འབའ་སྲས།
མཚན་དང་སྙན་གྲགས་སྔོན་ན་ཐོས་མྱོང་ཡོད།།
མཛད་རྗེས་རླབས་ཆེན་དེ་དག་གོ་མྱོང་ཡོད།།
འོན་ཀྱང་མཇལ་ནས་ཁ་བརྡ་བྱས་པ་མེད།།
དེ་རིང་ལེགས་བཤད་ཐོས་པས་ཤིན་ཏུ་དགའ།།
ཁ་སྔོན་དང་ཐོག་རེ་སྐུལ་ཞུས་པའི་དུས།།
སྙན་ངག་ཕ་ཁྱིམ་ཞེས་པའི་ཚོམས་སྡེ་འདིར།།
གསུང་བཤད་ཅི་ཞིག་གནང་ཡང་ཆོག་གོ་ཞེས།།
ཞུ་དུས་ཡ་ཡ་གསུངས་ལ་ཐུགས་རྗེ་ཆེ།།
སྙན་ངག་མེ་ལོང་བོད་དུ་བསྒྱུར་ཚུལ་དང་།།
དབྱུག་པ་ཅན་གྱི་དུས་རབས་ལོ་ཚིགས་སོགས།།
འོལ་ཚོད་གཏམ་གྱི་རྗེས་སུ་མ་ཞུགས་པར།།
ཞིབ་དཔྱད་དོགས་དཔྱོད་མཛད་ལ་ཐུགས་རྗེ་ཆེ།།
ཤོང་སྟོན་རྡོ་རྗེ་རྒྱལ་མཚན་འགྲོ་མགོན་སོགས།།
རྒྱ་བོད་མཁས་པ་རྣམས་དང་ལོ་ཙཱ་བའི།།
འབྲེལ་ཡོད་བརྩམ་ཆོས་ཅི་ཡོད་གང་དུ་ཡོད།།
མེ་ལོང་གཟུགས་སུ་ཕབ་པར་ཐུགས་རྗེ་ཆེ།།
སྙན་ངག་ཕ་ཁྱིམ་བཙུགས་ནས་ལོ་གསུམ་ཉེ།།
མཁས་པའི་ལེགས་བཤད་ཐོས་པ་དེ་རིང་ཡིན།།
དེ་རིང་འདྲ་བར་ཉི་མ་སུམ་བརྒྱ་ཡང་།།
མཁས་པའི་གསུང་དང་བསྡོངས་ན་ཨེ་མ་ཧོ།།
མཁས་པར་མཁས་པ་མིན་ན་འབྲེལ་བ་དཀའ།།
མཁས་པས་མཁས་པ་མིན་ན་ཁ་བརྡ་མེད།།
མཁས་པ་ཡིན་ཡང་མཁས་ཚུགས་མེད་པ་ཡི།།
མཁས་པ་ཁྱེད་ལ་སྙིང་ནས་ཐུགས་རྗེ་ཆེ།།
མཁས་པ་འགའ་ཡིས་བླུན་པོའི་གཏམ་མི་གསན།།
བླུན་པོ་མང་བོས་མཁས་པའི་གཏམ་མི་གོ །
མཁས་བླུན་གང་ལ་སྨན་པའི་གཏམ་མཁས་པ།།
ཁྱེད་རང་ཁོ་ན་བརྗོད་ཀྱང་རྫུན་དུ་མིན།།
མིང་དུ་གྲགས་པའི་མཁས་པ་འགའ་རེ་ལ།།
ཤེས་བྱ་ཡོད་ཀྱང་ས་འོག་གསེར་བཞིན་གནས།།
གསེར་གྱི་འོད་སྣང་ས་ཡིས་བཀབ་པ་ན།།
རྡོ་དང་གསེར་ལ་ཁྱད་པར་ཅི་ཞིག་མཆིས།།
དེ་བས་ཁྱེད་ནི་ས་འོག་གསེར་མིན་ལ།།
འོད་སྣང་མེད་པའི་ས་སྟེང་རྡོ་ཡང་མིན།།
མཁས་བླུན་རང་གཞན་གཉིས་ལ་ཕན་པ་ཡི།།
འོད་ཀྱི་ཀོང་བུ་ཞིག་དང་དམིགས་བུ་ལགས།།
ཁྱེད་ཀྱི་སྐུ་ཚེ་ཡུན་རིང་བརྟན་པ་དང་།།
བསམ་པའི་དོན་གང་མ་འབད་ལྷུན་གྱིས་འགྲུབ།།
ལེགས་བཤད་ཆར་ཆུ་ས་ལ་ཕབ་བྱས་ཏེ།།
ས་སྟེང་མཛེས་པའི་མེ་ཏོག་རྒྱས་གྱུར་ཅིག །
༠༨/༠༢/༡༤ ཉིན་གདན་ཞུ་སྐུ་མགྲོན་མཁས་པ་དགེ་འདུན་རབ་གསལ་མཆོག་གིས་སྙན་ངག་གི་ཕ་ཁྱིམ་ནང་གསུང་བཤད་བཀའ་དྲིན་ཞུ་མཚོན་དུ།
་་་་་ གདན་ཞུ་སྐུ་མགྲོན་མཁས་པ་དགེ་འདུན་རབ་གསལ་མཆོག་གིས་སྙན་ངག་གི་ཕ་ཁྱིམ་ནང་གསུང་བཤད་་་་་་
ངེས་སྟོན་གྱི་མཁས་པ་རེད་ཟེར།
རྩོམ་ཡིག་འདི་བདུན་ཕྲག་གཅིག་གི་སྔོན་ལ་སྐད་འཕྲིན་བརྒྱུད་ནས་བཀླགས་པ་ཡིན། དེ་རིང་ཁ་བརྡའི་དྲ་ཐོག་ཏུ་བཀོད་པ་མཐོང་བྱུང་། ཐོག་མར་སྙན་ངག་པ་འབའ་སྲས་ལགས་ཀྱིས་ཕྲན་ལ་ཆེ་བསྟོད་གནང་བ་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། དེ་ནི་ལོ་གཞོན་པས་ལོ་རྒན་པ་ལ་གུས་ཞབས་བྱེད་པའི་རྣམ་པ་ཙམ་ཞིག་ཡིན་པར་འདོད། འོན་ཀྱང་། འདིར་སྤྱད་པའི་ “མཁས་པ་”ཞེས་པའི་ཚིག་འདི་བློ་ལ་འཐད་པོ་ཞིག་མ་བྱུང་། ངས་དུས་བབ་ཀྱི་གསར་འགོད་པའི་ལས་ཀ་དང་སྐད་ཡིག་དགེ་རྒན་གྱི་ལས་ཀ་སོགས་མ་བྱས་པར་ཞིབ་འཇུག་གི་ལས་ཀ་དེ་འདས་པའི་མི་ལོ་ཉི་ཤུའི་རིང་སྒྲུབ་རྒྱུའི་སྐལ་བ་ཞིག་བྱུང་ཡོད་པ་ཡིན་ན། ང་ཞིབ་འཇུག་པ་ཞིག་ཆགས་ཡོད་པའི་རེ་བ་ཡོད། ངས་ཞིབ་འཇུག་ཐུབ་པའི་གདེང་ཚོད་ཅིག་ཀྱང་རྙེད། འོན་ཀྱང་ད་ལྟ་བར་དུ་ཞིབ་འཇུག་གི་རྩོམ་ཡིག་བྲིས་པ་རྣམས་ཞོར་ལས་ལྟ་བུར་འབྲི་དགོས་བྱུང་སྟབས་འཐུས་ཚང་ཞིག་དང་བློ་ཚིམ་པ་ཞིག་ཡོང་རྒྱུ་ཧ་ཅང་དཀའ་བ་ཞིག་རེད་འདུག ཉེ་ལམ་ནས་ཕྲན་ལ་ཤོང་ལོའི་སྐོར་གྱི་ཡིག་ཆ་གསར་པ་འགའ་རེ་ཐོབ་པ་དང་བཅས་ཤོང་ལོའི་སྐོར་གྱི་དཔྱད་རྩོམ་ཞིག་བྲིས་ཏེ་ “བོད་རིག་པ་ཞིབ་འཇུག་”ཅེས་པའི་དུས་དེབ་ལ་ཕུལ་ཡོད། དེའི་བརྗོད་གཞི་སྙིང་བསྡུས་ཤིག་ སྙན་ངག་གི་ཕ་ཁྱིམ་ལ་ཞུས་པ་ཡིན། འོན་ཀྱང་ད་དུང་དཔྱད་གཞིའི་ཡིག་རིགས་གསར་པ་དང་། དཔྱད་ཐབས་གསར་པ་རེ་རྙེད་ཀྱི་འདུག་པས་འདི་དག་མུ་མཐུད་ནས་སློབ་སྦྱོང་བྱེད་དགོས་པ་ཞིག་རེད། ཁ་སང་ཕྲན་གྱིས་བོད་རིག་པའི་མཁས་པ་རྒན་གྲས་རོ་བྷི་ལགས་ཀྱི་རྩོམ་ཡིག་ “གྲུབ་ཆེན་ཨུ་རྒྱན་པ་དང་རྒྱ་ནག་གི་སོག་པོ་”ཞེས་པ་དེ་བཀླགས་པ་ཡིན། དེས་ཕྲན་ལ་བློ་སྐྱེད་གསར་པ་འགའ་རེ་སྤྲད་བྱུང་བས་ད་དུང་མུ་མཐུད་ནས་བརྗོད་གཞི་འདི་ལ་དཔྱད་ཞིབ་བྱེད་རྒྱུ་འདུག ད་དེ་འདྲ་རེད་ལགས།
ལར་ནས་སྔོན་གྱི་རིག་གནས་ཆེ་བ་ལྔ་ལ་མཁས་ན་པཎ་ཆེན་དང་ཆུང་བ་ལྔ་ལ་མཁས་ན་པཎ་ཆུང་། བྱེ་བྲག་པ་རེ་རེ་ལ་མཁས་ནའང་དེ་དང་དེ་ལ་མཁས་པའོ་ཞེས་བཤད་སྲོལ་ཡོད་འདུག་པ་དེ་༼ཁམས་སྤྲུལ་གྱི་སྙན་འགྲེལ་དུ་གསལ་༽དེང་རབས་ཀྱི་སློབ་གསོའི་ལམ་ལུགས་ནང་འཁྱེར་སྐབས་ང་ཚོའི་མཁས་པ་དང་མཁས་དབང་གི་གོ་བ་དེ་དང་དེའི་འཇུག་ཡུལ་སྐོར་ལ་བདེ་མི་བདེ་དང་། ཁས་ལེན་མི་ལེན། འཇུག་མི་འཇུག་སོགས་ཀྱི་ཚད་གཞི་ཞིག་མེད་པ་དེས་ང་ཚོ་ལ་ “མཁས་པ་”ཞེས་པའི་ཐ་སྙད་སྦྱོར་སྐབས་ཀྱི་དཀའ་ངལ་ཞིག་འདྲེན་གྱི་འདུག
ཉེ་ཆར་ཕྲན་ལ་དོ་སྣང་བྱུང་བ་ཞིག་ལ་ བཙན་བྱོལ་ནང་། མཁས་པ་ཞེས་པའི་ཐ་སྙད་འདི་སྤྱི་ཚོགས་ཐོག་ཧ་ཅང་གུ་ཡངས་པོའི་ཐོག་ནས་སྤྱོད་བཞིན་འདུག མཁས་པ་དང་མཁས་དབང་གཉིས་ཀྱང་བེད་སྤྱོད་སྐབས་ཁྱད་པར་མེད་པར་སྤྱོད་ཀྱིན་ཡོད་པའི་རྣམ་པ་ཞིག་འདུག ང་ཚོས་ མཁས་པ་དང་མཁས་དབང་ཟེར་བ་དེ་ལྟར་གུ་ཡངས་ཀྱི་ཐོག་ནས་སྤྱོད་སྐབས་དེ་ལ་སེར་སྣ་བྱེད་དགོས་པའང་མི་འདུག་དྲན། འོན་ཀྱང་མཚམས་ཤིག་དང་ཚོད་ཅིག་ཡོད་ན་བསམས་མོད་དེ་ཅི་འདྲ་ཡིན་ངས་ཀྱང་མི་ཤེས། བོད་མི་རྣམས་ཡ་རབས་དང་ཁེངས་སྐྱུང་ཅན་ཡིན་སྟབས། མཚམས་རེར་ཞེ་ས་ཙམ་ཞིག་བྱེད་པའི་ཆེད་དུའང་ “མཁས་པ་”ཞེས་པའི་ཚིག་འདི་སྤྱོད་བཞིན་ཡོད་པ་འདྲ། དཔེར་ན། སྐུ་ངོ་ཞེས་པའི་ཚིག་དམངས་གཙོའི་ལམ་སྲོལ་དང་མི་མཐུན་པ་ཞིག་ཡིན་མོད། གངས་སྐྱིད་དུ་ཚིག་འདི་མ་བཀོལ་བར་སྐད་ཆ་བཤད་མི་ཤེས་པའི་ཚོད་ཙམ་ཞིག་ཆགས་ཡོད་པར་སྣང་། ཉེ་ཆར་ཤེས་རིག་གི་ལས་བྱ་བསམ་འགྲུབ་ལགས་ཀྱིས་སྲིད་སྐྱོང་ངོ་སྤྲོད་སྐབས་ཀྱང་། “དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་”ཞེས་ཆེ་བསྟོད་ཀྱི་ཚིག་འདི་ཡོད་བཞིན་དུའང་། “སྐུ་ངོ་སྲིད་སྐྱོང་”ཞེས་བོས་སོང་། འདི་དག་ནི་དཔེ་མཚོན་ཡིན།
“མཁས་པ་” དང་་ “མཁས་དབང་”གི་ཚིག་གི་འཇུག་ཡུལ་དང་། ད་དུང་རི་མོ་མཁས་པ་དང་གླུ་དབྱངས་མཁས་པ་སོགས་ནས་ཀྱང་དྲངས་ཏེ་བགྲོ་གླེང་གནང་ན་དགེ་མཚན་ཞིག་ཡོད་པར་སྣང་། དེ་མིན་སྙན་ངག་པའི་སྒྱུ་རྩལ་ལ་བརྩི་འཇོག་གིས་རྩོམ་པ་པོ་གཙོས་འབྲེལ་ཡོད་རྣམས་ལ་དམོད་རེས་མ་གནང་རོགས་ཞེས་རེ་སྐུལ་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།
བདག་གིས་དེང་སང་ལྷག་དཀར་ཉིན་མོར་ཨུ་ཚུགས་ཀྱིས་ས་སྐྱ་ལེགས་བཤད་ལ་ཚིག་འགྲེལ་རྒྱག་གི་ཡོད། དོ་སྣང་ཅན་ཁ་ཤས་ཡོང་གི་འདུག རབ་བྱེད་དང་པོ་མཁས་པ་བརྟག་པ་རེད། གལ་ཏེ་ལེགས་བཤད་འདི་ཉིད་ཁུངས་དང་ཚད་མར་བཟུང་ནས་མཁས་བླུན་གྱི་ཁྱད་པར་ཅིག་བཀར་ན། ས་མཚམས་གསལ་བོ་ཞིག་རྙེད་ཐུབ་པ་འདུག
དཔེར་ན། སྐྱེ་བོ་ཡོན་ཏན་ཡོད་མེད་པའི། །བླང་དོར་བློ་གྲོས་ལྡན་པ་མཁས། ཞེས་པ་དང།
ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །གོ་ཡི་བླུན་པོས་དེ་ལྟ་མིན། ཞེས་དང།
ཤེས་རབ་ལྡན་པས་ཉེས་པ་དག སེལ་བར་ནུས་ཀྱི་བླུན་པོས་མིན། ཞེས་པ་དང།
མཁས་པ་ཡོན་ཏན་ཀུན་བསླབས་པ། །མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། །
མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་། །བློན་པོ་འཇུག་པའི་ལམ་མི་འགྲོ།
ཡོན་ཏན་སྐྱོན་གཉིས་སུས་ཀྱང་གསལ། །འདྲེས་པ་འབྱེད་ཤེས་མཁས་པ་ཡིན།
སེམས་ཅན་གཞན་དང་རྗེས་མཐུན་པའི། །སྤྱོད་པ་ཤེས་ན་མཁས་པ་ཡིན།
མཁས་པ་རྣམས་ཀྱིས་དཔྱད་པ་ཡི། །ཤེས་བྱ་ཤེས་ན་མཁས་པར་བགྲང་།
ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་རྣམས་ནི་ཡོངས་སུ་ལེན། ལྟ་བུ་སོགས་རེད། ཚད་གཞིའམ་ཁྱད་ཆོས་དེ་དག་ཚང་མ་ལྡན་རྒྱུ་ཕར་ཞོག་སྣ་གཅིག་རེའི་ཐོག་ནས་ཀྱང་བདག་རང་ཉིད་ལ་མཚོན་ན་འདི་ལ་འདུག་གོ་བསམ་པའི་གདེང་ཚོད་ངོ་མ་ཞིག་སྐྱེ་དཀའ་ཚོད་རེད།
རབ་གསལ་ལགས་ཀྱིས། ཉམས་ཞིབ་པ་ཞིག་ཁྱད་ཆོས་ཀྱིས་འདིར་བསླབ་བྱ་གནང་བ་དགའ་བོ་བྱུང།
རབ་གསལ་གྱིས་དོན་དང་ལྡན་པའི་སྐད་ཆ་ཞིག་བཤད་འདུག ལོ་ངོ་བཅུའི་སྔ་རོལ་ཞིག་ན་ཧོར་གཙང་འཇིགས་མེད་ཀྱིས་(ཁྲག་ཐིགས་ལས་སྐྱེས་པའི་ལྗང་མྱུག)ཅེས་པའི་དེབ་ཏུ་རིག་གཞུང་དཔྱད་བརྗོད་པ་དགེ་འདུན་རབ་གསལ་དུ་འབོད་པ་ད་གཟོད་དོན་ཡོད་དུ་སོང་བ་འདྲ། ལེགས་སོ་ལེགས་སོ། རིགས་ཀྱི་བུ།
སྔོན་མ་ཞིག་ལ་རྒན་ལྷ་མོ་སྐྱབས་ལགས་དང་ཕྲན་གཉིས་མཉམ་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་གྱི་བཅར་འདྲི་ཞིག་ཞུས་སྐབས་ངས་ཁོང་ལ་རྒན་ལྷ་མོ་སྐྱབས་ལགས་ཞེས་ཞུས་པ་ཡིན། ཁོང་གིས་ང་ལ་རྩེད་མཚར་གནང་བྱུང་། ཁོང་གིས་དགེ་རྒན་གྱི་ཕྱག་ལས་ཡུན་རིང་གནང་སྟབས་རྒན་ལྷ་མོ་སྐྱབས་ཞེས་འཇུག་བདེ་པོ་འདྲ་ཞིག་འདུག ད་ས་སྐྱ་ལེགས་བཤད་དེ་དྲངས་པ་ཡང་ཐུགས་རྗེ་ཆེ། མཁས་པ་བརྟག་པ་ཡོད་ཡོད་རེད། དེར་ཡང་བྱ་ཚིག་གི་ མཁས་དང་ མིང་ཚིག་གི་མཁས་པ་གཉིས་པ་ལ་ཁྱད་པར་ཞིག་ཡོད་པར་སྣང་། ད་ལྟ་བཙན་བྱོལ་ནང་མཁས་པ་ཞེས་པའི་ཚིག་འདི་གུ་ཡངས་ཀྱིས་སྤྱོད་བཞིན་པ་དེ་ཡང་སྤྱི་ཚོགས་ཀྱི་ཐོག་ནས་འཕེལ་བཞིན་པའི་རྣམ་པ་ཞིག་རེད། འདི་ལ་འགྲིག་དང་མི་འགྲིག་གི་ཐ་སྙད་སྤྱད་དེ་དགག་པ་རྒྱག་འོས་དང་མི་འོས་མི་ཤེས། དགག་པ་བརྒྱབ་ཀྱང་ཕན་ཐོགས་མིན་མི་ཤེས། དཔེ་མཚོན་ནི་སྐུ་ངོ་ཞེས་པའི་ཚིག་དེ་བཞིན་ཡིན། ང་ཚོས་ རང་རང་ནི་དཔེར་ན་རྩོམ་པ་པོ་དང་། སྙན་ངག་པ། སྒྱུ་རྩལ་པ། རི་མོ་བ། དགེ་རྒན། དགེ་རྒན་ཆེན་མོ། མཐའ་ན་སློབ་དཔོན་དང་སློབ་དཔོན་ཆེན་མོ་ཡིན་ཞེས་བརྗོད་རྒྱུ་ལའང་འཛེམས་སྣང་མེད་པ་འདྲ། འོན་ཀྱང་མཁས་པ་ཞེས་པ་ལ་འཛེམས་སྲོལ་ཞིག་ཡོད་པ་དེ་ཅི་ཡིན་ནམ།
མཁས་པའི་ཚིག་སྦྱོར་སྟངས་སྐོར་ལ་བསམ་ཚུལ་འདི་འདྲ་ཞིག་སྐྱེས།
རབ་གསལ་ལགས་གང་ལ་མཁས། ཇི་ལྟར་མཁས། ཅིའི་ཕྱིར་མཁས། སུ་ལ་མཁས་ཅེས་འདེད་ནས་དབྱེ་ཞིབ་བྱས་ན་གཞི་ནས་མཁས་པ་འཇུག་མ་འཇུག་དེ་གསལ་བར་བྱེད། དེར་བརྟེན།
རབ་གསལ་ལགས་བརྡ་སྤྲོད་སྙན་ངག་ལ་མཁས། ལོ་མང་སློབ་གཉེར་དང་སློབ་ཁྲིད་ལ་བརྟེན་ནས་མཁས་པར་གྱུར། ཅིའི་ཕྱིར་མཁས་ཟེར་ན་གོང་གི་སློབ་གཞི་དེ་ཚོའི་ཕྱི་ནང་གསང་བ་གསུམ་གྱི་ཤེས་བྱར་མཁས། དེ་ཡང་ཁོང་གི་སློབ་མ་དང་གྲོགས་པོ། རིག་གཞུང་ལ་དོན་གཉེར་བྱེད་མཁན་རྣམས་ཀྱི་ཡིད་ངོར་མཁས་པས། བརྡ་སྤྲོད་སྙན་ངག་མཁས་པ་ཟེར་ན་རྒྱུ་མཚན་འདུག
མཁས་པ་ཞེས་མིང་རྐྱང་ཞིག་བཏགས་ན་སྟོང་པ་རེད། དེའི་མདུན་ལ་ཡུལ་འདྲེན་ཐུབ་པའི་ཚིག་ཡོད་ན་ཞིབ་ཚགས་སུ་སོང་བས་དོན་ལ་གནས། དཔེར་ན། ཚེ་རིང་ཤཀྱ་ལགས་ལོ་རྒྱུས་མཁས་པ་ཟེར་ན་འགྲིགས་མོད། དེ་བཞིན་པད་མ་འབུམ་ལགས་རྩོམ་ཡིག་ལོ་རྒྱུས་མཁས་པ་ཟེར་ན་འགྲིགས་མོད། ཟམ་གདོང་རིན་པོ་ཆེ་རིག་གནས་ཀྱི་མཁས་པ་ཟེར་ན་འགྲིགས་མོད། ཧོར་གཙང་འཇིགས་མེད་ལགས་སྙན་ངག་མཁས་པ་ཟེར་ན་འགྲིགས་མོད། ཁྱེད་ཚོས་ལྟར་ན་ཇི་འདྲ་རེད། དེ་ལ་དབྱིན་ཡིག་གི་expertཟེར་བའི་ཚིག་འདི་ཏག་ཏག་འཇུག་ཐུབ་ཀྱི་འདུག
ཞར་ལ་་བརྡ་སྤྲོད་སྙན་ངག་མཁས་པ་རབ་གསལ་ལགས་ཀྱི་གསུང་དེ་ག་ནས་ཉན་ཐུབ་ཀྱི་རས། སྙན་ངག་གི་ཕ་ཁྱིམ་ཞེས་པ་འདི་དྲ་རྒྱ་རེད་དམ་སྐད་འཕྲིན་རེད། དེ་ལ་ཇི་ལྟར་འཇུག་དགོས་སམ།
ཐུགས་རྗེ་ཆེ།
རིགས་གཅིག་མཁས་ན་དེ་ཡང་མཁས་པ་ཡིན།
ལྷ་ས་བས། མི་དེ་དེ་ལ་མཁས། འདི་ལ་མཁས་ཞེས་སྦྱོར་བའི་སྐབས་སུ་ལས་རིགས་གང་ཞིག་ལ་དམིགས་བསལ་གྱི་ནུས་པ་ཙམ་ཡོད་པས་འཐུས་པ་འདྲ་བོ་འདུག
ང་ཚོས་མཁས་པ་ཞེས་པ་འདི་གཞུང་ལུགས་རང་བཞིན་གྱི་ཐ་སྙད་རེད་འདོད། དེ་བས། མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་མཁྱེན་པ་ཡིན་པར་འདོད། །བྱེ་བྲག་སྦྱང་བའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་ཞེས་བྱ། ཞེས་པ་སོགས་ཀྱི་བཞེད་དགོངས་གཙིགས་སུ་འཛིན་དགོས་སྙམ། བྱེ་བྲག་སྦྱངས་པའི་མཁས་པ་ནི་རིགས་གཅིག་རྐང་འཛིན་པ་ལ་གོ་དགོས།
རིགས་གཅིག་མཁས་ན་མཁས་པའི་མིང་གིས་འབོད།།
མཁས་པའི་དབང་བོ་ཟེར་བའི་བསྟོད་ཚིག་དང་།།
ཐམས་ཅད་མཁྱེན་པ་བོས་ན་ང་མི་འཐད།།
ཤེས་བྱ་ཐ་དག་མཁྱེན་པ་སུ་ཡང་མེད།།
ཆབ་བྲག་ལྷ་མོ་ལགས་ཀྱི་ཚིགས་བཅད་དེ་ངས་གོང་དུ་བཤད་པའི་ལོ་རྒྱུས་མཁས་པ་སོགས་ཀྱི་ལུང་ལ་ཡང་འཇུག་གི་འདུག་པས། ཁྱེད་ཀྱི་འདོད་པ་གཙོ་བོ་དེ་ཅུང་གསལ་པོ་བྱུང་མ་སོང་། ཡང་བསྐྱར་གསལ་དུ་གཏོང་རོགས།
ཐམས་ཅད་མཁྱེན་མིན་ཇི་ལྟར་ཡང། དེ་ཡི་མཚན་ཅན་བོད་ལ་མང།
སྤྱིར་ན་དེང་སང་མཁས་པ་ཞེས། མཚན་རེ་གསོལ་ཡང་རིན་ཐང་ཆུང།
མཁས་དང་མཁས་དབང་ལྔ་རིག་པའི། ཁྱད་པར་སྔ་རབས་མཁས་པས་ཕྱེས།
བསམ་ཤེས་ལགས་ཀྱི་བསམ་ཚུལ་དང་་འགལ་བ་ཅང་མི་འདུག
་་་་་་ ཞར་ལ་་བརྡ་སྤྲོད་སྙན་ངག་མཁས་པ་རབ་གསལ་ལགས་ཀྱི་གསུང་དེ་ག་ནས་ཉན་ཐུབ་ཀྱི་རས། སྙན་ངག་གི་ཕ་ཁྱིམ་ཞེས་པ་འདི་དྲ་རྒྱ་རེད་དམ་སྐད་འཕྲིན་རེད། དེ་ལ་ཇི་ལྟར་འཇུག་དགོས་སམ། ་་་་་་
མཁས་པ།
གང་ལ་སྦྱངས་པ་དེ་ལ་མཁས། །
ཕྱུགས་རྫི་འུར་རྡོ་འཕེན་ལ་མཁས། །
་་་་་གདན་ཞུ་སྐུ་མགྲོན་མཁས་པ་དགེ་འདུན་རབ་གསལ་མཆོག་གིས་སྙན་ངག་གི་ཕ་ཁྱིམ་ནང་གསུང་བཤད་་་་་
ཅེས་པའི་གསུང་བཤད་དེ་ཁ་བརྡར་བཀོད་ན་མང་པོར་ཕན་ཐོགས་སྲིད་པས་་་་་་
དགེ་འདུན་རབ་གསལ་ལགས་ཀྱི་གསུང་བཤད་ཟིན་བྲིས་དང་སྒྲ་འཇུག་མ་ཐུབ་པས་གུས་པ་ཤིན་ཏུ་འགྱོད། རྗེས་མར་སྒྲ་འཇུག་ཐུབ་པར་བྱེད་ཀི་ཡིན། འོ། སྙན་ངག་གི་ཕ་ཁྱིམ་ཟེར་བ་སྐད་འཕྲིན་གྱི་རྒྱུད་ལམ་སྤྱད་དེ་སྙན་ངག་གི་ཚོམས་ཞིག་ཡིན། འབྲེལ་བའི་ཨང་གྲངས་འདི་ཡིན། 0662679075ཡིན། ཐད་ཀར་ཕྲན་ལ་འབྲེལ་བ་བྱེད་ཐུབ།
རྣམ་པ་ལྷན་རྒྱས་ཐུགས་རྗེ་ཆེ།
ཨོ། རབ་གསལ་ལགས་དང་དྲ་གྲོགས་གཞན་པ་ཚོར་འདྲི་བ་ཞིག་ཡོད་པས་ལན་གཅིག་སྟེར་རོགས།
གོ་ཐོས་ལ་རྒྱ་གར་གྱི་སྙན་ངག་གཞུང་གི་ནང་ལ་ད་ཊིའི་གཞུང་མེ་ལོང་མ་ལས་ཤིན་དུ་རྒྱས་པ་དང་ཕུན་སུམ་ཚོགས་པའི་གཞུང་མང་པོ་ཡོད་ཚུལ་ལ། འདིའི་སྐོར་ལ་རབ་གསལ་ལགས་ཀྱིས་ལན་ཞིག་ཡོད་པ་ཞུ། ད་ཊིའི་གཞུང་ནང་ལ་མ་ཚང་བའི་སྙན་ངག་གི་རྒྱན་ནམ་ས་བཅད་གཞན་ཁ་སྐོང་དགོས་པ་ག་རེ་ཡོད་དམ།