང་ངུ་རེ་འགྲེལ་བཤད་བྱེད་སྟངས་ལ་ཡང་མི་འདྲ་བ་མང་ཚུལ་ལ་ལྟོས་དང་།
སངས་རྒྱས་རང་གི་གསུང་མདོ་ཁུངས་མི་དྲན་པ་ཞིག་ལས།
ང་ཡི་རྗེས་འཇུག་ཇི་ལྟར་རྒུད་ན་ཡང་། །
ཁྱིམ་པའི་སྐྱེ་བོ་བརྒྱ་ཡིས་དོ་ཟླ་མིན། །
སངས་རྒྱས་རང་གི་གསུང་ཆོས་ཀྱི་ཚིགས་སུ་བཅད་པ་ལས།
ངུར་སྨྲིག་སྐེད་ལ་དཀྲིས་གྱུར་ནས། །
སྡིག་པའི་ཆོས་ཅན་མ་བསྡམས་པ། །
སྡིག་ཅན་དེ་དག་ཕལ་མོ་ཆེ། །
སྡིག་པའི་ལས་ཀྱིས་དམྱལ་བར་སྐྱེ། །
དགེ་འདུན་དཀོན་མཆོག་གི་སྐོར་ལ་རྩོད་པ་བྱས་འདུག ངས་ནི་བླ་མ་ཞིག་ལ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ཡོན་ཏན་ལྷག་པ་བརྩོན་འགྲུས་ལུང་གིས་ཕྱུག དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་པའི་ཁྱད་ཆོས་བཅུ་བོ་ཚང་བ་ཞིག་ཡིན་ན། དད་པ་བྱེད་ཀྱི་ཡོད། དེ་མིན་སེར་གཟུགས་བྱས་པ་ཙམ་གྱིས་ཡིད་འཕྲོག་གི་མི་འདུག
མདོར་བསྡུས་ན་རང་གི་རང་ལ་དད་པ་བྱེད་ཐུབ་ན་ཡག་ཤོས་རེད། སྟོན་པས་ཀྱང་རང་ཉིད་རང་གི་མགོན་ཡིན་གསུངས་ཡོད་ཀི ད་དེ་བྱས་པ། ཆོ་མེད་པའི་སྐད་ཆ་འདི་ལས་གནས་སྐབས་མིག་དང་ཨམ་ཅོག་པེ་ཅིན་དང་རྡ་ས་སོ་སོར་གཏོད་རོགས།
མདའ་ཚན་པ་འདི་ཆོས་གཞུང་ལ་ཆ་རྒྱུས་ཅུང་ཟད་ཙམ་ཡང་མེད་བཞིན་ཁ་ཕོ་ཆེན་པོས་དཔྱད་བརྗོད་སྤེལ་བ་འདི་ཉིད་གད་མོའི་ཡུལ་ལས་མ་མཆིས་ཀྱང་། ཁོས་ལན་མེད་པ་ནི་ཕམ་པའི་མཐར་ཐུག་གོ་ཞེས་ཟེར་བ་འདི་ལ་བལྟས་ན་གཏི་མུག་གི་ཞིང་ས་ལ་ང་རྒྱལ་གྱི་ཚང་བཅའ་ཞིང་ཕྲག་དོག་གི་ས་བོན་འདེབས་བཞིན་པ་ཞིག་ངེས་པས་སྙིང་རྗེའི་སྒོ་ནས་སུན་འབྱིན་པ་བྱ་རིགས་སོ། དང་པོ་ཁྱེད་ཀྱིས་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་སྐྱབས་ཡུ་དུ་ངོས་བཟུང་ཏེ་དགེ་འདུན་དཀོན་མཆོག་དེ་ལས་ལོགས་སུ་ཕྱེས་ཏེ་སྐྱབས་ཡུལ་མ་ཡིན་པར་བཤད་འདུག འོ་ན་སྐྱབས་ཡུལ་འོས་པའི་བླ་མ་དེ་ཉིད་དགེ་འདུན་དཀོན་མཆོག་གི་མཚན་གཞི་འཇོག་ན་སྐྱོན་ཅི་ཡོད། དེ་ལ་དགེ་འདུན་དཀོན་མཆོག་གི་ཡོན་ཏན་མེད་ན་དེ་དེ་ཉིད་བླ་མ་ལ་ཅིའི་ཕྱིར་འཇོག་རིགས། ད་དུང་ཁྱོད་ཀྱིས་ད་ལྟ་འཇིག་རྟེན་དུ་དགེ་འདུན་དཀོན་མཆོག་སྟོང་ཚར་བས་སྐྱབས་སུ་སོང་བས་ཕན་པ་ཅི་ཡོད་ཟེར། དེས་ན་ཆོས་དཀོན་མཆོག་ཡང་མེད་པ་འགྱུར་ཏེ་ཆོས་དཀོན་མཆོག་དེ་དགེ་འདུན་དཀོན་མཆོག་གི་ཐུགས་བརྒྱུད་ཀྱི་ཡོན་ཏན་ཏེ་འགོག་ལམ་གཉིས་ལ་གཞག་དགོས་གང་ཞིག་དེ་ལྟར་འཇོག་གཞི་དགེ་འདུན་དེ་ཉིད་མེད་པའི་ཕྱིར། དེ་འདོད་ན་ཁྱོད་ཀྱིས་ཆོས་དཀོན་མཆོག་ལ་སྐྱབས་སུ་མཆི་འོ་ཞེས་པ་ལ་དགོས་པ་ཅི་ཡོད། མདོར་ན་དཀོན་མཆོག་གསུམ་གང་ཡིན་ཙམ་ཡང་མི་ཤེས་པ་ཁྱོད་ཉིད་ནང་པའི་གྲལ་དུ་མི་འགྲོ་བས་ནང་ཆོས་ཀྱི་རིན་ཐང་ལ་དཔྱད་བརྗོད་ཇི་ལྟར་བྱེད་ཐུབ། གཞན་ཡང་ཁྱེད་ཀྱིས་ད་ལྟ་དགེ་འདུན་དཀོན་མཆོག་སུ་དང་གང་ཡིན་ཟེར་བ་ལ་སྤྱིར་མང་དུ་ཡོད་ཀྱང་ངས་མཚན་གཞི་ཁ་ཤས་འདྲེན་ཆོག་༧གོང་ས་ཐམས་ཅད་མཁྱེན་པ། རྒྱལ་དབང་ཀརྨ་པ། ས་སྐྱ་གོང་མ་རིན་པོ་ཆེ། མཁས་དབང་ཟམ་གདོང་རིན་པོ་ཆེ། སྐྱབས་རྗེ་མིའུ་ཕྲུག་རིན་པོ་ཆེ་སོགས་གྲངས་ལས་འདས་སོ། ད་ཁྱོད་ཀྱིས་སྡུག་མིག་མ་བཙུམ། རོ་རྣ་མ་འགེབ་དང་ཅུང་ཟད་ཤེས་ངེས།
མིའུ་ཕྲུག ཁྱོད་ཀྱིས་མཚན་ཁ་ཤས་དྲངས་པ་དེར་བལྟས་ན་ད་རུང་དགེ་འདུན་དཀོན་མཆོག་ཡོངས་སུ་སྟོང་མེད་པ་འདྲ། ཡིན་ན་ཡང་། མཚན་ཁ་ཤས་དྲངས་པ་ཙམ་གྱིས་ག་ལ་འགྲིག ད་དེ་ཚོར་གང་ཤེས་རིག་གྲོལ་མ་གྲོལ་གྱི་ཡོན་ཏན་བརྒྱད་ཇི་ལྟར་ལྡན་པ། བྱང་འཕགས་མ་འཕགས་ཀྱི་ས་བརྒྱད་པ་ཇི་ལྟར་ཡིན་པ་དེ་ཚོ་རེ་རེ་བྱས་ནས་བགྲང་ཤོག ཡང་འཇིག་རྟེན་ཕལ་བའི་སྣང་ངོ་ལས་ཡོངས་སུ་འདས་པའི་མི་ལ་མགོ་སྐོར་གཏོང་བྱེད་ཀྱི་འགྲེལ་བཤད་དེ་ཚོ་ཁྱེར་མ་ཡོང་རོགས། གོ་བདེ་བའི་རྒྱུ་མཚན་མཛུབ་མོས་བགྲང་ཤོག དེ་མེད་ན། རྗེས་མ་ནས་ཁྱེད་ཀྱི་ཁ་ཏོན་ལ་འགྱུར་བ་བཏང་སྟེ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། རང་ཉིད་ལ་སྐྱབས་སུ་མཆིའོ འདི་ཐོན་དང་བསྐལ་བ་ཁྲི་ཕྲག་གསུམ་གྱི་རྗེས་སུ་ཁྱེད་རང་སངས་རྒྱས་མིའུ་ཕྲུག་ཅེས་བྱ་བའི་ངོ་བོར་འཚང་རྒྱ་བར་ཐེ་ཚོམ་མེད་དོ། རིགས་ཀྱི་བུ།
དྲང་པོ་བཤད་ན་ང་དང་པོར་མདའ་ཚན་པས་སེར་དམག་བླུགས་ཚུལ་གྱི་སྐད་ཆ་དེར་དགའ་མ་སོང་། བོད་ནང་གི་སློབ་ཆེན་པ་དང་སེར་མོ་བ་ཁག་གཅིག་གིས་དོན་མེད་ཕན་ཚུན་ཟུར་ཟ་བྱས་པའི་སྲོལ་དེ་འདིར་ཁྱེར་ཡོང་ན་ཡག་པོ་མི་འདུག་བསམ་བྱུང་། རྗེས་སོར་ཁྱེད་ཚོས་རྩོད་པ་མང་པོ་བརྒྱབ་སོང་སྟེ་མདའ་ཚན་པ་ལ་གླགས་ཁེལ་མ་སོང་། གནད་དོན་འདིའི་ཐད་ནས་ང་ནི་བརྒྱ་ཆ་བརྒྱ་ཐམས་པ་བར་གནས་བྱས་ནས་སྡོད་དགོས་བྱུང་སོང་།
ཕྱི་རྒྱལ་གྱི་ཡུལ་སྐོར་ལག་དེབ་ཅིག་ཏུ་དཀོན་མཆོག་གསུམ་ངོ་སྤྲོད་བྱས་འདུག དེ་ལ་སངས་རྒྱས་ནི་ལྷ་ཁང་སྦུག་ན་ཡོད་པ་དེ་རེད། དགེ་འདུན་ནི་ཆོས་གོས་སེར་པོ་གྱོན་ནས་ཉིན་གུང་གསོལ་ཚིགས་སློང་མཁན་འདི་ཚོ་རེད། ཆོས་ནི་ཁོང་ཚོས་ཁ་ཏོན་བྱེད་བཞིན་པ་དེ་རེད་ཅེས་བྲིས་འདུག དེ་འབར་མའི་ཡུལ་ཀྱི་ངོ་སྤྲོད་ཅིག་ཡིན་བསམ། དེར་ངས་འདི་ནོར་འདུག རྩོམ་སྒྲིག་ཁང་ལ་དེ་ལུགས་ཀྱི་ཡི་གེ་གཏོང་དགོས་ས་རེད་ཅེས་བཤད་པར་ངའི་གྲོགས་པོས་དེ་ཡོངས་གྲགས་ཀྱི་ངོས་འཛིན་བྱེད་ཚུལ་ཞིག་རེད། ཡི་གེ་བཏང་ན་ཕན་ཐོགས་གང་ཡོད་ཅེས་བཤད་སྟབས་ངས་ཡི་གེ་བཏང་མེད།
མིའུ་ཕྲུག་གི་རྒྱལ་བ་རིན་པོ་ཆེ་དང་ས་སྐྱ་གོང་མ་སོགས་ཀྱི་གྲལ་དུ་ཁོ་རང་ཡང་བཅུག་པ་དེར་བལྟས་ཚེ་མིའུ་ཕྲུག་ཁོ་རང་ལ་ཡང་རྒྱལ་བ་རིན་པོ་ཆེ་དང་ས་སྐྱ་གོང་མ་དགེ་འདུན་དཀོན་མཆོག་ཡིན་པའི་ཡིད་ཆེས་དངོས་གནས་ཤིག་མེད་པ་འདྲ།
མིའུ་ཕྲུག་ལ་མཚོན་ན་དགེ་འདུན་དཀོན་མཆོག་ཟེར་བ་འདི་གལ་ཆེན་པོ་ཞེ་དྲག་རེད།ཁོ་པས་དགེ་འདུན་དཀོན་མཆོག་གི་མིང་ཐོག་ནས་གཞན་ལ་བཤུ་གཞོག མགོ་སྐོར་བཏང་ནས་བྲན་བདག་ཞིག་གི་བསམ་བློ་བཏང་ནས་བསྡད་ཡོད་པ་རེད། དགེ་འདུན་དཀོན་མཆོག་མེད་པར་སྒྲུབ་པ་ཡིན་ན་ཁོ་ཁྲོམ་ལ་ཕྱིན་ནས་སློང་མོ་སློང་བ་ལས་ཐབས་མེད་པ་རེད། ཁོ་ཁ་ཕོར་གྱི་ཆེད་དུ་རྐུབ་ལ་ཟ་འཕྲུག་ལངས་ཀྱི་ཡོད་པ་རེད།
ངས་ཀྱང་དང་པོར་མདའ་ཚན་པའི་རྩོམ་དེ་ལ་དགག་པ་རྒྱག་དགོས་བསམ་སོང་། ཡིན་ན་ཡང་ལྟས་ངན་ཁོའི་རྩོམ་དེ་ལ་འཇུ་ས་གཅིག་ཀྱང་མེད་པ་ཞིག་བཟོས་འདུག མི་ཞིག་བསམ་ཚུལ་ཡིན་པ་གང་ཞིག་ལ་ཁོ་རང་གི་འདོད་ཚུལ་གྱིས་བརྒྱན་པ། མི་སྒེར་གྱི་བསམ་ཚུལ་ཡིན་པ་གང་ཞིག་ལ་གཏན་ཚིག་གི་རྒྱབ་བརྟེན་ཡོད་པ། མིང་ངན་པ་གང་ཞིག་ལ་དོན་གོ་རྒྱུ་ཆེན་པོ་ཡོད་པ། མདོར་ན་རིག་པའི་རྡོ་རྗེས་མདོ་སྡེ་རྒྱན་ཁྱེར་ཡོངས་ནས་གླགས་མ་ཁེལ་ན་མིའུ་ཕྲུག་གི་མུ་ཅོར་གྱིས་དེ་བས་ཀྱང་གླགས་ག་ལ་ཁེལ།
གངས་ཅན་བོད་པ་ཚང་ལ་བསོད་ནམས་ཟད་པའི་དན་རྟགས་སུ་གསར་སྐྱེས་གླེན་པ་ལུག་གི་རྟུལ་ཞུགས་ཅན་ཁ་ཤས་ཆ་རྒྱུས་མེད་པའི་འཆོལ་གཏམ་སྨྲ་བ་ལ་དགའ་ཞིང་སྨྱོ་གཏམ་དེ་དག་ལོག་སྤྱོད་ཀྱི་ངོ་བོ་ལས་མ་འདས་པས་འདི་དག་སུན་འབྱིན་ནན་པོ་ཞིག་གིས་ཚར་གཅོད་མ་བྱས་ཚེ། ཁོང་ཚོས་བཀའ་དྲིན་ལ་བསམ་ཤེས་མེད་བཞིན་སྙིང་ཁམས་བདུད་ཀྱིས་ཟིན་ཏེ་ཕ་མེས་ཀྱི་སྙིང་ནོར་དང་སྙིང་ནོར་དེ་དག་རྒྱུན་འཛིན་བྱེད་མཁན་གྱི་གང་ཟག་དག་ལ་ངོ་ལོག་དང་བསྐུར་འདེབས་འདིས་སྒང་པ་བོད་ཀྱི་བསྟན་སྲིད་ལ་གནོད་པས་ཚར་གཅོད་བྱེད་པའི་ལས་འདི་ཁོ་བོས་དྭང་དུ་ལེན་པ་བྱའོ། དེ་ཡང་ཁོང་ཅག་ནི་མུ་སྟེགས་པ་བཞིན་གཏན་ཚིགས་ཁས་ལེན་པའི་རིགས་པ་ཅན་ཞིག་མིན་ལ། ཚན་རིགས་པ་བཞིན་གནས་ལུགས་ཡོད་པའི་མཁས་པ་ཞིག་ཀྱང་མིན་པས་གྲོང་ཚིག་ཁོ་ན་ལས་མཁས་པའི་གཏམ་དང་ལེགས་བཤད་ཚིག་གི་དོན་མི་གོ་བས་ཁོ་ཅག་དང་མཚུངས་པ་སྡེབ་སྦྱོར་བྲལ་བའི་གྲོང་ཚིག་གིས་བཤད་པ་བྱ། ཡ་ཨ་རོ་མདའ་ཚན་པ་ཁྱོད་ཀྱིས་དགེ་འདུན་དཀོན་མཆོག་ཟེར་བ་དེ་ཅི་ཡིན་ཙམ་ཡང་ཤེས་མི་འདུག སྤྱིར་ཐེག་པ་ཆེ་ཆུང་དབང་གིས་དགེ་འདུན་དཀོན་མཆོག་དེ་འཇོག་ཚུལ་གཉིས་ཡོད་རེད། ཐེག་པ་ཆུང་ངུའི་དབང་དུ་བྱས་ན་ངེས་འབྱུང་གི་ཚུལ་ཁྲིམས་རྒྱུད་ལ་ལྡན་པའི་གང་ཟག་བཞི་འདུས་པ་ལ་དགེ་འདུན་དཀོན་མཆོག་ཟེར་གྱིན་ཡོད་རེད་མ་གཏོགས་གང་ཟག་རེ་རེས་ངོས་ནས་དགེ་འདུན་ཟེར་བཤད་ཀྱིན་ཡོད་མ་རེད། དེས་ན་ངེས་འབྱུང་གི་ཚུལ་ཁྲིམས་རྒྱུད་ལ་ལྡན་པའི་གང་ཟག་གྲངས་མེད་པ་གྲྭ་ས་ལ་ཡོད་རེད་དེ་དག་་ཁྱེད་ཅག་གིས་མཐོང་མི་ཐུབ་པ་ཁག་མེད་ཁོང་ཅག་བསླབ་པ་གསུམ་གྱི་ཉམས་ལེན་མཛད་ནས་དགོན་སྡེ་ལ་བཞུགས་ཡོད་པ་ལས་ཁྱེད་ཅག་ནང་བཞིན་བྲན་གཡོག་གི་བྱ་བ་བདག་ཏུ་བླངས་ཏེ་སྒོ་རྭའི་གད་སྙིགས་ཕྱགས། ཟ་ཁང་གི་ཕོར་པ་བཀྲུ ས། དབྱིན་མོའི་སྟུ་བལྡག་ནས་བཞུགས་ཡོད་མ་རེད། དེས་ན་ཁྱེད་ཅག་གི་ཁོར་ཡུག་ལས་རིང་དུ་བརྒལ་བས་མ་མཐོང་པ་རེད། གྲྭ་ཆས་གྱོན་པའི་སྤྱོད་ངན་པ་རེ་ཟུང་མཐོང་ཡོད་ཚོད་འདུག་པས་དེ་དག་ནི་ཁྱེད་ཅག་ནང་བཞིན་ཝིས་ཟ་ཐོབ་ཆེད་གྲྭ་བརྫུན་བཟོ་བའི་གྲོང་པའི་ཕ་རྒན་དེ་ཚོ་ཡིན་རྒྱུ་རེད། དེ་རིང་དེ་ཙམ་གྱིས་མཐུས་པ་བྱེད་རྗེས་སུ་རིམ་བཞིན་ཡོད
མིའུ་ཕྲུག ཁྱོད་ཀྱིས་ངའི་དྲི་བའི་ལན་ཐེབས་མི་འདུག མཆན་༤༩ པར་ལྟོས། ཁྱེད་རང་འདྲ་བོ་བླུན་པོ་གཡག་འདྲ་བ་དག་ལ་འགྲེལ་བཤད་རྒྱབ་བསྡད་པ་ལས་དབྱིན་མོའི་སྟུ་བལྡག་ན་དེ་བཟང་།
ཁྱེད་རང་གི་ཡིག་ནོར།དེ་ཙམ་གྱིས་མཐུས། ལུག་གི་རྟུལ་ཞུགས། ས་བོན་འདེབས་བཞིན་པ་ཞིག་ངེས་པས། མེད་པ་འགྱུར། ཐུགས་བརྒྱུད་ཀྱི་ཡོན་ཏན། མཆན་གཞན་པ་དག་ན་ཡིག་ནོར་འདི་ལས་ཀྱང་མང་། ཁྲེབ་རྒྱག་སྟངས་ནོར་བ་དེ་ཚོ་འདིར་དྲངས་མེད། དང་པོ་བོད་ཡིག་ཡག་པོ་ཞིག་སྦྱོངས། དེ་ནས་འདིར་ཤོག ངས་ཁྱོད་ལ་འཁོར་གསུམ་བསྐོར། དགོན་པའི་མཐའ་སྐོར་གྱི་བསྐོར་ན་རྫོགས་མཐའ་མེད་པའི་འཁོར་ལོ་དེ་ཚོ་བཞིན་བསྐོར།
མིའུ་ཕྲུག ཁྱེད་རང་མདའ་ཚན་པའི་རླིག་པའིནང་གི་སྤུ་གཅིག་གི་དོ་ཟླ་ཡང་ཡོང་དཀའ། ཁོང་གིས་རྟ་ཡི་སྐོར་གསུང་གི་འདུག ཁྱེད་ཀྱིས་བོང་གུའི་སྐོར་ལབ་ཀྱི་འདུག ཁྱེད་རང་གིས་མེ་མདའ་གནམ་འཕེན་བྱེད་ཀྱི་འདུག
ཁོང་ངས་ངོ་ཤེས། ཁོང་ནས་གཡོག་ལས་བྱས་ན་ཡང། རྒྱལ་གཅེས་མ་དངུལ་ཆད་མེད་དུ་འབུལ་གྱི་ཡོད་པ་མ་ཟད། ཕ་ཡུལ་ལ་དངུལ་བསྐུར་གྱི་འདུག རྒྱ་གར་ལ་དངུལ་བསྐུར་གྱི་འདུག དཔེ་ཆ་དཔར་མཁན། དགོན་པ། ཚོགས་པ། བོད་དོན་ཆེད་སུ་ཞིག་ཞལ་འདེབས་སློང་བར་ཡོང་ན་ཞལ་འདེབས་འབུལ་གྱི་འདུག བོད་ནང་དུ་ཡང་བོད་དོན་ཆེད་ཕྱག་ལས་གནང་ཡོད་ཚུལ་གོ ད་ཁྱེད་ཀྱིས་ག་རེ་བྱེད་ཀྱི་ཡོད། ཁྱེད་རང་གིས་རྒྱལ་གཅེས་མ་དངུལ་འབུལ་གྱི་ཡོད་དམ།
དྲང་མོ་ཤོད་དང་། ཁྱེད་རང་གིས་མགོ་སེར་ཚོར་མགོ་སྐོར་གཏོང་གི་ཡོད་ཚུལ་དེ་འདྲ་ངས་གོ་མྱོང་། དེ་བདེན་པ་ཡིན་མིན་ཁྱེད་ལ་ཁ་ཐུག་དྲིས་པ་ཡིན།
ད་ཆོགས་ད་ཆོགས ཁྱེད་ཚོས་ཁྱི་ཕྲུག་ལ་མང་པོ་མ་ལབ། ཁོ་ཅུང་རྩ་མི་ཚངས་བ་ཞིག་ངོ་མ་རེད་ཤག ཁོ་ལ་གང་བྱུང་མང་བྱུང་ལབ་ན་སྡུག་ཏུ་འགྲོ་གི ཁོས་ཕལ་ཆེར་བོད་ཡིག་གཅིག་པོ་ལས་ཤེས་ཀྱིན་མེད་པ་འདྲ། སྐྱེ་བ་ནས་སྐྱེ་བར་མི་ཨིན་འདྲ་གཤིས་ངན། རླུངས་ཚ་པོ། གཏི་ཐུག་ཅིག་ཏུ་མི་སྐྱེ་བར་ཤོག གཞན་པ་ལ་སྟ་སྒོས་མིན་འདུག ཁོའི་སྐད་ཆ་ལབ་ཡ་གཅིག་པོ་གཟིགས་ན་ཁོ་རང་གི་མི་ལུས་ཐོབ་པ་དེ་ངོ་ནས་རིན་ཐང་མིན་འདུག་བསམ་གི ཁོས་ཡེ་ཤེས། སྤོབས་པ་། མགོན་པོ་ཕྱག་གཉིས་པ། མདའ་ཙན་པ་ཚང་མ་ལོ་ངན་པ་བཤད་པ་རེད། མི་འདི་འདྲ་ངན་པ་ཡང་བོད་ལ་ཡོད་པ་རེད། དགོང་དག བོད་ཡིག་ཞེ་དྲགས་ཡགས་པོ་མེད།
དགོང་དག
ཁྱི་ཕྲུག མདའ་ཚན་པ་ཁ་སང་དེ་རིང་སྨྱོས་འདུག་ཟེར། ཁོ་ལ་ཁ་གཙེ།
ཁྱི་ཕྲུག་མ་རེད་མིའུ་ཕྲུག་རེད། དགོངས་ཏག
དོར་མའི་ཁུགས་སོ་ནས་རླིག་སྤུའི་རིན་ཐང་ལ་དཔྱད་པའི་དོ་ལོ་སྔོན་པོ་དང་། རང་གཤིས་ངན་པ་ཞིག་གིས་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་ཁེར་ཉལ་བ་འདི་དག་ནི་རྣམ་དཔྱོད་ཀྱི་བློ་གྲོས་ཁབ་མིག་ལས་དོག་ཅིང་རང་རིགས་ཀྱི་ལ་ཞེན་བ་སྤུའི་བུ་ག་ལས་ཀྱང་ཆུང་བ་མ་ཟད་བྲན་བདག་གི་ཞལ་ངོ་མཐོང་དུས་དྲིན་ཅན་ཕ་མའི་ལས་དབང་བརྗེད་མཁན་ཤ་སྟག་སྣང་བས་ལན་སྟེར་བའི་ངལ་བ་མ་བྱས་སོ། འོན་ཀྱང་ཁོས་མི་ཕྲུག་གིས་བོད་ཡིག་གཅིག་པུ་ལས་ཤེས་ཀྱིན་མེད་པ་འདྲ་ཟེར། དེ་བདེན་པ་རེད་ངས་བོད་ཡིག་གཅིག་པུ་ལས་ཤེས་ཀྱིན་མེད་ལ་འདི་ལས་གཞན་ཤེས་དགོས་པའི་རེ་འདོད་ཡང་མེད། ངས་བོད་ཡིག་ཤེས་ཚད་ཐོག་ནས་འཛམ་གླིང་སྐོར་གཡེང་བྱེད་ཐུབ་སོང་ལ་རང་ལས་གཞན་པ་ཡང་ཁ་གསོ་ཐུབ་སོང་། ཁྱེད་ཅག་སྐད་ཡིག་མང་དུ་ཤེས་པ་བདེན་ངེས་ཀྱང་ཕན་པ་ཅི་ཞིག་འདུག ཟ་ཁང་གི་ཕོར་པ་བཀྲུ ་སྤྱད་དང་། སྦྱིན་བདག་གི་ཕྲུ་གུ་བལྟ་ཆེད། ད་དུང་བྱ་དེ་གསོད་བྱེད། ཕག་པ་བཤའ་ཆེད་སོགས་མདོར་ན་བྲན་གཡོག་གི་ཁོར་ཡུག་ལས་མ་འདས་པའི་ཕྱིར། ཁྱེད་ཅག་ནི་སྔ་ནས་ཁྲེལ་དང་ངོ་ཚ་སྤངས་ཤིང་ཕྱི་རྒྱལ་འགྲོ་བའི་ཆེད་དུ་རང་ལུས་བཙོངས་ཏེ་ཟ་ལེ་རྒྱ་རུ་འཁྲབ། ཝིས་ཟ་ཐོབ་པའི་ཆེད་དུ་མགོ་སྐྱེས་ཀྱི་སྐྲ་ལོ་བྲེག་ཏེ་གྲྭ་པ་བརྫུ་་མ་བཟོས། ལག་དངུལ་ཅུང་ཟད་རག་ཆེད་ལས་དང་རྒྱུ་འབྲས་དོར་ཏེ་ཆོས་དང་རིག་གཞུང་ལ་བརྒོལ་མཁན་ཤ་སྟག་ཡིན་སྟབས་གནས་ལུགས་ཀྱི་སྐད་ཆ་བཤད་ཀྱང་ཕན་པ་ཆེར་མེད་པས་སྤྲོས་པ་དོར། མདའ་ཚན་པ་འདི་སྡོང་པོ་དོར་ནས་ཡལ་ག་ལ་འཇུ་མཁན་ཞིག་རེད་མ་གཏོགས་རྩ་བའི་ཆ་ནས་མི་རིགས་ལྡན་ཞིག་འདུག་པས་བསླབ་བྱ་ཅུང་ཟད་སྦྱིན་པ་བྱའོ།
མིའུ་ཕྲུག ཁྱེད་ཀྱིས་མི་ལ་མགོ་སྐོར་བཏང་ནས་ཕྱི་རྒྱལ་ལ་འགྲོ་བ་དེར་ང་ཧང་སངས་དགོས་མེད། ཁྱེད་ཀྱིས་འཛམ་གླིང་སྐོར་གཡེང་བྱེད་པའི་དངུལ་དེ་ཚོ་གང་ནས་བྱུང་བ་རེད། དེ་ཁྱེད་རང་ལ་མི་ཁ་ཤས་གསོ་རྒྱུ་ཡོད་པ་དེ་ཚོའི་བཀའ་དྲིན་གྱིས་བྱུང་བ་མ་རེད་དམ། གལ་སྲིད་ཁྱེད་རང་གི་དགོན་པ་སྟོང་པ་ཡིན་ན་ཁྱོད་ལ་དངུལ་ཞིག་གང་ནས་ཡོང་། ཁྱེད་ཚོའི་བྱེད་སྤྱོད་སྡུག་དྲགས་ནས་དགོན་པ་སྟོང་པར་ཆགས། སྤྱིནབདག་ཡོང་ཁ་ལ་མོ་དགོན་པ་སྟོང་པ་མིག་སྟོན་པའི་ཆེད་དགོན་པ་གཞན་ནས་གྲྭ་པ་གཡར་དེ་འདྲ་མིའི་བསམ་ཡིད་ལས་འདས་པའི་ལས་ཀ་ཐབས་སྡུག་བྱེད་ཀྱི་ཡོད་པ་ངས་ཤེས་ནས་བཤད་ཀྱི་ཡོད། ཁྱེད་རང་ཀློ་བོའི་ས་ཆར་ག་རེ་བྱེད་དུ་ཕྱིན་པ་ཡིན། དྲང་མོ་ལབ་ད།
ཀེ མིའུ་ཕྲུག ཁྱེད་རང་གིས་ཅི་ཤོད་ལེ། ཁྱོད་ཡལ་ག་ལ་མ་འཇུས་པར་སྡོང་བོ་ལ་འཇུས་འདུག མི་ཚང་མར་གཤེ་གཤེ་གཏོང་རྒྱུ་དེ་ཁྱེད་ལ་མཚོན་ན་སྡོང་བོ་རེད། གཞན་བགྲོ་གླེང་གི་བརྗོད་བྱ་གཙོ་བོ་དེ་ཚོ་ཁྱོད་ལ་མཚོན་ན་ཡལ་ག་རེད། ཁྱེད་རང་གིས་རང་ཉིད་སྡོང་བོ་ལ་འཇུས་ཡོད་བསམ་གྱི་ཡོད་པ་རེད་དེ་དོན་ངོ་མ་ཡལ་ག་ལ་རང་ཉིད་འཇུས་ཀྱི་ཡོད་པ་དེ་ཤེས་ཀྱི་མི་འདུག ད་དགེ་འདུན་དཀོན་མཆོག་གི་སྐོར་ལན་འདེབས་རྒྱུ་མེད་ན་ངས་མང་པོ་འབྲི་མི་འདོད། རང་གིས་གཞན་པ་ཚོ་དང་མཉམ་དུ་ཁ་རྩོད་ཚིག་རྩོད་བྱོས། གནས་སྐབས་བདེ་མོ། ཡིག་ནོར་ལ་གཟབ།
ཡིག་རྡོག་གཉིས་སུམ་ཞིག་བྲིས་ན་ཡིག་ནོར་གཉིས་གསུམ་ཞིག་མེད་པ་མི་འདུག སྐྲ་ལོ་བྲེག གྲྭ་པ་བརྫུ་་མ་བཟོས། རིག་གཞུང་ལ་བརྒོལ་མཁན། སྦྱིན་པ་བྱའོ།
ང་ཚོ་སུ་ཡང་གཟབ་ནན་མ་བྱས་ཚེ་ཡིག་ནོར་ཤོར་འགྲོ་བ་འདི་གོམས་གཤིས་སུ་འདུག་པས་ཁྱེད་རང་ཉིད་ཀྱི་མཆན་བུར་ཕྱིར་མིག་ཞིག་གྱིས་དང་ང་ལས་ཡིག་ནོར་མ་མང་ན་ཉུང་བའི་ཚད་དུ་མི་འདུག འོན་ཏེ་ངས་བྱིས་པའི་རྒྱག་རེས་བཞིན་རྩོད་པའི་ཆེད་དུ་རྩོད་པ་བྱེད་འདོད་གཏན་ནས་མེད། དེས་ན་ངས་དགེ་འདུན་དཀོན་མཆོག་སྐོར་ཁྱོད་ལ་གསལ་འདེབས་ཅུང་ཟད་ཀྱིས་ལམ་ནོར་གྱི་གཡངས་ས་ཆེན་པོ་ལས་སྒྲོལ་བ་བྱའོ། ཉོན་ཅིག་མ་རིགས་ཀྱི་བུ།
ཐུབ་ཚུལ་ཆོས་ཀྱི་ཐེག་པའི་ཀླུང།། རྣམ་དཔྱོད་བློ་ཡིས་བསྐྱིལ་བ་ལས།།
ཟབ་དོན་ངེས་པའི་གཞུང་གི་དོན།། བློ་ཆུང་སྐྱེ་བོའི་སྤྱོད་ཡུལ་མིན།།
དེས་ན་ཐེག་པ་སོ་སོར་ཡིས།། དགེ་འདུན་དཀོན་མཆོག་བཞེད་པའི་ཚུལ།།
ཁྱོད་ཀྱི་བློ་ངོར་ཤོང་དཀའ་བས།། བཤད་པའི་ངལ་བ་འདིར་མ་བྱས།།
འོན་ཀྱང་ཐུན་མོང་ཐེག་པའི་ཚུལ།། ཐར་པ་བགྲོད་པའི་ལམ་གྱི་གྲོགས།།
སྐྱབས་སུ་འོས་པའི་དགེ་བའི་གཤེས།། རྣམ་གཞག་ཅུང་ཟད་ཁྱོད་ལ་སྦྱིན།།
མཚོན་བྱ་དཔེ་དང་མཚོན་བྱེད་དོན།། སོ་སོར་སྐྱེས་དང་བྱང་འཕགས་ཚུལ།།
དེ་བཞིན་རིག་གྲོལ་ཡོན་ཏན་སོགས།། ད་ལྟ་ཁྱོད་ཀྱིས་སྤྱོད་ཡུལ་མིན།།
དེའི་ཕྱིར་ཁ་གསལ་གོ་བདེ་ཡིས།།དགེ་འདུན་དཀོན་མཆོག་མཚན་ཉིད་ནི།།
སྡེ་གཉིས་ལུགས་ཀྱིས་མཛེས་པ་ཡི།། ངེས་འབྱུང་ཚུལ་ཁྲིམས་རྒྱུད་ལྡན་ཅན།།
དེ་དག་དགེ་འདུན་དཀོན་མཆོག་སྟེ།། གང་དང་འགྲོགས་པས་དུ་ཁའི་གནས།།
འཁོར་བའི་གྲོང་ལས་ཐར་བ་ཡི།། བྱ་བ་བྱེད་ལ་ཐེ་ཚོམ་མེད།།
ཟླུམ་གཟུགས་གོ་ལ་རིལ་པོའི་ངོགས།། ཞི་དང་བདེ་བ་ཇི་སྙེད་དང་།།
སྟོང་དང་རྟེན་འབྱུང་ལྟ་བ་ཀུན།། དགེ་འདུན་དཀོན་མཆོག་མཛད་འཕྲིན་ཡིན།།
ཁྱད་པར་བོད་ཀྱི་བསྟན་སྲིད་ལ།། དགེ་འདུན་སྡེ་དང་བྲལ་གྱུར་ན།།
བོད་ཀྱི་རིག་གཞུང་ལེགས་བྱང་ཀུན།། རྗེས་ཤུལ་ཙམ་ཡང་མེད་པར་ངེས།།
ལུས་སྲོག་ཕངས་སེམས་མེད་པ་ཡིས།། བསྟན་དང་འགྲོ་ལ་ཕུལ་བའི་ཚུལ།།
འདི་ལོ་གསུམ་པའི་དགེ་འདུན་དག། ལོང་བ་ཁྱོད་ཀྱིས་མ་མཐོང་མཚར།།
ཆོས་དང་ཟང་ཟིང་གང་ཐད་ནས།། བོད་ཀྱི་ཚེ་སྲོག་འཛིན་པ་ཡི།།
དགེ་འདུན་དཀོན་མཆོག་ཡོངས་ཀྱི་གཙོ།། ཐམས་ཅད་མཁྱེན་པ་མི་ཤེས་སམ།།
བཀའ་དྲིན་གསོ་བའི་སེམས་མེད་ཀྱང་།། དྲིན་ལན་ལོག་པའི་འཆོལ་གཏམ་དག།།
སྨྲ་བའི་ལྕེ་རིང་མ་གཡོ་བ།། ད་གཟོད་བགས་ཡོད་གྱིས་ཤིག་གུ།།
ཁྱེད་རང་གིས་ངའི་གོང་གསལ་གྱི་དྲི་བ་དེའི་དོན་དག་ད་རུང་མགོ་ཚོས་མི་འདུག ད་རུང་ལན་ཐེབས་མི་འདུག ཡང་སྐྱར་མཆན་༤༩བ་ཀློགས་དང་། ཁྱེད་རང་གི་ངལ་བ་འབྲས་མེད་ལ་ཕྱིན་འདུག ལན་མེད་པ་ནི་ཕམ་པ་རྣམས་ཀྱི་མཐར་ཐུག་གོ
དང་པོ་རྩོམ་དེ་ཡག་པོ་ཞིག་ཀློགས། དེ་ནས་མཆན་ཚང་མ་ཡག་པོ་ཞིག་ཀློགས། དེ་ནས་གང་དྲིས་པའི་ལན་ཏག་ཏག་བཏབ་ཤོག གཞན་པ་སྐད་ཆ་མང་པོ། གནད་ལ་མི་འཁེལ་བ་དེ་འདྲ་བཤད་བསྡད་ན་ཆུ་ཚོད་འཕྲོ་བརླག་རེད། སང་ཉིད་ང་ལ་སློབ་ཁྲིད་ཅིག་ཡོད། དེ་གྲ་སྒྲིག་བྱེད་དགོས། གཟིམས་འཇགས་གནང་།
ཁྱེད་ཀྱིས་དབྱིན་མོའི་སྟུ་བལྡག་ཚུལ་ཁྲིད་རྒྱུ་ཡིན་ནམ། དེ་ཡིན་ན་མགོན་པོ་ཕྱག་གཉིས་པ་ལ་ཡང་ལན་ཞིག་ཡོད་པ་གྱིས་ཁོས་དེ་སྒུག་ནས་ཡོད་རེད།།
མདའ་ཚན་པ་འདི། གོ་བ་མེད་པའི་གླང་རྒན་ལ་།། རྒྱལ་པོའི་བཀའ་ལས་དབྱུག་པ་བཙན།། ཞེས་པ་ལྟར་ངས་གནས་ལུགས་དང་བདེན་དོན་དེ་ཙམ་ལ་གོ་བ་མི་ལེན་པའི་སྐྱེ་བོ་ལོག་ལམ་ཅན་ཞིག་རེད་འདུག་པས་ད་ཁྱོད་ཀྱི་མི་ཚེ་ལ་རེ་བ་མེད་ཀི།
མདའ་ཚན་པ་ཁྱེད་ཉིད་ཕྱིས་སུ་མི་ཡི་ཡིག་ནོར་འཚོལ་རྒྱུ་ལས་རང་གིས་བྲིས་པ་རྣམས་ལ་དག་བཅོས་རེ་ཡང་གནང་ན་ལེགས། འདི་དག་ནི་ཁྱེད་ཀྱི་མཆན་བུ་ནང་གི་ཡིག་ནོར་མ་རེད་རྩོམ་ཡིག་ནང་གི་ཡིག་ནོར་རེད། མཆན་བུ་ནི་ང་ཚོས་ཐོལ་བྱུང་དུ་འབྲི་བར་བརྟེན་ཡིག་ནོར་མང་དུ་ཤོར་བ་ངེས་ཀྱང་རྩོམ་ཡིག་དག་དེ་ལས་ལེགས་པ་ཞིག་ཡིན་དགོས་པ་ནི་དྲྭ་བདག་གིས་རྩོམ་ཡིག་འབྲི་དབང་མི་ཁ་ཤས་ལས་སྤྲད་མེད་པ་འདིས་ཀྱང་ཤེས་ཐུབ། སྒྲུང་སྙན་མི་ཞིག་དང་ བསམ་གཞིགས་ ཞུ་གི་ཡིན་ ཨམ་ཅོག ཅོར་ཅོར་ ཀྲོང་ཀྲོང་བྱས་སྡོམ་ཞིག་བརྒྱབས་འདུག སྙམ་པ་འདུག
སྟག་དར་མས་དར་མ་ཐུབ་རབས་མེད། ང་སྟག་རྒན་རྒན་རྒྱུག་ནས་བར་ཞིག་བྱེད།
འབྲོང་དར་མས་དར་མ་ཐུབ་རབས་མེད། ང་འབྲོང་རྒན་རྒྱུགས་ནས་བར་ཞིག་བྱེད།
ཁྱོད་གླུ་བས་གླུ་བ་ཐུབ་རབས་མེད། ང་མི་རྒན་རྒྱུགས་ནས་བར་ཞིག་བྱེད།
སྟག་དར་མས་དར་མ་ལོས་ཀྱང་ཐུབ།།
སྟག་མཆེ་བ་ཅན་པོ་མདའ་ཚན་རེད།།
འབྲོང་དར་མས་དར་མ་ཐུབ་ནི་རེད།།
འབྲོང་ར་ཁ་ཅན་པོ་མདའ་ཚན་རེད།།
གླུ་བས་གླུ་བ་ཐུབ་ཐུབ་དང་ཐུབ།།
གླུ་རྩ་བ་ཅན་པོ་མདའ་ཚན་རེད།།
ནགས་བ་སྤུ་ཙམ་ཞིག་མེད་ས་ན།།
སྟག་མཆེ་བ་ཅན་ཞིག་གང་ན་ཡོད།།
རྫ་མགོ་བོ་ཙམ་ཞིག་མེད་ས་ན།།
འབྲོང་ཀ་ཅན་ཞིག་གང་ན་ཡོད།།
སྐད་ཆལ་ཆོལ་མང་པོ་འདྲེས་ས་ན།།
གླུ་རྩ་བ་ཅན་ཞིག་གང་ན་ཡོད།།
སྟག་ཐིག་ལེ་ཅན་པོ་ནགས་ནས་འགྱིང་ན།།
གན་ལོའུ་ལུ་སེར་ཆུང་ཁུང་ནང་བརྒྱལ།།
འབྲོང་རུ་ཐུར་ཅན་པོ་རྫ་ནས་འགྱིང་ན།།
གན་རྟོལ་ལེ་གྭ་ལིང་ལྷས་ན་འདར།།
གླུ་སངས་སངས་སངས་ཤིག་ཁྲོམ་ནས་བླངས་ན།།
གན་གླུ་མེད་ཞི་ལི་ལྕེ་རྩེ་རྟུལ།།
མིའུ་ཕྲུག ང་ལ་མཚོན་ན་རྩོམ་ཡིག་དང་མཆན་གཉིས་ལ་ཁྱད་པར་མེད། ཡང་ཁྱད་པར་མེད་ལབ་ན་འགྲིག་གི་མི་འདུག ཁྱད་པར་ཞིག་ཡོད་པ་ནི་མཆན་ནི་རྩོམ་ཞིག་དང་ཡང་ན་མཆན་ཞིག་དང་འབྲེལ་བ་ཡོད་པ་རེད། རྩོམ་ནི་མཆན་དང་མ་འབྲེལ་བའི་དོན་དག་ཅིག་རེད།
རྩོམ་ཡིན་ན་ཡང་འདྲ། མཆན་ཡིན་ན་ཡང་འདྲ། དྲ་ཁང་ནང་ལ་འཛུལ་བ་དང་ཤར་ཤར་འབྲི་རྒྱུ་ཙམ་རེད། ངའི་སེམས་ནང་རྩོམ་ཞིག་བྲིས་པ་ནི་སྐྱག་པ་ཞིག་བཏང་བ་དང་། མཆན་ཞིག་རྒྱབ་པ་ནི་གཅིན་པ་ཞིག་བཏང་བ་ཙམ་ཡིན། ག་རེ་ཡིན་ན་ཡང་གསང་སྤྱོད་ནང་སླེབས་པ་དང་གཏོང་དགོས་པ་རེད།
འགའ་རེས་བཤད་ན་སྐྱག་པ་དང་གཅིན་པ་ཞིང་ཁ་ལ་ཡག་པོ་ཡོད་པ་རེད་ཟེར། ངས་ཁོ་ཚོ་ལ་ངའི་གཅིན་སྐྱག་དེ་ཚོ་དགོས་གལ་ཡོད་ན་ངས་བཏང་ཚར་བས་འདི་ན་མེད་ཁ་བརྡ་དྲ་ཁང་ནང་རྒྱུགས་ལབ་པ་ཡིན།
ད་དེ་རིང་ང་ར་བཟི་བསྡད་ཡོད། ངའི་བློ་རྒྱུད་འདིར་ལྷ་ཞིག་ཡིན་ནམ་ཡང་ན་འདྲེ་ཞིག་ཡིན སྔར་དང་མ་འདྲ་བའི་སྟོབས་ཤུགས་ཤིག་གིས་ཁེངས་འདུག ང་ནང་ཆོས་ཀྱི་གཞུང་ལུགས་དང་འགལ་ལ་ཡང་ན་མཐུན་པའི་ལམ་ཁ་གཞན་ཞིག་ཏུ་ཁྲིད་འགྲོ་གི་འདུག ང་ནུབ་ཕྱོགས་པའི་མཚན་ཉིད་རིགས་པ་དང་མཐུན་ལ་ཡང་ན་འགལ་བའི་ལམ་ཁ་གཞན་ཞིག་ཏུ་ཁྲིད་འགྲོ་གི་འདུག ང་ཚན་རིག་པ་ཚོས་བཤད་པའི་སྐད་ཆ་དེ་ཚོ་དང་མཐུན་ལ་ཡང་ན་འགལ་བའི་ལམ་ཁ་གཞན་ཞིག་ཏུ་ཁྲིད་འགྲོ་གི་འདུག མདོར་དེད་ན། འཁྲིད་མཁན་ང་རང་རེད་ལ་འཁྲིད་བྱ་ཡང་ང་རང་རེད། ང་རང་ང་རང་ཡིན། ང་རང་ཁེར་རྐྱང་ཡིན། ང་འཇིག་རྟེན་འདིའི་གཞུང་ལུགས་གང་གི་ཁོངས་ཡང་མི་གཏོགས། དེ་བས་ངའི་སྤོབས་པ་འདི་སུ་ཞིག་གིས་ཀྱང་གནོན་མི་ཐུབ།
ངས་གཅིན་སྐྱག་བཏང་བ་ཙམ་མིན་པར་ང་ལ་སྐྱུག་པ་ཞིག་ཀྱང་བསྐྱུག་ཡ་འདུག དོན་ངོ་མས་ངའི་སྐྱུག་པ་འདི་ཁ་ནང་ནས་ཐོན་མི་ཐོན་ང་རང་གིས་ཀྱང་ཤེས་དཀའ།
དྲ་གྲོགས་རྣམ་པ། ད་ཁྱེད་ཚོས་ཁ་བརྡ་དྲ་ཚིགས་འདི་གད་སྙིགས་གཡུགས་སའི་སྣོད་ཀ་ལྟ་བུ་ཞིག་མི་བཟོ་པའི་རེ་བ་ཡོད། གོང་དུ་རྣམ་དཔྱོད་མཚུངས་མེད་སྤོབས་པ་ལགས་ཀྱིས། མདོར་ན་རིག་པའི་རྡོ་རྗེས་མདོ་སྡེ་རྒྱན་ཁྱེར་ཡོངས་ནས་གླགས་མ་ཁེལ་ན་མིའུ་ཕྲུག་གི་མུ་ཅོར་གྱིས་དེ་བས་ཀྱང་གླགས་ག་ལ་ཁེལ། ཞེས་སོགས་གཞི་མེད་ཀྱི་ཉེས་འཛུགས་བྱས་པ་མ་ཟད། དྲ་གྲོགས་རྣམས་ཀྱིས་གཅིག་གཅིག་ལ་དགོས་མེད་ཀྱི་ཚིག་ངན་རྐྱང་རྐྱང་བཤད་དེ། ཆེས་ཡིད་དུ་འོངས་པའི་ཁ་བརྡ་དྲ་ཚིགས་འདི་ལྟ་འདོད་མེད་པ་ཞིག་བྱས་པས། ངས་རྩོད་གཞི་འདིའི་ཆ་ཤས་ལེན་འདོད་མ་བྱུང་བ་ཡིན་མ་གཏོགས། དགེ་འདུན་དཀོན་མཆོག་གི་སྐོར་ལ་ཟེར་རྒྱུས་ཕོངས་སོང་བ་གཏན་ནས་མིན། འོན་ཀྱང་ཁྱེད་ཚོས་ཅི་ཞིག་གསུང་འདོད་ཡོད་ན་གསུང་ཆོག ང་ལ་ཁྱད་པར་མེད། གཙོ་བོ་ཁ་བརྡ་དྲ་ཚིགས་དང་། བོད་མིའི་དཀའ་སྡུག་ལ་བསམ་བློ་བཏང་སྟེ། དོན་དག་ཡོད་པའི་སྐད་ཆ་རེ་གསུངས་རྒྱུའི་རེ་བ་ཡོད།
མདོ་སྡེ་རྒྱན་རེད་མི་འདུག རྒྱུད་བླ་མ་རེད་བཞག་དགོང་དག
ངས་བོད་ནང་གི་དྲ་གནས་ཤིག་ནང་ཤེས་གསལ། ཁ་བརྡ་དྲ་རྒྱ་ལ་ལྟོས། དམག་འཁྲུག་རྒྱག་སའི་གཡུལ་ས་ལྟ་བུ་ཞིག་རེད། དཔེ་མི་སྲིད་པའི་འཁྲུགས་པོ་རེད། ཀླུ་སྨྱོན་བྲོས་ཚར་འདུག ད་དཀོན་མཆོག་གིས་སྤོབས་པ་མཐའ་ཡས་ལ་རྒོལ་རྡུང་གཏོང་གི་འདུག་ཟེར། དེ་བས་ང་འདིར་ཡོང་བ་ཡིན། གོང་གི་གནས་ཚུལ་དེ་གང་དུ་ཡོད་མཐོང་མ་སོང་། སྡེ་ཚན་འདི་འཁྲུག་ཤོས་རེད། འདིའི་ནང་ཁྱོད་དཔའ་ང་དཔའ་མང་པོ་རེད། འགའ་རེས་དགེ་འདུན་ལ་སྐུར་བ་བཏབ་ནས་སྡིགས་པ་གསོག འགའ་རེས་གཞུང་ལུགས་གཏིང་ཟབ་པོ་ཁྱེར་ཡོང་ནས་མི་རྣམས་མགོ་འཐོམས་འཇུག། འགའ་རེས་དེ་ལ་རྩ་ནས་ཉན་ཤེས་མི་བྱེད། འགའ་རེས་ད་རུང་ཨུ་ཚུགས་བྱེད། ངོ་མ་སྒྱུ་མ་ལྟ་བུའི་ལྟད་མོ་འདི་ན་མཆིས། སྲིད་དོན་སྐམ་པོ་འབའ་ཞིག་ལ་དུས་རྟག་ཏུ་འཐམས་བསྡད་ན་ངོ་མ་ཡིད་བསུན། མཚམས་རེར་གཅིག་གཅིག་ལ་ཁ་རྡུང་རེ་གཏོང་རེས་བྱས་ན་ངས་རེ་རེ་བཞིན་དུ་ཀློག་ཅིང་གད་མོ་ཡང་དགོད་ཀྱི་ཡོད། འདི་གནས་ཚུལ་སྣ་མང་བགྲོ་གླེང་བྱེད་སའི་དྲ་རྒྱ་ཡག་མོ་ཞིག་ཡིན་པ་མ་ཟད་དགོད་གཏམ་སློང་ས་ཞིག་ཀྱང་རེད། ཁྱེད་ཚོས་བགྲོ་གླེང་བྱེད་སྐབས་ངས་ཁྱེད་ཚོ་མཁས་པ་རྐྱང་རྐྱང་རེད་བསམ། ཁྱེད་ཚོས་ཁ་རྡུང་གཏོང་རེས་བྱེད་སྐབས་ཁྱེད་ཚོ་བྱིས་པ་རྐྱང་རྐྱང་རེད་བསམ། ང་ཁྱེད་ཚོའི་བགྲོ་གླེང་ལ་དགའ་བ་བཞིན་ཁྱེད་ཚོའི་ཚིག་རྩོད་ལ་ཡང་དགའ། དྲ་བདག་ལགས་བཀའ་དྲིན་ཆེ། རྩོམ་འབྲི་བ་དག་བཀའ་དྲིན་ཆེ།
མདའ་ཚན་པ། འཇིག་རྟེན་གྱི་གཏམ་དཔེར། གཏམ་དྲིས་ན་མི་བཤད་སྒུག་ན་བཤད།། ཅེས་པ་ལྟར་དེ་རིང་ཁྱོད་ཀྱིས་ཁ་ནས་བདེན་གཏམ་བླ་ན་མེད་པ་ཞིག་ཤོར་ཏེ་ཁྱོད་ཉིད་ཀྱི་རང་གཤིས་གང་ཡིན་གསལ་བཤད་གནང་བ་འདི་ཡང་དཀོན་མཆོག་གིས་བཀའ་ཆད་ཡིན་པ་ཤེས་པར་གྱིས། སྡོམ་ནི།
ཁྱོད་ནི་་་་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་སེམས་ཅན་ཉམ་ཐག་གཅིག
ཁྱོད་ནི་་་་བསམ་ཤེས་མེད་པའི་སྐྱུར་འགོང་ཅན་གྱི་ཆང་བཟི་ཡ་མེད་གཅིག
ཁྱོད་ནི་་་་་༱གཅིན་སྐྱག་གང་སར་བཏང་བའི་བཙོག་བརྫད་ཅན་གྱི་འཁྱམས་པོ་ཐ་ཤལ་ཞིག
ཁྱོད་ནི་་་་་གཞུང་ལུགས་གང་གི་རྗེས་འབྲང་མིན་པའི་འཆོལ་གཏམ་སྨྲ་་ལ་གོམས་པ་ཞིག
ཁྱོད་ནི་་་་་་དཀོན་མཆོག་རྒོལ་བར་མི་འཚེར་རྒྱལ་གདོན་དམ་སྲི་དངོས་སུ་རྒྱུག་པ་ཞིག
ཁྱོད་ནི་་་་བློ་རྒྱུད་ལྷ་འདྲེས་བཟུང་བའི་སྨྱོན་པ་རིག་ཚོར་བྲལ་བ་ཞིག
ཁྱོད་ནི་་་་ཁ་བརྡ་དྲྭ་ཁང་ནང་དུ་ངན་སྐྱུག་བོར་བའི་རིག་པའི་གཞུང་གི་གཤེད་མ་ཞིག
ཁྱོད་ནི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཁྱེད་རང་གི་མཆན་བུ་ལས་བཤད་པ་ལྟར་མ་གཏོགས་ངས་ཉེས་འཛུགས་བྱས་མེད
དགེ་འདུན་དཀོན་མཆོག་སྙིང་རྗེ། རྒྱ་བོད་གཉིས་ཀྱི་མིག་ནང་གི་ཁྲག་གི་གྱུར་འདུག
ཁོ་རེ་ཅི་རྫོ་ལེ། ཁ་གྱང་ལ་འཁོར་ནས་ཧོའུ་༼སྨྲེ་ངག་༽འདེབས་པ་ལས་ཁ་རོ་ལ་འཁོར་ནས་ཧོའུ་བཏབ་ན་མི་བཟང་ངམ། ཡ་ཁོ་ར་འཛམ་བུ་གླིང༌། ཁྱོད་ཀྱིས་རང་ཉིད་སྐྱབས་སུ་བཟུང་ནས་ལྷོད་ལྷོད་བྱས་ནས་སྡོད་དང༌། དགེ་འདུན་དཀོན་མཆོག་དགྲ་བོ་རྒྱ་དམར་གྱི་མེ་མདའི་འོག་ང་ཚོ་གངས་ཅན་པ་ཚོའི་ཆེད་དུ་རྫོགས་ལ་ཉེ། གྲོགས་པོ་ལགས། རང་ཉིད་ཀྱི་ཁེ་གྲགས་ལས་བོད་དོན་མི་བསམ་ན། བཅོས་སྒྲུང་ཐན་ཐུན་རེ་ད་དུང་ཨ་རག་ལྟོས་དང་དུས་ཚོད་བསྐྱེལ་ཐབས་ཉན་ཡོང༌།
little knowledge is danger.”ཕྲན་བུའི་ཤེས་ཡོན་ཉེན་ཁ་ཆེ་ཟེར”བའི་དཔེ་ལྟར་བོད་མི་རིགས་འདི་ཕྱི་ནང་གཉིས་ཀའི་ཉེན་ཁའི་ནང་ཚུད་འདུག
དང་པོ། བོད་མི་ཡིག་རྨོངས་ནས་ཡི་གེ་ཤེས་མཁན་གྱི་གྲངས་འབོར་མང་དུ་སོང་ཡོད་ཀྱང་། ཚད་ཧ་ཅང་དམའ་བོ་ཡིན་པས་མི་རིགས་དང་མི་རིགས་ཀྱི་ཆོས་རིག་གི་ཚེ་སྲོག་སྲིང་རྒྱུར་ཕན་རྒྱུ་ལས་ལྡོག་ཏེ། བོད་མི་རིགས་འཐོར་ཞིག་གི་དཀྲོགས་གཏམ་དང་། རང་ཉིད་ཀྱི་རིག་གཞུང་ལ་འཁྱོག་བརྗོད་བྱེད་ཐུབ་ཙམ་གྱི་ཤེས་ཡོན་པ་ཀླད་ལོག་ཆར་རྗེས་ཀྱི་ཤ་མོ་ལྟར་མང་དུ་འགྲོ་གི་ཡོད་པ་ལས། མི་རིགས་ཀྱི་བདེ་སྡུག་ལ་འགྱུར་བ་གཏོང་ནུས་མཁན་གྱི་ཤེས་ཡོན་པ་ཚད་ལོངས་པ་མོ་གཤམ་གྱི་བུ་ལས་དཀོན་པར་མཐོང་ངོ།
གཉིས་པ། འཛམ་གླིང་གི་མི་རིགས་གཞན་པ་ཚོར་དབུ་ཁྲིད་སངས་རྒྱས་གསོན་པོ་ཞིག་མི་དགོས་པར། མི་དམངས་རང་གིས་རྒྱལ་ཁབ་དང་རིག་གཞུང་འཛིན་སྐྱོང་བྱེད་བཞིན་མདུན་ནས་མདུན་དུ་བསྐྱོད་ཀྱི་ཡོད་ཀྱང་། བོད་མི་རིགས་ལ་༧རྒྱལ་བ་རིན་པོ་ཆེ་ལྟ་བུ་སངས་རྒྱས་མངོན་སུམ་ཞིག་བྱོན་ནས་བདག་སྐྱོང་མ་གནང་ན། འཚོ་གནས་དང་རང་མགོ་མི་ཐོན་པའི་འུ་ཐུག ཁ་གསོན་པོ་དང་ལག་ཤི་བོ། ནམ་ཡང་འཚར་ལོང་བྱུང་རྒྱུ་མེད་པའི་མི་རིགས་ནད་པ་ཞིག་ཡིན་སྟབས། མི་རིགས་འདི་རྩ་མེད་དུ་འགྲོ་རྒྱུ་ལས་འཛམ་གླིང་གི་མི་གྲལ་ནས་འཚོ་གནས་དང་ཐོབ་ཐང་ལོན་མཁན་ཞིག་མིན་པ་གསལ་བོ་རེད།
གསུམ་པ། ད་དུང་ང་ཚོར་ད་ལྟའི་༧རྒྱལ་བ་རིན་པོ་ཆེ་འདི་ཙམ་གྱིས་ཀྱང་མི་འགྲིག་པར་སྐྱེ་རྒ་ན་འཆི་མེད་པར་དགོངས་ལོ་ཁྲི་ཕྲག་ལ་བཞུགས་ཐུབ་མཁན་གྱི་༧རྒྱལ་བ་རིན་པོ་ཆེ་ཞིག་མེད་ན་རང་མགོ་མི་ཐོན་པ་རེད། འོན་ཀྱང་དེ་ལྟ་བུའི་༧རྒྱལ་བ་རིན་པོ་ཆེ་ཞིག་ད་བར་དུ་མ་བྱོན་སྟབས། འུ་ཐུག་ནས་ཡང་སྲིད་འཚོལ་རྒྱུའི་ལམ་སྲོལ་འདི་གསར་བསྟོད་བྱས་ཀྱང་། ཆད་མཐུད་ཀྱི་འགྱུར་ལྡོག་མང་བའི་ལམ་སྲོལ་འདིས་སྐྱོབས་ཞོར་དང་སླུ་ཞོར་ལ་ད་བར་དུ་ཡོང་བ་ཙམ་ལས་ཕྱོགས་ཡོངས་ལ་ཁྱབ་ཐུབ་མེད་སྟབས་བོད་ཡུལ་ཤོར་བ་དང། སླར་ཡང་ལོན་རྒྱུའི་རེ་བ་ཆུང་དུ་འགྲོ་གི་ཡོད་པ་རེད།
བཞི་པ། ༧རྒྱལ་བ་རིན་པོ་ཆེ་ལྟ་བུའི་སངས་རྒྱས་དཀོན་མཆོག་ཅིག་དབུ་ཁྲིད་དུ་མ་བྱོན་ན། གཞན་བོད་མིའི་དབུ་ཁྲིད་ཀྱི་དབུ་ཁྲིད་མི་ཤེས་པ་དང་། བོད་མི་དམངས་ཀྱིས་ཆིག་སྒྲིལ་གྱི་སྟོབས་ཤུགས་བསྐྲུན་མི་ཤེས་པ་སོགས་གླེང་རྒྱུ་མང་ཡང་། བོང་བུའི་ཨ་འབྱོག་ནང་ལ་གསེར་བླུག་པར་དགོས་པ་མེད་དོ།
རྒྱ་ནག་ཀྱང་བོད་མི་རིགས་ལ་མི་སྐྲག་པར་༧རྒྱལ་བ་རིན་པོ་ཆེ་གཅིག་པོར་ཞེད་དགོས་པའི་རྒྱུ་མཚན་གོང་གི་དེ་མ་རེད་དམ། དེ་ནི་བོད་མི་རིགས་ལ་རྒྱུས་ལོན་གྱི་མཐོང་ཆུང་ཞིག་ཀྱང་རེད།
བོད་མི་ཚོས་༧རྒྱལ་བ་རིན་ཆེའི་སྐུ་ཚེ་མཛད་འཕྲིན་རྒྱས་བར་ཤོག་ཅེས་སྨོན་ལམ་འདི་གཅིག་པོ་བརྒྱབ་པས་འདང་གི་མེད་དེ། ད་དུང་བོད་མི་རིགས་ཁྲི་ལོ་བརྟན་པར་ཤོག་དང་། བོད་མི་རིགས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པར་ཤོག་ཅེས་བརྗོད་དགོས་པ་དང་། དེའི་ཆེད་དུ་ཆིག་སྒྲིལ་དང་འབད་བརྩོན་ཀྱང་བྱེད་དགོས་པ་རེད།
སངས་དཀོན་མཆོག་ཡོད་སར་ཆོས་དཀོན་ཅོག་ཡོད་ཅིང་། ཆོས་དཀོན་ཅོག་ཡོད་སར་དགེ་འདུན་དཀོན་ཅོག་ཀྱང་ཡོད་པ་རྩོད་མ་དགོས་པ་ཞིག་རེད། གུང་བྲན་ཏང་སོགས་ཁ་བྲལ་རང་ལུགས་པ་མང་ཡང་དཀོན་ཅོག་གསུམ་ཁ་བྲལ་གཏོང་རྒྱུ་ཡོད་པ་མ་རེད།
རེད། མིའུ་ཕྲུག
རེད། ང་ཁེར་རྐྱང་ཡིན། ང་རང་གི་བསམ་བློ་འདི་ང་རང་ཉིདལ་གཏོགས། གཞུང་ལུགས་གང་ཞིག་གི་བྲན་དུ་གྱུར་བའི་བསམ་བློ་མིན། ང་ཁེར་རྐྱང་ཡིན།
རེད། ང་ཆང་གིས་བཟི་ཡོད། ང་གནས་ལུགས་ཀྱི་ཆང་གིས་བཟི་དེ་ངས་སྐྱུར་འགོང་ཤོད་ཀྱི་ཡོད། ང་ར་བཟི་ཡིན།
རེད། ངས་གཅིན་སྐྱག་གང་སར་གཏོང་གི་ཡོད། ངའི་གཅིན་སྐྱག་ནི་ཁྱོད་ཀྱིས་འཐུང་བཞིན་པའི་ངའི་མཆན་འདི་དག་ཡིན། མི་མཐུད་དུ་འཐུངས་ཤིག
རེད། ང་རིགས་པ་ཁུངས་མེད་རྣམས་ཀྱི་གཤེད་མ་ཡིན། གཞུང་ལུགས་གཅིག་རང་གཅིག་གི་བྲན་དུ་ཚུད་པ་རྣམས་ཀྱི་གཤེད་མ་ཡིན། ང་ལ་གཡོལ་ཞིག
རེད། ཁྱེད་རང་གིས་ང་ལ་བསྟོད་ར་བཏང་འདུག དེ་ཉེས་འཛུགས་ཤིག་མ་རེད། ང་རང་སྤོབས་པས་སྨྱོས་ཏེ་འགད་ལ་ཁད།
རེད། སྟག་སྨྱོན། ངས་ཅུང་ཟད་མ་གཏོགས་མི་ཤེས། ཅུང་ཟད་ཤེས་པ་དེ་གཞུང་ལུགས་གང་ཞིག་ཡིན་ཡང་དེའི་ལྡོགས་ཕྱོགས་ཁོ་ནས་བསམ་བློ་གཏོང་རྒྱུ་ཤེས་པ་ཙམ་ཡིན།
རེད། འདི་གཅིག་བྱས་ན་ཉེན་ཁ་རེད། གཅིག་བྱས་ན་རྙེད་པ་རེད།
ཁྱེད་ཚོ་རྒྱུགས་ཤིག མཉམ་གཅིག་ཏུ་རྒྱུགས་ཤིག རང་གང་ལ་དགའ་བའི་གཞུང་ལུགས་དེའི་རྗེས་ཁྱི་ཕྲུག་བཞིན་རྒྱུགས་ཤིག བྲན་བཞིན་རྒྱུགས་ཤིག ཁྱེད་ཚོ་ལ་གསར་གཏོད་ཀྱི་རེ་བ་ཡོད་མ་རེད། ང་ལ་མཚོན་ན་ཉུང་མཐའ་ཡང་རྨི་ལམ་ཞིག་ཡོད། རྨི་ལ་དེ་མ་འགྲུབ་ན་ཡང་ཤི་ཁ་ང་རང་ང་རང་ཡིད་བསམ་ནས་སྤོབས་དང་བཅས་ཤི་ཐུབ།
མིའུ་ཕྲུག་ལ་རང་ལ་ལྟ་བའི་མེ་ལོང་དགོས།
མདའ་ཚན་པར་གཞན་ལ་ལྟ་བའི་མེ་ལོང་དགོས།
མིའུ་ཕྲུག་གཞན་སྐྱོན་བཤད་རྒྱུར་དགའ།
མདའ་ཚན་པ་རང་བསྟོད་བྱེད་པར་དགའ།
གཞན་ལ་ལྟ་བའི་མིག་རེད་མེ་ལོང་མ་རེད།
སྐྱབས་གཞན་ལ་རེ་མཁན་མིའུ་ཕྲུག མུག་ཕྲུག ཁྱི་ཕྲུག་ལྟ་བུར་མཚོན་ན། རང་ཉིད་རང་གི་མགོན་ཡིན་ཟེར་བ་འདི་ཁ་གཡང་ཙམ་ཡིན་པ་རེད། ཁོས་ད་བར་བཤད་པའི་སྐད་ཆ་དེ་ཚོ་གནད་ལ་ཁེལ་བ་གཅིག་ཀྱང་བྱུང་མི་འདུག ད་ཁོ་པ་གང་ཞིག་ལ་བྲོས་ནས་གར་སོང་ཆ་མེད་དུ་གྱུར་འདུག ད་ཁོ་ལ་ཕྱིར་ཡོང་ཡོད་པ་མ་རེད། སྙིང་རྗེ། མདའ་ཚན་པའི་མདའ་མོ་རྣོན་པོ་དེ་ཁོའི་ཁ་ལ་ཕོགས་ཏེ་ཡ་ཁ་མ་ཁ་གཉིས་མཉམ་གཅིག་ཏུ་བརྒྱུས་ཏེ་ཁ་ལ་མི་སྨྲ་བའི་རྒྱ་བཀོད་འདུག ཐུགས་རྗེ་རབ་ཏུ་ཆེ། མདའ་ཚན་པ།
དགེ་འདུན་དཀོན་མཆོག་ཟེར་བ་ནི་་་་་ནང་བསྟན་ཆོས་ལུགས་ཀྱི་གཞུང་ནས་བཤད་པའི་ཐར་བ་དང་ཐམས་ཐད་མཁྱེན་པའི་ས་ལ་འགྲོ་བར་གྲོགས་བྱེད་པའི་ཆོས་གྲོགས་རེད། གྲྭ་པ་ཟེར་བ་ནི་བོད་མི་རིགས་ཀྱི་གདོང་མཆོང་དཔའ་བོ་དང་། བོད་མི་རིགས་དང་། ཆོས་ལུགས་རིག་གནས་སྐད་ཡིག་དང་བཅས་པའི་སྲོག་འཛིན་ལྟ་བུ་རེད། མདའ་མཚན་པར་ཆོས་དད་མེད་ཀྱང་རིགས་ཞེན་གྱི་ཟུར་ངོས་འདི་ནས་བོད་ཀྱི་དགེ་འདུན་པ་ཟུར་དུ་བཅད་ན་མི་འགྲིག་གི་སྙམ།