གནས་ཚུལ་གཏོང་མཁན། རྡོ་རྗེ་ཚེ་རིང་།
༄༅། །ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ནས་རྒྱ་གཞུང་གི་བཙན་གནོན་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་སྐབས། མདོ་སྨད་གཙང་དགོན་པའི་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ཀྱང་། གཙང་དགོན་པའི་ཞི་རྒོལ་སྐད་འབོད་བྱེད་མཁན་གྱི་སྣེ་ཁྲིད་པ་ཡིན་ལུགས་ཀྱིས་ལོ་དེའི་ཕྱི་ཟླ་ ༤ ནང་རང་དགོན་དུ་འཛིན་བཟུང་བྱས་ཏེ། ཁོང་དང་དགོན་པ་གཅིག་པ་སྔ་ལོར་བཙོན་གྲོལ་ཐོབ་ཟིན་པའི་དགེ་འདུན་པ་མཁས་གྲུབ་རྒྱ་མཚོ་ལགས་དགེ་འདུན་པ་ཚུལ་བཟང་རྒྱ་མཚོ་གཉིས་བཅས་ལ་སྔར་ནས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་ལུགས་ཀྱིས། ཁོང་ལ་ལོ་ངོ་ཧྲིལ་བོ་ ༡༠ ཙམ་ལ་རྒྱ་གཞུང་གི་བཙོན་འཇུག་མནར་གཅོད་བཏང་།
ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༡༥ ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༠༥།༠༠ ཡས་མས་སུ་ཟི་ལིང་(ཏོ་པ་ཅ་ཡི་)ཟེར་བའི་བཙོན་ཁང་ནས་ཁྲིམས་ཆད་དུས་ཡུན་ཚང་སྟེ་བཙོན་གྲོལ་བཏང་ཡོད་པ་དང་། མཚན་དཀྱིལ་ཡས་མས་སུ་ཕ་ཡུལ་གྱི་རང་ཁྱིམ་དུ་འབྱོར་ཡོད་འདུག ཡིན་ན་ཡང་། ས་གནས་ཀྱི་འབྲེལ་ཡོད་ལས་བྱེད་པས་ཉེན་བརྡ་སྔོན་སོང་བཞིན་པར་རྒྱག་པ་དང་ཕེབས་བསུ་གཟབ་རྒྱས་བྱེད་པ་སོགས་བྱེད་བཅུག་མི་འདུག
དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ནི་ད་ལྟའི་རྒྱ་གཞུང་གིས་བོད་ས་བཅད་བགོས་ལྟར་ན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གཙང་ཨ་རིག་ཉི་མཐའ་(ཞང་)ཡུལ་ཚོ། མཛོ་མོ་རི་ཆེན་ལྔ་བའི་ཕ་འདས་པོ་བློ་བྷེ་དང་། མ་ཚེ་རིང་སྒྲོལ་མ་གཉིས་ལ་ཕྲུ་གུ་བུ་བུ་མོ་དགུ་ཡོད་པ་ལས་ལྔ་བ་དེ་ཡིན་པ་དང་། ད་ལྟ་དགུང་ལོ་ ༤༤ ཙམ་ཡིན་འདུག
ཕྱི་ལོ་ ༢༠༠༢ ལོའི་ལོ་མགོར་འདི་ག་བཙན་བྱོལ་དུ་ཡོང་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པར་ལོ་གསུམ་ལྷག་ལ་སློབ་གཉེར་བྱས་རྗེས་ཕྱིར་བོད་དུ་ལོག་པ་རེད། འདི་གར་འབྲེལ་གྱིས་ཤེས་གསལ་ལྟར་ན། མཆོག་སྤྲིན་རྒྱ་མཚོན་ལགས་བཙོན་གྲོལ་ཐོབ་ཏེ་ཕ་ཡུལ་ནས་ཉིན་ཤས་བཞུགས་རྗེས་གཙང་དགོན་པར་ཕེབས་ཡོད་པ་དང་། ད་ལྟའི་ཆར་ཕྱིར་ལོགས་ནས་ཧི་ནན་རྫོང་གི་རང་ཁྱིམ་དུ་བཞུགས་ཡོད་འདུག་ལ་སྤྱིའི་ཆ་ནས་ཁོང་གི་སྐུ་གཟུགས་བདེ་ཐང་ཡིན་པར་ཚོད་དཔག་བྱེད་ཀྱི་མ་གཏོགས་ཞིབ་ཕྲ་ཤེས་གསལ་བྱུང་མེད།
འདི་ག་དྷ་སར་སྡོད་མཁན་བོད་ཀྱི་ནང་བསྟན་སྲི་ཞུ་ཁང་གི་ཞིབ་འཇུག་པ། རྡོ་རྗེ་ཚེ་རིང་གིས་མཁོ་སྤྲོད་བྱས།
སྐུ་ཚེ་བརྟན
བཙོན་ཁང་སྡིག་པ་སྦྱོང་བའི་ཞིང་མཆོག་ཡིན། །དེ་རུ་བསྡད་པས་སྐུ་ཚེའི་བར་ཆད་ཞི། །མ་འོངས་ཐར་བའི་ལམ་ལ་གེགས་མེད་ཅིང་། །དར་འབྱོར་ཕུན་ཚོགས་ལོངས་སུ་སྤྱོད་པར་ཤོག །
བཀྲ་ཤིས་བདེ་ལེགས།
མཆོག་སྤྲིན་རྒྱ་མཚོ་ལགས་བཙོན་གྲོལ་ཐོབ་པར་དགའ་བསུ་ཞི་ཞིང། ཁོང་ནི་རྡ་སར་ནོར་གླིང་གནས་སྡོད་དགའ་ཆེན་གྱི་ཕ་གཅིག་མ་གཅིག་གི་གཅེན་པོ་ཡིན་པ་དང་ཁོང་སྔོན་ཆད་རྒྱ་གར་དུ་ཡོང་མྱོང་བ་མ་ཟད། དགའ་ཆེན་དང་ཁོང་གཉིས་ཀྱི་གྲོས་བྱས་ཏེ་ཁོང་གིས་བོད་ནང་ནས་ལས་འགུལ་སྤེལ་བ་དང་དགའ་ཆེན་གྱིས་ཕྱི་ལོག་ནས་ཁྱབ་བསྒྲགས་བྱེད་རྒྱུ་བྱས་པ་རེད། ཁོང་གཅེན་གཅུང་གཉིས་ཀྱིས་དེ་ལྟར་གྲོས་ཐག་མ་བཅད་ན་མཆོག་སྤྲིན་རྒྱ་མཚོས་ལས་འགུལ་སྤེལ་ཚར་དུས་གྲགས་འགུལ་ཅི་ཡང་མེད་པར་འཇུ་བཟུང་བྱས་ན་ལས་འགུལ་དོན་མེད་དང་གྱོང་སྟོང་རེག་པའི་ཉེན་ཁ་ཡོད་པས་གཅུང་དགའ་ཆེན་གྱིས་གྲ་སྒྲིག་ཨང་གསར་གྱིས་ཕྱི་ལོག་ནས་ཉན་བསྡད་པས་ཁོང་གིས་ལས་འགུལ་སྤེལ་བ་དང་ལྷན་འདི་ནས་དགའ་ཆེན་གྱིས་བརྒྱུད་ལམ་ཁག་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་རེད། སྡུག་པོ་མྱང་མཁན་མཆོག་སྤྲིན་རྒྱ་མཚོ་ཆགས་པ་མ་གཏོགས་ལས་འགུལ་སྤེལ་མཁན་ཁོང་སྤུན་མཆེད་གཉིས་ཀ་རེད།