རྔ་བ་ཤེས་རབ་བམ་མིང་གཞན་དཀར་རོ་ཆིག་ཐུབ།
བསྟན་པ་འཛིན་སྐྱོང་སྤེལ་ཕྱིར་ཚན་རིག་སྦྱོང་།།
འགྲོ་རྣམས་བདེ་ལ་འགོད་ཕྱིར་ཚན་རིག་སྦྱོང་།།
མ་རྟོགས་ལོག་རྟོག་སེལ་ཕྱིར་ཚན་རིག་སྦྱོང་།།
རིག་གཞུང་གོང་དུ་སྤེལ་ཕྱིར་ཚན་རིག་སྦྱོང་།།
ཕས་རྒོལ་ཀླན་ཀ་ཟློག་ཕྱིར་ཚན་རིག་སྦྱོང་།།
གདུལ་བྱ་རྗེས་སུ་འཛིན་ཕྱིར་ཚན་རིག་སྦྱོང་།།
དེང་རབས་མི་གྲལ་སྙེག་ཕྱིར་ཚན་རིག་སྦྱོང་།།
ཚན་རྩལ་ལོག་ལམ་འགོག་ཕྱིར་ཚན་རིག་སྦྱོང་།།
ཆོས་ཚན་ཟུང་འབྲེལ་གནས་ཕྱིར་ཚན་རིག་སྦྱོང་།།
ནང་རིག་སྤྱི་ནོར་སྒྱུར་ཕྱིར་ཚན་རིག་སྦྱོང་།།
༡) བསྟན་པ་འཛིན་སྐྱོང་སྤེལ་ཕྱིར་ཚན་རིག་སྦྱོང་།།
བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་བར་སྤྱི་ཚོགས་ཀྱི་བསམ་བློའི་ལྟ་ཚུལ་ལ་རྒྱུས་ལོན་ཐུབ་པ་དགོས། དེ་ནི་སྔོན་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་མཁྱེན་ཞིང་དེ་ཁོ་ན་ལ་བསྟུན་ནས་ཆོས་གསུངས་པ་ལྟ་བུ་རེད། སྤྱི་ཚོགས་ཀྱི་ལྟ་ཚུལ་རྣམས་དང་ཁྱེད་ཀྱིས་བཤད་པའི་ཆོས་གཉིས་འགལ་བར་གྱུར་པའམ། སྤྱི་ཚོགས་ཀྱིས་ཁྱེད་ཀྱི་ལྟ་ཚུལ་བརྗོད་པ་རྣམས་རྙིང་ཧྲིལ་དང་དགོས་མེད་ལོག་བཤད་དུ་མཐོང་ན་ཁྱེད་ཀྱི་ལྷག་བསམ་ཅི་ཙམ་དག་ཀྱང་སྤྱི་ཚོགས་ཀྱིས་ཁྱེད་དང་ཁྱེད་ཀྱིས་བཤད་པའི་ཆོས་གཉིས་ཀ་འདོར་བར་འགྱུར་རོ།།
ཁྱེད་ཀྱིས་དངོས་སུ་མཐོང་ཐུབ་པའི་གནས་ལུགས་རྣམས་ཁས་མ་བླངས་པར་མཐོང་མི་ཐུབ་པའི་ལྐོག་གྱུར་གྱི་གནས་ལུགས་བརྒྱ་བཤད་སྟོང་བཤད་བྱས་ཀྱང་མི་རྣམས་ཀྱི་ཡིད་ཆེས་ནམ་ཡང་འདྲེན་མི་ཐུབ། དེས་ན་གནས་ལུགས་དངོས་སུ་མཐོང་ཐོས་གྱུར་པ་རྣམས་ཆོས་ལུགས་དང་མི་མཐུན་ན་སྤྱི་ཚོགས་ཀྱི་ལྟ་ཚུལ་དང་བསྟུན་ནས་འདོར་ལེན་བྱེད་པའི་སྙིང་སྟོབས་དང་རྣམ་དཔྱོད་ཡོད་དགོས་པ་དང་། ཆོས་ལུགས་ཀྱི་ལྟ་བ་རྣམས་བཅོམ་ལྡན་འདས་ཀྱིས་དགག་བྱ་དང་དགོས་པར་གཟིགས་ནས་གསུངས་པའི་གནས་ལུགས་འཆད་ཤེས་དགོས་ཀྱི་ཡོད། འདི་ལྟར་བྱས་ནས་བོད་ཀྱི་མི་རབས་གསར་པའི་གཞོན་སྐྱེས་ཚོ་ནང་ཆོས་ཀྱི་བསམ་བློ་དང་ཐག་རིང་དུ་མི་འགྲོ་བར་བློ་འགུགས་ཡིད་ཆེས་སྐྲུན་དགོས་ཀྱི་ཡོད་ལ། དེང་རབས་སྤྱི་ཚོགས་ཀྱི་ཁོར་ཡུག་ཏུ་ནང་བསྟན་གྱི་སྨན་མཆོག་ཁྱབ་སྤེལ་བྱེད་པའི་ལམ་ཁ་ཞིག་འཚོལ་དགོས་ཀྱི་ཡོད།
ནང་བསྟན་ཆོས་ལུགས་མི་ཉམས་རྒྱུན་འཁྱོངས་བྱེད་པ་དེ་བསྟན་པའི་འཕེལ་འགྲུབ་ཀྱི་གནས་བབ་ལ་སེམས་ཁུར་ཡོད་པའི་དགེ་འདུན་པ་ཀུན་གྱི་འཁན་འཁྲི་ཞིག་ཡིན་པ་དང་། དེ་ཡང་བྲག་ཁུང་དུ་འཛུལ་ནས་སྒྲུབ་པ་ཉམས་ལེན་བྱས་བསྡད་པ་དེས་གོ་མི་ཆོད་པར་བཤད་པའི་ཐོག་ནས་སྤྱི་ཚོགས་ལ་སྤེལ་དགོས་ཀྱི་ཡོད། དེ་ལ་སྤྱི་ཚོགས་ཀྱི་བསམ་བློའི་ལྟ་ཚུལ་དང་མོས་པ་མཁྱེན་དགོས་པ་དེ་དོན་གྱི་གནད་པོ་ཡིན་ནོ།།
༢) འགྲོ་རྣམས་བདེ་ལ་འགོད་ཕྱིར་ཚན་རིག་སྦྱོང་།།
དགེ་འདུན་པ་ཞིག་གིས་ཚན་རིག་སྦྱངས་ན་འགྲོ་བ་མིའི་བདེ་དོན་ལ་ཕན་པའི་སྒོ་མང་སྟེ། རབ་དང་མཆོག་ཏུ་གྱུར་པ་ནི་ཚན་རིག་པ་དངོས་གནས་ཤིག་ཆགས་སྟེ་ནང་སེམས་ཀྱི་གནས་ལུགས་རྣམས་ཚན་རིག་གི་བྱེད་ཐབས་བརྒྱུད་ནས་སྤྱི་ཚོགས་ནང་གསལ་འདོན་འགྲེལ་བརྗོད་དང་། དེ་དང་མཉམ་དུ་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་སྐྱེད་སྟངས། ཆགས་སྡང་ཁོང་ཁྲོ་སེམས་ཀྱི་གནས་བབ་རྣམས་ཇི་ལྟར་སྟངས་འཛིན་བྱེད་པའི་ཐབས་ལམ་གསར་བཏོད་བྱེད་པ།
དབང་རྩའི་ཚན་རིག་གི་ཁ་ཕྱོགས་དེ་ནང་བསྟན་ལས་བཤད་པའི་དངོས་ཡོད་སེམས་ཀྱི་གནས་ལུགས་དང་མི་འགལ་བའི་ཐབས་ལམ་འཚོལ་བ། ད་ཡོད་འགྲོ་བ་མིའི་ལུས་སེམས་ཀྱི་དཀའ་ངལ་སེལ་ཐབས་དང་། འཛམ་གླིང་ཁྱོན་ཡོངས་ཀྱི་མ་འོངས་མི་རབས་ཕྱི་མའི་བདེ་དོན་ལ་ཕན་པའི་ཚན་རིག་གི་ཕྱག་ལས་ཐོག་ནས་ལག་རྗེས་འཇོག་པ་སོགས་ནི་འགྲོ་བའི་བདེ་དོན་ལ་བསམ་གཞིགས་བྱེད་མཁན་དགེ་འདུན་པ་རྣམས་ཀྱིས་བྱེད་འོས་པ་ཞིག་དང་བྱེད་དགོས་པ་ཞིག་ཆགས་ཡོད།
༣) མ་རྟོགས་ལོག་རྟོག་སེལ་ཕྱིར་ཚན་རིག་སྦྱོང་།།
མ་རྟོགས་པ་དང་ལོག་པར་རྟོག་པ་ནི་ཆོས་དང་འཇིག་རྟེན་གང་ལ་ལྟོས་ནས་ཀྱང་སྤོང་དགོས་པ་ཡིན། ཆོས་ལུགས་ལྟར་ན་མ་རྟོགས་པ་དང་ལོག་པར་རྟོག་པ་རྣམས་མ་སྤངས་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་མི་སྲིད་ལ། བདེན་པའི་གནས་ལུགས་རྟོགས་པའི་གེག་མཐར་ཐུག་ཆགས་ཡོད་པ་རེད། གཞིའི་གནས་ལུགས་དང་ཀུན་རྫོབ་པའི་ཆོས་ཀྱི་གནས་ལུགས་མ་ཤེས་པར་ལམ་དང་འབྲས་བུའི་གནས་ལུགས་ཤེས་ཐབས་མེད་པ་ཡིན་དུས། བཅོམ་ལྡན་འདས་ཀྱིས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསུམ་ག་གསུངས་པ་དང་། དེ་དག་གི་གནས་ལུགས་ཤེས་དགོས་པར་གདམས་པ། དེ་ཡང་བརྟག་དཔྱད་བྱས་ཏེ་དངོས་ཡོད་གནས་ལུགས་རྙེད་དགོས་པ། ཤེས་ནས་དད་པ་འཐོབ་དགོས་པ་སོགས་གསུངས་ཡོད།
དགེ་སློང་དག་གམ་མཁས་རྣམས་ཀྱིས། ཞེས་སོགས་ཀྱི་སྡོམ་ཚིག་འདི་ལྟ་བུ་ནི་རང་ཅག་གི་སྟོན་པའི་བསྟན་པ་ལ་ཡོད་པའི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན། འདིས་སྟོན་པ་རང་གིས་གསུངས་པའི་ཆོས་གང་དང་གང་ལ་ཡང་ཞིབ་འཇུག་དང་བརྟག་དཔྱད་ཀྱི་ཐོག་ནས་བདེན་པའི་གནས་ལུགས་ངོ་མ་དེ་འཚོལ་དགོས་པར་གསུངས་པ་རེད་ལ། ཚན་རིག་གི་གཞི་རྩའི་གནས་ལུགས་འཚོལ་སྟངས་རང་ཆགས་ཡོད་པ་རེད།
སྡོམ་ཚིག་དེས་གཙོ་བོ་གང་བཤད་ཅེ་ན། སྟོན་པ་རང་གི་གསུངས་པ་རྣམས་སྐབས་བབ་ཀྱི་གདུལ་བྱའི་བསམ་པ་ལ་བསྟུན་པ་ཡིན་དུས་ཚིག་ཇི་བཞིན་ཁས་ལེན་མི་རུང་བ་མང་ཞེས་པ་དེ་རེད། དེས་ན་དགེ་འདུན་པ་རྣམས་ཀྱིས་ཀྱང་ཆོས་ནས་བཤད་པའི་གཞི་ལམ་གྱི་འགྲོ་སྟངས་རྣམས་རྐང་ལག་བརྡབ་པ་ཙམ་གྱིས་ཤེས་སོང་བར་ཆ་འཇོག་མི་བྱེད་པར་དངོས་སུ་བཤད་པ་དོན་ལ་གནས་མིན་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་པ་དང་། བརྟག་དཔྱད་ནན་པོ་བྱས་ནས་འདོར་ལེན་བྱེད་དགོས་པ་དེ་སྟོན་པ་རང་གི་བཀའ་ཡིན།
༤) རིག་གཞུང་གོང་དུ་སྤེལ་ཕྱིར་ཚན་རིག་སྦྱོང་།།
བོད་རང་གི་ད་ལྟའི་གནས་བབ་ལ་བལྟས་ན་བོད་མི་ཚོས་ཚན་རིག་སྦྱོང་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། སྐད་དང་རིག་གཞུང་ཟླ་བ་མར་འགྲིབ་བཞིན་ཉམས་འགྲོ་གི་ཡོད་པ་ཚང་མས་ཤེས་ཀྱི་རེད། ང་ཚོའི་བོད་རང་གི་རྩམ་དྲི་མི་ཡལ་བའི་ཐོག་ནས་འཛམ་གླིང་གི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་རྗེས་ཟིན་དགོས་ཀྱི་ཡོད་ན་ནི་བོད་མི་རྣམས་ཀྱིས་ཚན་རིག་དང་དེང་རབས་རིག་གཞུང་རྣམས་ངེས་པར་དུ་སྦྱོང་དགོས་ཀྱི་ཡོད། འདས་པ་དང་ད་ལྟའི་གནས་བབ་ཉམ་ང་ཉག་ཕྲ་བ་དེ་དག་འབྱུང་རྐྱེན་གཙོ་བོ་གཅིག་དེ་དེང་རབས་རིག་གནས་ཀྱིས་ཕོངས་སྟེ་སྤྱི་ཚོགས་ཀྱི་རྗེས་ལུས་ཐེབས་པ་དེ་ཡིན།
ཚན་རིག་དང་དེང་དུས་ཤེས་ཡོན་སློབ་སྦྱོང་གིས་རང་གི་རིག་གཞུང་དེ་སྐད་དང་ཐ་སྙད་ཀྱིས་ཕྱུག་ཏུ་གཏོང་བ་དང་། རང་རིགས་མི་ཉམས་པའི་ལས་སྒོ་སྣེ་མང་འཛུགས་སྐྲུན་བྱེད་པ་སོགས་སྔོན་ཐོན་མི་རིགས་ཀྱི་གྲས་སུ་རང་གི་དྲི་མ་ཁུར་ནས་དཔུང་སྐྱོད་བྱེད་དགོས་ཀྱི་ཡོད། གནའ་དུས་རྒྱ་གར་ནག་ནས་རིག་གཞུང་བསུས་ཏེ་བོད་རང་ལ་འཚམས་པའི་རིག་གནས་ཤིག་འཛུགས་སྐྲུན་བྱས་ཏེ་ལོ་མང་གནས་ཡོད། འོན་ཀྱང་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་ལམ་དུ་གནའ་བོའི་རིག་གནས་རྐྱང་པས་གོ་མི་ཆོད་པར་དེ་དག་གི་སྟེང་དུ་རིག་གནས་གསར་པ་སྡུད་ལེན་དང་སྔར་ཡོད་ལ་བཅོས་སྒྱུར་ངེས་པར་དུ་གཏོང་དགོས་ཀྱི་ཡོད།
གལ་ཏེ་རིག་གནས་ཞིག་བཅོས་སྒྱུར་ཀྱི་གཡོ་འགུལ་མེད་པར་བཞག་པ་ཡིན་ན་དེ་ནི་ཤི་ཟིན་པ་དང་ཁྱད་པར་མེད་ཅེས་བཤད་སྲོལ་ཡོད་པ་ལྟ་བུ་རེད། གནའ་བོའི་པན་གྲུབ་བཀའ་དྲིན་ཅན་རྣམས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་བོད་ལ་རིག་གནས་མ་ལག་ཅིག་འཛུགས་སྐྲུན་གནང་ཡོད་ཀྱང་ད་ཆ་མང་པོ་ཞིག་ནུབ་ཁ་ཉི་མ་དམར་པོ་དང་མཚུངས་པ་ཡིན། དེ་ནི་ཕྱོགས་གཅིག་ནས་རིག་གནས་དེ་དག་དེང་རབས་རིག་གནས་སུ་སྒྱུར་མ་ཐུབ་པའི་སྐྱོན་དང་། དེ་ལ་བརྟེན་ནས་རིག་གནས་དེས་དེང་རབས་སྤྱི་ཚོགས་ཀྱི་དགོས་མཁོ་ཡག་པོ་སྐོང་མ་ཐུབ་པའི་རྐྱེན་གྱིས་རེད།
དེས་ན་ང་ཚོས་རང་གི་རིག་གཞུང་གི་མ་ལག་ཏུ་དེང་རབས་རིག་གནས་ཀྱི་ཁ་གསབ་ངེས་པར་མཁོ་བ་དང་། སྲོལ་རྒྱུན་རིག་གནས་རྣམས་ལ་གསོན་ཤུགས་སྐྱེད་པར་དེང་རབས་ཀྱི་ཚན་རིག་གི་རོགས་འདེགས་དང་ལེན་བྱེད་པ་ཧ་ཅང་གལ་ཆེན་ཆགས་ཀྱི་ཡོད་པ་རེད།
༥) ཕས་རྒོལ་ཀླན་ཀ་ཟློག་ཕྱིར་ཚན་རིག་སྦྱོང་།།
འཛམ་གླིང་ན་ཆོས་ལུགས་སྣ་མང་སྣ་ཚོགས་ཤིག་ཡོད་པ་དང་ཆོས་ལུགས་དེ་དག་ལ་ལྟ་གྲུབ་ཀྱང་སྣ་ཚོགས་ཤིག་ཡོད་པ་རེད། ཆོས་ལུགས་མང་པོ་ཞིག་དུས་ཀྱི་འགྲོས་རིམ་ནང་ཉམས་འགྲོ་བཞིན་ཡོད། སྔོན་ཀྱི་རྒྱ་གར་པན་གྲུབ་རྣམས་ཀྱིས་ཕྱི་རོལ་པའི་གྲུབ་མཐའ་རྣམས་སྦྱངས་ནས་ནང་བསྟན་ལ་ཀླན་ཀ་འཚོལ་བའི་མུ་སྟེགས་པ་མང་པོ་ཚར་བཅད་པའི་ལོ་རྒྱུས་མང་། དེ་དག་དགོས་ངེས་ཤིག་ཡིན་ནམ་ཞེ་ན། དེ་ལ་བརྟེན་ནས་ནང་བསྟན་ཡར་རྒྱས་གཏོང་གི་ཡོད་པ་རེད་ལ། ནང་བསྟན་དེ་སྤྱི་ཚོགས་ནང་ཁྱབ་པར་འགལ་རྐྱེན་མང་པོ་ཞིག་སེལ་ཡོད། དེ་བཞིན་ནང་བསྟན་དེ་མི་ཉམས་རྒྱུད་འཛིན་བྱེད་པར་རམ་འདེགས་ཆེན་པོ་བྱས་ཡོད་པ་རེད། འཛམ་གླིང་ཐོག་ད་ཡོད་ཀྱི་ཆོས་ལུགས་ཁག་གི་ལྟ་གྲུབ་རྣམས་ཀྱིས་ནང་བསྟན་ལ་ཀླན་ཀ་འཚོལ་བའི་ཞེད་སྣང་དང་དོགས་པ་གང་ཡང་མེད་མོད། ད་ལྟའི་ཆར་ཚན་རིག་གིས་ཆོས་ལུགས་མང་པོ་ཞིག་གི་ལྟ་གྲུབ་ཉམས་པའི་རྐྱེན་བྱེད་ཀྱི་ཡོད་པ་ནང་བཞིན་ནང་བསྟན་ལ་ཡང་ཀླན་ཀ་འཚོལ་བའི་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། མི་རྣམས་ཚན་རིག་ལ་ཚད་མར་འཛིན་པ་ནང་བཞིན་ནང་བསྟན་ལ་ཚད་མར་མི་འཛིན། ཚན་རིག་དེ་ནང་བསྟན་རིག་གཞུང་གི་ཁ་གཏད་དུ་ལངས་པའི་ཉིན་མོར་མི་རྣམས་ཀྱིས་ཚན་རིག་འདེམས་པ་ལས་ནང་བསྟན་འདེམས་མི་སྲིད།
ད་ཆ་ཚན་རིག་གི་གཞལ་བྱའི་ར་བ་རྒྱ་བསྐྱེད་ནས་ཡོང་གི་ཡོད་པ་དང་དུས་མཚུངས་སུ་ཆོས་ལུགས་ཀྱི་ལྟ་ཚུལ་མང་པོ་ཞིག་གི་རྫུན་ཕུགས་བརྟོལ་ཡོང་གི་ཡོད་པ་རེད། དེ་བཞིན་ཕྱིའི་གཟུགས་ཅན་ཙམ་མ་ཡིན་པར་ནང་བསམ་བློའི་གནས་ལུགས་འཚོལ་བར་གོམ་པ་རིམ་གྱིས་རྒྱག་ཡོང་གི་ཡོད། སྐབས་འདིར་ང་ཚོའི་རང་ལུགས་ཀྱི་བསམ་བློའི་ལྟ་གྲུབ་རྣམས་ཡང་དག་ཡིན་པ་རྩལ་འདོན་ར་སྤྲོད་ལེགས་པར་བྱེད་མ་ཐུབ་ན་ཚན་རིག་འགྲེལ་བཤད་ཁ་གཏད་དུ་འགྱུར་ཉེན་ཆེན་པོ་ཡོད། དེས་ན་ཚན་རིག་གི་འཕེལ་འགྲོས་ངོས་ཟིན་པ་བྱས་ཏེ་རང་ཕྱོགས་ཀྱི་ལྟ་གྲུབ་ལ་གནོད་པའི་ཀླན་ཀ་སྤོང་ཐབས་བྱེད་པ་དང་། དངོས་ཡོད་དང་མཐུན་པའི་ནང་སེམས་ཀྱི་འགྲེལ་བཤད་རྣམས་ཁུངས་འཕེར་ཞིང་ཡང་དག་ཡིན་པ་གསལ་སྟོན་བྱེད་དགོས།
ཐར་པ་དང་ཐམས་ཅད་མཁྱེན་པར་སྒྲུབ་པའི་གཞི་རྩའི་བསམ་བློ་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས། རྣལ་འབྱོར་མངོན་སུམ་དང་སེམས་གསལ་རིག་ཀྱི་གློ་བུར་གྱི་དྲི་བ་འབྲལ་རུང་སོགས་ལ་སྔ་ས་ནས་བདེན་དབང་ཁུངས་སྐྱེལ་གྱི་སྒྲུབ་བྱེད་རྣམས་གྲ་སྒྲིག་དགོས་པ་དང་། དེ་དག་ཀྱང་ཚན་རིག་པའི་བློ་དང་འཚམས་པའི་བརྟག་དཔྱད་ཀྱི་ཐོག་ནས་འགྲོ་དགོས་པ་ལས་ལུང་ཙམ་དང་བཤད་སྲོལ་ཙམ་ལ་གཞི་བཅོལ་ན་ནམ་ཡང་ཁས་ལེན་བྱེད་མི་སྲིད། དགེ་འདུན་པ་རྣམས་ཀྱིས་མཁྱེན་དགོས་པ་ནི་ང་ཚོའི་ལྟ་གྲུབ་ལ་ཁ་གཏད་གཅོད་ཅིང་འགྲན་ཟླ་བྱེད་པར་སྟོབས་ཤུགས་ཆེན་པོའི་ངང་ཡར་ལངས་ཡོང་མཁན་ཞིག་ཡོད་ན་ད་ནི་ཚན་རིག་ཁོ་ན་ཆགས་སྲིད་པ་དེ་རེད། དེས་ན་ཚན་རིག་ནི་ནམ་ལངས་ཉི་ཤར་ལྟར་སུས་ཀྱང་འགོག་ཏུ་མེད་པར་འཕེལ་རྒྱས་དང་མུ་མཐུད་ཁྱབ་ཁོངས་རྒྱ་སྐྱེད་བྱེད་ཀྱིན་པ་འདི་རེད་ལ། མ་འོངས་པའི་ཆ་ལ་ཚན་རིག་པས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པར་སྒྲུབ་སྲིད་ལ་ཡོད་པར་ཡང་སྒྲུབ་སྲིད། གལ་སྲིད་མེད་པར་སྒྲུབ་ན་དེས་རྐྱེན་བྱས་ནས་ནང་བསྟན་ལ་ཉམས་ཉེས་ཆེན་པོ་ཞིག་འབྱུང་རྒྱུ་ཡིན་པ་དང་། གལ་སྲིད་ཡོད་པར་སྒྲུབ་ན་དེ་ལ་བརྟེན་ནས་ནང་བསྟན་འདི་མི་ཉམས་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུའི་རེ་བ་ཡོད་པ་ཡིན། དེས་ན་ཉེན་ཁ་དང་རེ་བ་གཉིས་ཀྱི་འགག་འཕྲང་གི་སྐབས་ལ་ནང་པའི་ལྟ་གྲུབ་སྨྲ་པ་དང་མཁས་པ་རྣམས་ཕྱོགས་འདི་ལ་གཟབ་གཟབ་ཀྱིས་གོ་སྒྲིག་དགོས་པ་གལ་ཆེན་དུ་མཐོང་གི་ཡོད།
༦) གདུལ་བྱ་རྗེས་སུ་འཛིན་ཕྱིར་ཚན་རིག་སྦྱོང་།།
ནང་བསྟན་མི་ཉམས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དེ་ཕྱོགས་ཞེན་དང་ཆགས་སྡང་གི་བསམ་བློས་སླད་པ་མི་རུང་ཡང་། འགྲོ་དོན་ལ་ལྷག་བསམ་དག་པས་དེ་ལྟར་བྱེད་དགོས་པ་དེ་དགེ་འདུན་པ་ཚང་མ་ལ་ཡོད་པའི་འོས་འགན་ཡིན། དུས་རབས་འདིའི་རྙོག་འཛིང་ཆེ་བའི་འགྲོ་བ་མིའི་སྤྱི་ཚོགས་སུ་བདེ་སྐྱིད་སྤེལ་བ་དང་སྡུག་བསྔལ་སེལ་བ་དེ་ཆོས་ལུགས་མང་ཆེ་བས་དམིགས་ཡུལ་གལ་ཆེན་ཞིག་ཏུ་བརྩི་བ་དེ་རེད། བདེ་སྐྱིད་རྣལ་མ་ནི་ནང་སེམས་ཀྱི་ཐོག་ནས་ཡོང་བ་ལས་ཕྱིའི་དཔལ་འབྱོར་གྱིས་འཛུགས་སྐྲུན་བྱེད་མི་ཐུབ། ནང་བསྟན་ཆོས་ལུགས་ཀྱི་ནང་སེམས་ཀྱི་སློབ་གསོ་རིན་ཐང་ཅན་རྣམས་སྤྱི་ཚོགས་ཐོག་དར་སྤེལ་བྱེད་པར་འཆད་ཁྲིད་ཀྱི་ལམ་ནས་གདུལ་བྱ་ཕྱོགས་ཀུན་ཏུ་སྐྱོང་དགོས།
ད་ལྟའི་འགྲོ་བ་མི་རྣམས་ལ་དེང་རབས་ཀྱི་ཤེས་ཡོན་སློབ་གསོ་དང་། ཚན་རིག་གི་སློབ་སྦྱོང་ཡང་རག་གི་ཡོད་པས་ཁྱེད་རང་དེང་རབས་ཤེས་ཡོན་དང་ཚན་རིག་ལ་སྨོངས་པ་ཞིག་ཡིན་ན་ནི་དེང་རབས་སྤྱི་ཚོགས་ཀྱིས་ཁྱེད་རང་གླེན་པ་དང་གང་ཡང་མི་ཤེས་པའི་རྨོངས་རྒན་དུ་བརྩི་སྲིད་པ་རེད། དེ་འདྲའི་བསམ་བློ་ཡོད་པའི་མི་ཞིག་ཁྱེད་ལ་ཡིད་ཆེས་བྱེད་སྲིད་དམ། ཁྱེད་ཀྱིས་འདུལ་ཐུབ་པའི་གདུལ་བྱར་འགྱུར་སྲིད་དམ། རགས་པ་གཟུགས་ཀྱི་སྐོར་མིག་མཐོང་ལག་ཟིན་རྣམས་ལོག་འགྲེལ་བྱས་བསྡད་པ་ཡིན་ན་ཕྲ་བ་སེམས་ཀྱི་གནས་ལུགས་རྣམས་ཅི་ཙམ་བཤད་ཀྱང་བློར་འགྲོ་བ་དཀའ་བར་འགྱུར་རོ།།
དེས་ན་སྤྱི་ཚོགས་ལ་ཁ་འཁོར་ནས་ནང་བསྟན་རིག་གཞུང་འཆད་ཁྲིད་བྱེད་ན་ངེས་པར་དུ་དེང་རབས་ཀྱི་ལྟ་གྲུབ་རྣམས་ལ་རྒྱུས་ལོན་ཡོད་དགོས་པ་དང་། ཆོས་ཚན་བསྡུར་ནས་བཤད་ཐུབ་པ། གནས་ལུགས་ཡོད་ན་ཚན་རིག་གི་བཤད་པ་ཁས་ལེན་པའི་སྤོབས་པའང་ཡོད་དགོས་པ། གདུལ་བྱ་ཉན་པ་པོའི་ལྟ་ཚུལ་ལ་བསྟུན་ཤེས་དང་བརྩི་མཐོང་བཞག་ནས་དམིགས་ཡུལ་སེམས་རྒྱུད་འདུལ་ཐབས་བྱེད་དགོས་པ་ཡིན། ད་ཆ་བོད་ནང་གི་བོད་པའི་སློབ་ཕྲུག་ཚོས་དགེ་འདུན་པ་རྣམས་ལ་ལྟ་སྟངས་ཇི་འདྲ་ཞིག་འཛིན་གྱི་ཡོད་དམ། རྒྱ་གར་བོད་པའི་སློབ་ཕྲུག་ཚོར་དགེ་འདུན་པ་རྣམས་ལ་སློབ་སྦྱོང་ཡོད་པའི་སྣང་བ་ཕར་ཞོག གྲོང་གི་རྒན་རྒོན་རྣམས་ལ་ཡང་དགེ་འདུན་པ་ཚོས་དགོན་པར་སློབ་སྦྱོང་རྣལ་མ་ཞིག་བྱེད་བཞིན་པའི་བསམ་བློ་མེད་པ་རེད། ཕྲུ་གུ་ཚོའི་ལྟོ་གོས་ལ་སེམས་ཁྲལ་ཡོད་པའམ། སློབ་གྲྭར་སློབ་སྦྱོང་བྱེད་མ་ཐུབ་པ་རྣམས་མི་ཚེར་དཀའ་ངལ་འཕྲད་དོགས་ཀྱིས་ཕྲུ་གུ་དེ་དག་དགོན་པར་སྐྱེལ་སྲིད་པ་ལས་གཞན་དགོན་པར་གྲྭ་པ་བཟོས་ན་ཁེ་ཕན་ཡོད་པར་མི་འདོད་པ་དེ་རེད། བོད་པ་རང་གི་ནང་དུ་བོད་པའི་དགོན་སྡེ་རྣམས་སློབ་སྦྱོང་གི་སྟི་གནས་ཤིག་དང་ཤེས་ཡོན་གྱི་ར་བ་ཞིག་ཏུ་ལྟ་ཚུལ་གཏན་ནས་མེད་པར་དེའི་ལྡོག་ཕྱོགས་ནས་ལྟ་ཚུལ་འཛིན་པ་འདིའི་ཤུགས་རྐྱེན་འོག་ཏུ་ད་སྐབས་ལོ་རེ་བཞིན་བོད་ཕྱི་ནང་གཉིས་ཀར་གྲྭ་བ་བྱེད་མཁན་ཉུང་དུ་འགྲོ་གི་ཡོད་པ་དང་། དགོན་པ་ལ་ལར་གྲྭ་རྒྱུན་ཡང་སྟོང་འགྲོ་གི་ཡོད་པ་དེ་རེད།
རྒྱུ་རྐྱེན་གང་ཡིན་ཞེ་ན། དགོན་པ་གྲྭ་ཚང་རྣམས་སུ་གནའ་སྲོལ་རྐྱང་པ་ལས་དེང་རབས་ཤེས་རིག་གིས་ཕོངས་པ་དང་། དེ་ལ་བརྟེན་ནས་ནང་བསྟན་རིག་གཞུང་གི་སློབ་གསོ་དེ་དག་སྤྱི་ཚོགས་ལ་སྤེལ་པའི་ཟམ་པ་ཆད་བསྡད་པ། དེ་ལས་ཆོས་དང་ཆོས་པའི་རིན་ཐང་མི་མཐོང་བ། གྲྭ་པ་རྣམས་སྤྱི་ཚོགས་ལ་ཕར་ཁ་འཁོར་དུས་ལྐུགས་པ་བཞིན་གང་ཡང་མི་ཤེས་པ་སོགས་དགོན་པ་དང་གྲྭ་པའི་ཆེ་མཐོང་བརླགས་པ་ལ་བརྟེན་ནས་བསྟན་པ་འཛིན་མཁན་ཇེ་ཉུང་དུ་འགྲོ་བཞིན་པ་དེ་ཡིན།
ལོ་མང་རྗེས་སུ་བོད་ཀྱི་དགོན་སྡེ་ཁག་ཀྱང་ད་ལྟའི་རྒྱའི་དགོན་ཤུལ་རྣམས་དང་འདྲ་བར་ལྷ་གཉེར་རེ་ཟུང་ལས་མི་ལྷག་པའི་ཉེན་ཁ་ཧ་ཅང་ཆེ། དེས་ན་ཅི་ཞིག་བྱེད་དགོས་ཟེར་ན། དགོན་པ་གྲྭ་ཚང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་གྱི་སྟི་གནས་ཤིག་བཟོ་དགོས། གྲྭ་པ་དང་བླ་མ་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་ཅན་ཆགས་དགོས། ནང་བསྟན་རིག་གཞུང་གི་རིན་ཐང་དེ་སྤྱི་ཚོགས་ཐོག་རྒྱ་ཁྱབ་ཀྱིས་མངོན་པ་བྱེད་དགོས།
༧) དེང་རབས་མི་གྲལ་སྙེག་ཕྱིར་ཚན་རིག་སྦྱོང་།།
ནང་པའི་གཞི་རྩའི་ལྟ་གྲུབ་ལ་འདུས་བྱས་ཐམས་ཅད་མི་རྟག་པ་ཟེར། གོ་ལ་ཧྲིལ་པོའི་ཐོག་གི་སྣོད་བཅུད་ཚང་མ་འགྱུར་ལྡོག་གི་རང་བཞིན་དུ་གནས་པ་ཀུན་གྱིས་ཤེས་གསལ་ལྟར་རེད། དུས་རབས་ཀྱི་འགྲོས་དང་བསྟུན་ནས་མི་རབས་བརྗེ་འགྲོ་གི་ཡོད་པ་དང་སྤྱི་ཚོགས་འགྱུར་འགྲོ་གི་ཡོད། སྤྱི་ཚོགས་འགྱུར་བའི་གོ་རིམ་ནང་དུ་སྤྱི་ཚོགས་ཀྱི་བསམ་བློའི་ལྟ་ཚུལ་དང་གོ་རྟོགས། ཤེས་ཡོན་རིག་གནས་ཚང་མར་འགྱུར་བ་ཐེབས་ཀྱི་ཡོད་པ་རེད། ཚན་རིག་དར་རྒྱས་ཀྱི་བརྒྱུད་རིམ་ནང་དུ་ཚན་རིག་གི་ལྟ་གྲུབ་སྔ་མ་རྣམས་རིམ་བཞིན་རྙིང་པར་འགྱུར་བ་དང་དུས་དང་འཚམས་པའི་བཀོལ་སྤྱོད་ཀྱི་རིན་ཐང་མེད་ན་འདོར་འགྲོ་བ་ཡིན། གནས་བབ་འདི་དག་གིས་སྤྱི་ཚོགས་ཧྲིལ་པོའི་བསམ་བློའི་ཁ་ཕྱོགས་དང་ལག་ལེན་ཚང་མར་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་རེད། དེས་ན་སྲོལ་རྒྱུན་གྱི་ལྟ་ཚུལ་ཁོ་ནར་ཤི་འཐམ་རོ་འཐམ་བྱེད་པ་ནི་དུས་རབས་དང་སྤྱི་ཚོགས་ཀྱི་རྗེས་སུ་ལུས་པའི་རྒྱུ་རྐྱེན་གཙོ་བོ་དེ་ཆགས་ཀྱི་ཡོད།
དེང་རབས་སྤྱི་ཚོགས་ཁྲོད་འཚོ་བ་སྐྱེལ་དགོས་ན་དེང་རབས་ཀྱི་ཤེས་ཡོན་དང་ཁ་ཕྱོགས་ལྡན་དགོས། གནའ་སྲོལ་ལས་བསྙིགས་དོར་བཅུད་ལེན་བྱེད་པ་དང་དེང་རབས་ཤེས་ཡོན་གྱིས་ཁ་གསབ་ཐོག་དེང་རབས་མིའི་རིགས་ཀྱི་སྔོན་དུ་སྐྱོད་མ་ཐུབ་ཀྱང་རྗེས་སུ་མ་ལུས་པ་བྱེད་དགོས་པ་རེད། ང་ཚོར་མི་རིགས་གཞན་པས་མཐོང་ཆུང་དང་ཟུར་ཟའི་གཏམ་རྣ་བར་གཟན་པ་མང་པོ་ཞིག་གོ་མྱོང་བ་དག་ནི། རྗེས་ལུས། ཀླ་ཀློ། རྨོངས་པ། དུད་འགྲོ་སོགས་རེད། འདི་འདྲའི་གཏམ་ངན་རྣམས་དོན་དངོས་དང་མི་མཐུན་པའི་གནས་བབ་ཞིག་འཛིན་ཐུབ་དགོས་པ་དེ་རེད།
༨) ཚན་རྩལ་ལོག་ལམ་འགོག་ཕྱིར་ཚན་རིག་སྦྱོང་།།
ཚན་རིག་པ་རྣམས་ལ་ངོ་མཚར་ལྡན་པའི་དངོས་པོའི་གཤིས་ལུགས་གསལ་འདོན་བྱེད་པ་ལས་ལོགས་སུ་ནང་པ་བཞིན་ཚེ་འདི་ཕྱིའི་བདེ་དོན་ལ་བསམ་པའི་དམིགས་ཡུལ་མེད་ཅེས་པ་དེ་ཚན་རིག་པ་ཁོ་རང་ཚོ་ནང་ཁུལ་གྱི་ལྟ་སྟངས་ཤིག་ཡིན། འོན་ཀྱང་བྱེ་བྲག་ཞིབ་ཏུ་གསེས་པ་ན་དེ་དག་གི་ནང་ལ་ཆོས་པ་དང་། ཚེ་འདི་ཕྱིའི་བདེ་དོན་དོན་གཉེར་བྱེད་མཁན། མང་ཚོགས་ཀྱི་དཀའ་ངལ་སེལ་བར་འབད་མཁན། རང་གི་མཚན་སྙན་གྲགས་དོན་གཉེར་མཁན། སྤྱི་ཚོགས་ལ་བརྡབ་བཤིག་གཏོང་བར་འབད་མཁན་སོགས་སྣ་ཚོགས་ཤིག་ཡོད་ཆོག་པ་རེད།
ཚན་རིག་རང་ངོས་ལ་དགེ་སྐྱོན་གྱི་ཆ་བཤད་དུ་མེད་ཀྱང་ཚན་རིག་ལག་བསྟར་བྱེད་མཁན་གྱི་འཕྲུལ་ལས་པ་དང་འཆར་འགོད་པ་སོགས་ལ་གོང་གསལ་དམིགས་ཡུལ་བཟང་ངན་གྱི་ཐོག་ནས་གྲུབ་འབྲས་ཡག་སྡུག་ཅི་རིགས་སྐྱེད་ཆོག་པ་རེད། ཚན་རྩལ་གྱི་ལག་ལེན་དེ་དག་ལོག་པར་སྤྱོད་པ་འདིའི་ཐོག་དགེ་འདུན་པས་ཚན་རིག་སྦྱངས་ན་ཕན་ཐོགས་འབྱུང་སྲིད་དམ་ཞེ་ན། ལོས་སྲིད་དེ། དགེ་འདུན་པ་རྣམས་ཚན་རིག་པ་དང་འཕྲུལ་ལས་པ། འཆར་འགོད་པ་རྣམས་ཀྱི་གྲལ་དུ་འཛུལ་ནས་གོ་བསྡུར་གྱི་གོ་སྐབས་འཚོལ་དགོས་པ་དང་། ནང་པའི་ནང་སེམས་ཀྱི་བསླབ་བྱ་རྣམས་ཀྱི་བག་ཆགས་དང་ཤུགས་རྐྱེན་སྤྲད་དེ་ལག་ལེན་བཟང་ཕྱོགས་སུ་ཁ་བསྒྱུར་ཐབས་བྱེད་དགོས་པ་རེད།
ཚན་རིག་པ་སུ་ཞིག་གིས་དགེ་འདུན་པའི་བསམ་འཆར་དང་ལེན་བྱེད་སྲིད་དེ་མི་སྲིད་དོ་ཞེ་ན་མི་འཐད་དེ། སྤྱིའི་ཆ་ནས་ཚན་རིག་པ་རྣམས་གནས་ལུགས་ལ་ཡིད་ཆེས་ཡོད་པ་དང་བདེན་པ་ལ་དགའ་བ་ཡིན་དུས། སུ་ཞིག་གིས་རྒྱུ་མཚན་ལྡན་པའི་གོ་བསྐོན་བསླབ་བྱ་བརྒྱབ་ན་དེར་ཡི་རང་ཅིས་ཀྱང་བྱེད་ངེས་སོ།།
༩) ཆོས་ཚན་ཟུང་འབྲེལ་གནས་ཕྱིར་ཚན་རིག་སྦྱོང་།།
དགེ་འདུན་པས་ཚན་རིག་སྦྱོང་བ་དེ་ཕྱོགས་གཞན་ཞིག་ནས་ཆོས་དང་ཚན་རིག་དཔུང་པ་མཉམ་གཞིབ་ཐོག་སྤྱི་ཚོགས་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡིན། ཆོས་ཚན་ཟུང་དུ་འབྲེལ་ཞིང་མཉམ་གཞིབ་ཇི་ལྟར་བྱ་ཞེ་ན། ཆོས་ཚན་གཉིས་ཀྱི་ཤེས་བྱའི་གནས་ལུགས་ཀྱི་འགྲེལ་བརྗོད་ཁ་སྐོང་བྱེད་རེས་ཀྱིས་གཉིས་ཀ་ཕུན་སུམ་ཚོགས་པའི་རིག་གནས་ཤིག་ཏུ་བསྒྱུར་རྒྱུ། དེ་ཡང་རིགས་པ་དང་རྒྱུ་མཚན་ལ་བརྟེན་ནས་གནས་ལུགས་ངོ་མ་དང་བདེན་དོན་ཡང་དག་འཚོལ་བའི་ཐབས་ལམ་མཁོ་འདོན་རོགས་རམ་བྱེད་པ། གཟུགས་སེམས་ལྡན་མིན་འདུ་བྱེད་དང་རྟག་པའི་ཤེས་བྱ་ཚང་མ་གཞལ་བྱའི་ར་བར་བཙུད་དེ་དཔྱད་སྒོ་གསར་པ་ཕྱེ་རྒྱུ།
ནང་བསམ་པའི་དཔལ་ཡོན་དང་ཕྱི་དངོས་པོའི་དཔལ་ཡོན་གཉིས་ཡ་བྲལ་དུ་མ་སོང་བར་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ་མི་རབས་ནས་མི་རབས་རྣམས་སུ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་བསྐངས་ཏེ་ནང་སེམས་ཀྱི་ཞི་བདེ་སྐྱེད་པ་ནང་བསྟན་རིག་གཞུང་དང་ཕྱི་དངོས་པོའི་དཔལ་འབྱོར་སྐྲུན་པ་ཚན་རིག་གཉིས་མི་ཉམས་ཡུན་རིང་གནས་པར་གཅིག་གྲོགས་གཅིག་གིས་བྱེད་པ། དེའི་ཐོག་ནས་སྤྱི་ཚོགས་ཧྲིལ་པོར་ཕན་བདེ་བསྐྲུན་རྒྱུ་དེ་རེ་བའི་གནས་མལ་ཡིན། དེ་ལ་དགེ་འདུན་པས་ཚན་རིག་སྦྱངས་ཏེ་འདི་ལྟ་བུའི་ལམ་བུ་ཞིག་གསར་འཛུགས་བྱ་བར་སྐུལ་རྐྱེན་བྱེད་དགོས་པ་རེད།
༡༠) ནང་རིག་སྤྱི་ནོར་སྒྱུར་ཕྱིར་ཚན་རིག་སྦྱོང་།།
འཛམ་གླིང་ན་ཆོས་ཁས་ལེན་མཁན་དང་མི་ལེན་མཁན་གྱི་མི་ཚང་མའི་ཐུན་མོང་གིས་སྦྱོང་བ་དང་ལག་ལེན་ཉམས་སུ་བརྡར་བའི་རིག་པ་མང་པོ་ཞིག་ནི་མི་རྣམས་ཀྱིས་དུས་དང་འཚམས་པར་ལེགས་བཅོས་ཀྱི་ལམ་ནས་འཐུས་སྒོ་ཇེ་ཚང་དར་རྒྱས་མུ་མཐུད་ནས་གཏོང་གི་ཡོད། དེ་འདྲའི་རིག་པའི་གཞུང་ལུགས་རྣམས་འགྲོ་བ་མིའི་དགོས་མཁོའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད་པས་རྒྱུན་མི་ཆད་དུ་སྤྱི་ཚོགས་ཁྲོད་གནས་མུས་ཡིན། འདི་ལ་རྒྱལ་སྤྱིའི་ཤེས་རིག་གི་སྡིངས་ཆའི་སྟེང་གི་ཐུན་མོང་གི་སྤྱི་ནོར་ཞེས་བཤད་ཆོག་པ་རེད།
ནང་བསྟན་ཆོས་ལུགས་ཀྱི་ནང་དུ་རྒྱལ་སྤྱིའི་ཤེས་རིག་གི་སྡིངས་ཆའི་སྟེང་སྐྱེལ་བཞིན་པའི་ཐུན་མོང་གི་ཤེས་རིག་མང་དག་ཅིག་འབྱུང་བཞིན་པ་རེད། དེ་དག་ནི་ལུས་སེམས་ཀྱི་འཕྲོད་བསྟེན་ཆེད་སྒོམ་ཉམས་ལེན་བྱེད་པའི་རིམ་པ་དང་། མི་ཚེའི་བདེ་སྐྱིད་ཀྱི་གཞི་རྩ་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་བ་སོགས་ཆོས་ལུགས་པ་ཡིན་མིན་ལ་མ་ལྟོས་པའི་ཐུན་མོང་གི་ཤེས་བྱ་མང་པོ་ཞིག་དར་འགོ་ཚུགས་ཟིན་པ་རེད། ནང་བསྟན་རིག་པའི་ནང་དུ་དེ་ལས་ཀྱང་སེམས་ཀྱི་གནས་ལུགས་མང་པོ་ཞིག་རྒྱལ་སྤྱིའི་ཤེས་རིག་གི་སྡིངས་ཆར་སྐྱེལ་ཆོག་པ་མང་པོ་ཞིག་ཡོད་དུས།
དགེ་འདུན་པ་རྣམས་ཀྱིས་གནས་འདི་ལ་དོ་སྣང་ཆེན་པོས་མཐུན་རྐྱེན་སྦྱོར་དགོས་པ་དང་། དེ་ཡང་ཚན་རིག་དང་འབྲེལ་བའི་ཐོག་ནས་བྱེད་དགོས་དུས་ཚན་རིག་ལ་སློབ་སྦྱོང་བྱེད་པ་གལ་ཆེ་བ་ཡིན། ནང་བསྟན་ཤེས་རིག་གི་ཆ་ཤས་མང་པོ་ཞིག་ཐུན་མོང་གི་ཤེས་བྱར་ཆགས་པ་ཡིན་ན་དེ་ལས་མི་རྣམས་ལ་ནང་རིག་ལ་དོ་སྣང་དང་ཡིད་ཆེས། སློབ་སྦྱོང་སོགས་ནང་བསྟན་དར་རྒྱས་ལ་སྨན་པའི་ཆ་རྐྱེན་གལ་ཆེན་ཞིག་རང་བཞིན་གྱིས་འགྲུབ་ཡོང་བ་དེ་རེད།
(ཨ་རིའི་ཨེ་མོལ་རི་མཐོ་སློབ་ལས་མཐར་ཕྱིན་པའི་གནའ་དེང་གི་ཤེས་རིག་ལ་མཁྱེན་དཔྱོད་ཡངས་བའི་བོད་ཀྱི་དགེ་འདུན་པ་རྔ་བ་ཤེས་རབ་དང་མིང་གཞན་དཀར་རོ་ཆིག་ཐུབ་ཀྱིས་བརྩམས།)
མཚན་རིག་པས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཁས་ལེན་བྱེད་ཀྱི་མེད་པ་འདྲ། དེ་གཉིས་ཁས་མ་བླངས་ན་སེམས་ཅན་ཐམས་ཅད་སངས་རྒྱ་རུང་ཡིན་པ་རྫུན་དུ་ཐལ་བ་རེད། མཚན་རིག་ལ་དོ་སྣང་བྱས་ན་ཡག་པོ་འདུག་སྙམ་བཞིན་ཡོད། འོན་ཀྱང་མཚན་རིག་ལ་སྦྱངས་ནས་སངས་རྒྱས་བསྟན་པ་འཛིན་དགོས་ཟེར་ན་གད་མོ་ཡུལ་དུ་གྱུར་བ་རེད་སྙམ། སངས་རྒྱས་བསྟན་པ་ཡུན་དུ་གནས་དགོས་ན་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ། ལྷག་པར་དུ་སྒོམ་སྒྲུབ་ཉམས་ལེན་ལ་བསྟེན་ནས་འཛིན་དགོས། སྒོམ་སྒྲུབ་ཉམས་ལེན་མེད་ན་དམངས་ཀྱིས་དད་གུས་ཇེ་ཞན་དུ་འགྲོ་བའི་སྐྱོན་ཡོད་པ་རེད། །
ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་ཟེར་བ་དེ་ཚོ། ཚན་རིག་པས་ཁས་ལེན་ནམ། །
ཁྱེད་རྣམ་པ་མཐོ་དམན་ཚང་མས་རིག་གཞུང་ཟེར་བ་དེ་ཐོས་པ་དང་། ལམ་སེང་བསམ་ལོངས་བྱེད་ལོངས་མེད་པར་བཅོས་བསྒྱུར་གཏོང་རྒྱུར་དཔེ་དགའ་པོ་གནང་གི་ཡོད་ས་གདའ། ཡིན་ནའང་བཅོས་བསྒྱུར་གཏོང་སྟངས་དེ་ཡག་པོ་ཞིག་དགོས་ས་རེད་མ་གཏོགས། ང་རང་ཚོའི་བོད་ལ་རིག་གཞུང་བཅོས་བསྒྱུར་གཏོང་སྟངས་ནང་བཞིན་བྱས་པ་ཡིན་ན་མགོ་རྙོག་པོ་ཞེ་དྲགས་བཟོས་མི་འདུག་གམ། །
ཚན་རིག་གནང་བཞིན་བྱས་པ་ཡིན་ན། གལ་སྲིད་རིག་གཞུང་བཅོས་བསྒྱུར་གཏོང་དགོས་ནའང་། དྲང་པོ་དྲང་བཞག་བྱས་ནས་གཏོང་དགོས་ཀྱི་ཡོད་འགྲོ་མ་གཏོགས། སྐྱག་རྫུན་ལུང་པ་གང་བཤད་ནས་ར་མགོ་ལུག་སྦྱར་རྐྱང་རྐྱང་བྱས་ཏེ་རིག་གཞུང་བཅོས་བསྒྱུར་གཏོང་རྒྱུ་ཞིག་ཨ་ཡོད་ན། ཡང་མིན་ན་རང་ཡུལ་གྱི་རིག་གཞུང་བཅོས་བསྒྱུར་གཏོང་དགོས་དུས། ཡིན་གཅིག་མིན་གཉིས་ལུང་པ་གཞན་ཞིག་ནས་རིང་གཞུང་མི་འདྲ་བ་ཞིག་ཁྱེར་ཡོང་ནས་བཅོས་བསྒྱུར་གཏོང་དགོས་པ་དེ་འདྲ་ཨ་ཡིན་ན། དེ་མིན་ན་ང་ཚོ་བོད་པ་ཚོར་ཐབས་ཤེས་དེ་འདྲ་ཞིག་མ་གཏོགས་བརྙེད་ཐུབ་མ་སོང་ལབ་རྒྱུ་ཡིན། །
ཚིགས་བཅད་ཙམ་ལ་ད་ལྟ་ཀློག་ཁོམ་མ་བྱུང་ཡང་།
ཚན་རྩལ་ལོག་ལམ་འགོག་ཕྱིར་ཚན་རིག་སྦྱོང་།།
འདི་བལོ་ལ་འཇུག་ཤོས་བྱུང་སོང་།
འདི་ཡང་།
ཚན་རྩལ་ལོག་ལམ་འགོག་ཕྱིར་ཚན་རིག་སྦྱོངས། །ཞེས་ཡང་འཇུག་ས་ཡིག་ཅིག་ཐོབ་སྲིད་སྙམ་ལགས།
དོན་ལ་ཁོ་་རང་འགྲན་ཟླ་དང་བྲལ་བ་ཞིག་ཡིན་མདོག་མདོག་རེད།
ཁྱེད་རང་གིས་ཚན་རིག་སྦྱང་ཡོད་ཙང་ང་ཚོ་ཉལ་བསྡད་ཆོག་ཆོག་རེད་པ
རྔ་བ་ཤེས་རབ་བམ་མིང་གཞན་དཀར་རོ་ཆིག་ཐུབ།
སྐད་ཆ་དེ་འདྲའི་སྐྱོ་མདོག་ལ།
སྟོན་པས་རྒྱལ་སྲིད་སྦངས་པ་དེ་ཡང་ནོར་པ་འདྲ།
མི་ལ་རས་པས་བྲག་ཁུང་ནང་སྒོམ་བརྒྱབ་པ་དེ་ཡང་ནོར་བ་འདྲ།
རྗེ་ཙོང་ཁ་བས་རྒྱ་བོད་ཀྱི་གཞུང་ལ་དཔྱད་པ་གནང་བ་དེ་ཡང་ནོར་བ་འདྲ།
ས་དགེ་བཀའ་རྙིང་གིས་སྐྱེས་བུ་དམ་པ་ཚོས་ཚན་རིག་མ་སྦྱང་བ་དེ་ཡང་ནོར་བ་འདྲ།
དེ་འདྲ་ག་འདྲ་ཡིན་ན་ཨ་་
ཀ
དམིགས་ཡུལ་དཀྱེལ་ཡངས་པའི་རྩོམ་ཡིག་འདི་ཡག་པོ་འདུག སླད་ཀྱང་འདི་ལྟ་བུའི་དགོངས་ཚུལ་སྤྱི་ཚོགས་དགོས་མཁོ་དང་མཚམས་པ་མང་པོ་ལེགས་སྐྱེས་སུ་འབུལ་ཐུབ་པའི་རེ་བ་ཡོད།
་་་་་་་་་་་་་་ དགོན་པ་གྲྭ་ཚང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་གྱི་སྟི་གནས་ཤིག་བཟོ་དགོས། གྲྭ་པ་དང་བླ་མ་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་ཅན་ཆགས་དགོས། ནང་བསྟན་རིག་གཞུང་གི་རིན་ཐང་དེ་སྤྱི་ཚོགས་ཐོག་རྒྱ་ཁྱབ་ཀྱིས་མངོན་པ་བྱེད་དགོས། ་་་་་་་་་་་་་་་་་
སངས་རྒྱས་བསྟན་པ་ཨ་རིའི་ཌོ་ལར་བརྗེ་།
སངས་རྒྱས་བསྟན་པ་མགོ་སེར་མོ་ལ་སྦྱིན་།
སངས་རྒྱས་བསྟན་པ་ཚན་རིག་རྟགས་དཔྱད་གྱིས་།
སངས་རྒྱས ་བསྟན་པའི་རྗེས་འཇུག་མགོ་སེར་འཚོལ་།
ཧ་ཧ་ཧ་རང་ཆོས་མ་སྦྱང་ཚནརིག་སྦྱང་།
རང་ཆོས་རིན་ཆེན་ནོར་བུ་མི་ལ་སྤྲོད
འཇིག་རྟེན་འཇིག་རྒྱུའི་ཚན་རིག་་རིག་པ་སློབ་།
རང་གི་ཕ་ུུལ་དགྲ་གི་ལག་དུ་བཅུག་།
ཕ་ཡུལ་འཕྲོག་མཁན་དགྲ་བོ་སྣང་མེད་བཞག་།
བོད་པ་ཚང་གི་ལས་དཀའ་འདི་འདྲ་རེད་།
རྩོམ་འདི་ངོ་མ་ཡག་པོ་ཞིག་བྲིས་ཡོད་ཀི
བཀའ་དྲིན་ཆེ།
གྲ་བས་ནང་ཆོས་མ་སླབ་ཚན་རིག་སྦྱོང་།
བོད་མིའི་རང་བཙན་མ་བརྩོད་རང་དབང་གླེང་།
དུས་ཡ་རི་མ་ལོག་མ་རི་ལོག་།
ཁྱི་རྒྱའུའི་་རྔ་མ་མགོ་ལ་ཁྱེར་།