དོལ་པོ་པདྨ་དགོས་འབྱོར།
སྔོན་རྒྱ་ནག་གི་གྲོང་ཁྱེར་ཡིད་དུ་འོང་བ་ཞིག་ན་དགོན་པ་ལྟ་ན་སྡུག་པ་གཅིག་ཡོད། དགོན་དེར་དཀོན་གཉེར་གཅིག་དང་དགེ་ཕྲུག་གཅིག་ཡོད། དཀོན་གཉེར་དགུང་ན་རེ་གྲངས་ལ་ཕེབས་པའི་བགྲེས་སོང་ཞིག་ཡོད་པ་དེས་ཉིན་ལྟར་ཕྱག་མཆོད་གད་དར་དང་། དགེ་ཕྲུག་ཆུང་ཆུང་དེར་སྔ་དགོང་དུས་གསུམ་ལ་གསོ་སྐྱོང་གི་འགན་ཡང་ཁུར་དགོས་ཀྱི་ཡོད། རྒྱ་ཡུལ་ལ་དར་བའི་ནང་པའི་བཙུན་པའི་ཆས་གོས་ཅན་ལོ་ན་ལྔ་དྲུག་ལས་མ་སོན་པའི་བྱིས་པ་རྣམ་རིག་བཀྲ་ལ། གྲུང་ཆ་དོད། སྐྱེས་གཟུགས་ཀྱང་ལེགས་པའི་དགེ་ཕྲུག་དེའི་ནམ་ལངས་ནས་སྲོད་མ་རུབ་བར་གྱི་ལས་ཀ་ནི་གཙང་འགྲམ་ལ་བསྐྱོད་དེ་ཁེར་རྐྱང་ངང་རྩེད་འཇོའི་དུས་འདའ་རྒྱུ་དེ་ཡིན།
དགོན་པའི་མདའ་ན་དལ་གྱིས་རྒྱུ་བའི་གཙང་ཆུ་དྭངས་མ་ཞིག་དང་། མཐའ་ཀུན་ཡིད་དུ་འོང་བའི་རྩི་ཤིང་སྣ་ཚོགས། གཙང་ངོགས་ན་བཟོ་དབྱིབས་སྣ་ཚོགས་ལྡན་པའི་རྡོ་ཕ་བོང་། དེ་བཞིན་སྲོག་ཆགས་སྦྲུལ་དང་། སྦལ་བ། ཉ་སོགས་ཡོད། ལོ་ན་ལྔ་དྲུག་ལས་མ་སོན་པའི་དགེ་ཕྲུག་ནི་རྩེད་མོར་ཧ་ཅང་ཡིད་འཐད་པ་མ་ཚད། ད་དུང་ཁོས་སྲོག་ཆགས་སྣ་ཚོགས་ཟིན་ནས་སྐེད་ལ་སྐུད་པས་བསྡམས་ཏེ་གཡས་གཡོན་གང་སར་རང་འདོད་ལྟར་རྒྱུག་ཏུ་མི་འཇུག་པར་རྡོ་དང་རྩི་ཤིང་ལ་འདོགས་རྒྱུར་ཧ་ཅང་དགའ།
ཁོས་ཉིན་གཅིག་ཆུ་འགྲམ་ལ་སོང་བས་ཉ་ཆུང་ཞིག་རིག ལམ་སེང་ཟིན་རྗེས་སྐུད་སྣེ་རྡོ་ལ་བཏགས་པའི་སྐུད་པ་དཀར་པོ་ཞིག་ཉའི་སྐེད་པར་བསྡམས་ནས་ཆུའི་ནང་ལ་བརྫངས། མགོ་བོ་གཡུག་གཡུག་བྱེད་ཅིང་ངག་ནས་ཨི་ཧི་ཧི། ཨི་ཧི་ཧི་ཟེར་བའི་དགོད་སྒྲའི་ཀློང་ན་ཕར་ཕར་རྒྱུག ཚུར་ཚུར་ཡོང་། ཁོ་ནི་བྲེལ་བྲེལ་ཚུབ་ཚུབ་ངང་རྩེད་མོའི་དབྱིངས་ན་ལྡིང་གིན་འདུག གཙང་འགྲམ་མར་བབས་ཏེ་བལྟས་པས་བསྐྱར་དུ་སྦལ་བ་ཞིག་རིག་པ་དེ་ཡང་ལམ་སེང་ཟིན་རྗེས་མགོ་དང་སྐེད་བར་ལ་སྐུད་པ་བསྡམས་ནས་སྣེ་མོ་རྡོ་ལ་བཏགས། སྦལ་བ་ལེབ་ལེབ་དེས་སྐོར་བ་རྒྱག་རྒྱུ་ཙམ་ལས་དགེ་ཕྲུག་གི་ལག་ནས་རང་དབང་བརླགས་པར་བྱས་ཀྱང་ཁོ་ལ་མཚོན་ན་བདེ་སྐྱིད་ཀྱི་ཆ་ཤས་ཤིག་ཏུ་གྱུར། སྲོག་ཆགས་ཐུག་རྗེས་རྩེད་གྲོགས་མི་དགོས་པར་ཉིན་གང་མགོ་འཁོར་ཏེ་གནས་གཅིག་ཏུ་སྡོད་རྒྱུ་ནི་གྲྭ་ཆུང་ལ་མཚོན་ན་གོམ་ལོབས་སུ་གྱུར་བའི་གཤིས་ཀ་ཞིག་ཡིན། གཙང་པོ་དང་ཐག་ཉེ་སར་ཤིང་ནགས་སྣ་ཚོགས་ཡོད་སྟབས་སྦྲུལ་ཡང་ཤིན་དུ་མང་མོད། སྦྲུལ་གཅིག་ཁ་སྐོམ་ནས་དལ་བུར་ལྕེ་མོ་ནར་ཙམ་ནར་ཙམ་བྱེད་ཅིང་རྒྱུག་འོང་བ་ཁོས་རིག་རྗེས་ཚམ་ཚོམ་ཅི་ཡང་མེད་པར་ཧོབ་ཀྱིས་ཟིན་ཏེ་ཨི་ཧི་ཧི། ཨི་ཧི་ཧི་ཟེར་བཞིན་ཁོའི་རྩེད་ཆས་སུ་གྱུར་ཟིན། ཡུད་ཙམ་རྩེད་མོ་རྩེས་ནས་སྐུད་པ་དཀར་པོ་དེས་དམ་པོར་སྐེད་ལ་བསྡམས་ནས་སྣེ་མོ་རྡོ་ལ་བཏགས། ཁོ་ནི་སྐབས་རེར་ཉ་ཆུང་ཡོད་སར་ཕྱིན་ནས་རྩེད་མོ་རྩེ། མཚམས་རེར་སྦལ་བ་ཡོད་ས་དང་། དུས་དུས་སུ་སྦྲུལ་ཡོད་སར་ཕྱིན་ནས་རྩེད་མོ་རྩེ། ཁོས་དེ་ལྟར་ཉིན་གང་རྩེད་མོར་གཡེངས་ནས་དགོང་མོ་ནང་ལ་ལོག
དེ་རིང་ཡང་ནམ་རྒྱུན་ལྟར་ཁོས་སྔར་བཞིན་ཆུ་འགྲམ་ལ་རྩེད་མོ་རྩེ་བར་སོང་ནས་དུས་ཡུན་གང་འཚམ་དགོན་པར་ལོག་མ་ཡོང་སྟབས་དཀོན་གཉེར་བགྲེས་སོང་ཡང་ཕྱི་རོལ་ལ་ཕེབས། སྐབས་དེར་ཁོང་གིས་ཨི་ཧི་ཧི། ཨི་ཧི་ཧི། ཟེར་བའི་དགོད་སྒྲ་དེ་རྣ་བར་ཐོས་འཕྲལ་གཡས་གཡོན་ལ་གཟིགས་པས་དགེ་ཕྲུག་ལུས་ལ་གྲྭ་ཆས་དཀར་པོས་གཡོགས་པ་སྐྱ་ཏོག་གེ་ཆུ་འགྲམ་ཕ་བོང་ཞིག་གི་སྟེང་ན་རྩེད་མོར་གཡེངས་ནས་འདུག དལ་བུར་ཕྱིན་ནས་གཟིགས་པས་སྐུད་པ་དཀར་པོའི་སྣེ་ན་རྡོ་ཟུར་གསུམ་འབར་འབུར་ཅན་སྦྲུལ་གྱི་སྐེ་ཡོངས་སུ་བཏུམས་པ་དང་། ཕ་བོང་གི་སྟེང་ན་མཇུག་མ་གཡས་གཡུག་གཡོན་གཡུག་གིས་སྐོར་བ་རྒྱག་པའི་སྦྲུལ་རྣམས་རིམ་བཞིན་གཟིགས་པས་ཐུགས་མ་བདེ་བའི་ཚོར་བ་ཞིག་འགོག་མེད་དུ་ཤར། གློ་བུར་དུ་ཁོའི་མིག་ཟུར་ནས་དཀོན་གཉེར་བགྲེས་སོང་འཁྲིས་སུ་ཕེབས་ཡོད་པ་མཐོང་དུས་སེམས་ཞུམ་ཞུམ་གྱི་རྣམ་པ་ཞིག་ངོ་གདོང་ལ་མངོན་བཞིན་ནང་ལ་ལོག་ནས་ཉལ།
དཀོན་གཉེར་བགྲེས་པོའི་ཐུགས་ལ་དེ་རིང་དགེ་ཕྲུག་དེ་ཐབས་ཀྱིས་འདུལ་ཐབས་ཤིག་ཅི་ནས་ཀྱང་བྱ་དགོས་སྙམ་པའི་ངང་། ཉལ་ཁང་གི་ཕྱི་ལོགས་ན་རྡོ་ལེབ་ལེབ་གཅིག་གཟིགས་པ་དེ་ནང་ལ་བསྣམས་ཕེབས་ནས་དགེ་ཕྲུག་གིས་ཉ་དང་སྦལ་བ་སོགས་ཀྱི་སྐེད་ལ་སྡེམ་པ་ཇི་བཞིན་གནང་། རྡོ་ལེབ་ལྕི་ཙམ་ཡོད་པས་ཐོ་རེངས་དགེ་ཕྲུག་མལ་ནས་ཡར་ལང་འོང་སྐབས་སྔར་ལྟར་ཡིན་སྣང་གིས་གཟུགས་པོ་ཡར་དགྱེ་ཡང་རྡོའི་ལྗིད་ཀྱིས་ཡར་ལངས་མ་ནུས། དཀོན་གཉེར་བགྲེས་པོ་དགོན་པ་གད་དར་ལ་བརྩོན་པའི་སྒང་ཡིན་པས་ཡུད་ཙམ་རིང་དགེ་ཕྲུག་རྔུལ་ནག་ཕྱུ་རུ་རུར་གྱུར་ཡང་ཐབས་ཤེས་དང་ནུས་པས་ཕོངས་པས་ཅི་བྱ་གཏོལ་མེད་ངང་ལུས། གད་དར་ལེགས་པར་གྲུབ་མཚམས་དཀོན་གཉེར་དགེ་ཕྲུག་གི་ཉལ་ཁང་ལ་ཕེབས་ཏེ་བཞིན་ལ་འཛུམ་གྱིས་བརྒྱན་ནས་གང་འདྲ་བྱུང་ངམ་ཞེས་དྲིས། དགེ་ཕྲུག་ངལ་བའི་དབུགས་རིང་དང་བཅས་དགེན་ལགས་སྐུད་པ་འགྲོལ་རོགས་ཞེས་རེ་བ་བཏོན། སྐབས་དེར་དཀོན་གཉེར་པས་ཁྱོད་ཀྱིས་ཉ་དང་། སྦྲུལ། སྦལ་བ་བཅས་ལ་རྩེད་མོ་ཇི་ལྟར་རྩེས་དྲན་ནམ། ཁྱོད་ལ་དཀའ་ངལ་བྱུང་བ་བཞིན་སྲོག་ཆགས་དེ་རྣམས་སྡུག་བསྔལ་གྱི་གནས་སུ་ལྷུང་བ་ཤེས་སམ། ཞེས་འདྲི་བར་མཛད་པས་དགེ་ཕྲུག་གིས་ཀྱང་མགོ་གུག་གུག་གིས་ངེས་ཤེས་འཕྲོད་པའི་རྣམ་པ་བསྟན། འོ་ན། ཞོགས་ཇ་བཏུངས་རྗེས་གཙང་འགྲམ་ལ་སོང་ནས་ཁྱོད་ཀྱིས་བཟིན་པའི་སྲོག་ཆགས་རྣམས་ཁྱེ། ཕྱིན་ཆད་སྲོག་ཆགས་ལ་གནོད་པའི་ལས་གཏན་དུ་སྤང་དགོས། ཐབས་མཁས་པའི་ཞལ་ཏ་དུ་མ་གནང་། ཤར་རི་ནས་ཉི་མའི་འོད་མདངས་འཕྲོས། བྱེའུ་ཆུང་རྣམས་སྙན་པའི་གསུངས་དབྱངས་དང་བཅས་ལྗང་ཐིང་ཐིང་གི་ནགས་གསེབ་ལ་ཅི་དགར་རྒྱུ། སྐབས་དེར་གོམ་མགྲོས་དལ་བོའི་ངང་དགེ་ཕྲུག་ཆུང་ཆུང་གཙང་འགྲམ་དུ་འབྱོར་རྗེས་སྦྲུལ་དང་སྦལ་བ་ཡོད་སར་སོང་། སྟབས་མ་ལེགས་པ་ལ་སྦྲུལ་དང་སྦལ་བ་གཉིས་ཀ་གཟུགས་པོ་མགོ་ལུས་རྟིང་གསུམ་རྨ་དང་ཁྲག་གིས་ཁེངས་ནས་དབུགས་ཀྱི་རྒྱུ་བ་འགགས་ཟིན་འདུག་པས་གནོང་འགྱོད་དྲག་པོས་མིག་ཆུ་དོག་པོ་རེ་རེ་མཁུར་ཚོས་ནས་སར་ཉིལ། སྐེད་ལ་སྐུད་པ་བསྡམས་པའི་ཉ་ཆུང་ཡང་སྐེད་པར་རྨ་བཟོས་ནས་འཆི་ཟིན་འདུག་པས་འགྱོད་པ་ཆེན་པོས་སྲོག་ཆགས་གསུམ་ཀའི་བེམ་པོ་བྲང་ཁར་སྦྱར་ནས་ངུ་འབོད་བྱེད་བཞིན་འདུག དཀོན་གཉེར་བགྲེས་སོང་མགོ་བོ་གུག་ཙམ་གུག་ཙམ། གོམ་པ་ཁྱར་ཁྱོར་ངང་དགོན་འདབས་ནས་ཕྱིར་ལོག་ཕེབས་པའོ།
(མཆན། རྒྱའི་གློག་བརྙན་ཞིག་ལ་བལྟས་ནས་བྲིས། )
ཡག་པོ་བྲིས་འདུག
བཀའ་དྲིན་ཆེ།
ཆབ་སྲིད་དང་འཐེན་ཁྱེར་གྱི་ར་བཟི་བ་ཚོར་སྐབས་སྐབས་ལ་འདི་འདྲ་ངལ་གསོའི་བར་སྐབས་ཚིག་སུ་བཅད་པ་རེ་ཀློག་རྒྱུ་ཡོད་ན་བཟང་གི་སྙམ།
དགེ་རྒན་མཆོག་གིས་ཐབས་ལམ་འདི་ཡ་མཚན་ཆེ།
བཀའ་དྲིན་ཆེ།
སློབ་གསོ་ཐེབས་ཆག་འདི་འདྲས། མི་འདི་ལྟར་ལས་སླ་པོར་བཅུན་ཐུབ་ན། རྡུལ་ཕྲན་མཚོན་ཆ་བཟོ་མཁན་དང་། སྡེབ་གསོད་རྒྱག་མཁན་ཡོང་མི་སྲིད། སློབ་གསོ་འདི་ཚོ་ནི་འཆར་ཡན་རིང་ལུགས་ཀྱི་སློབ་གསོ་རེད། དོན་ངོ་མའི་ཐོག་འདི་ལྟར་བཅུན་མི་ཐུབ།
དེ་ལས་ལྡོག་ཏེ། འབྲས་བུ་ངན་པ་ཡོང་སྲིད། དཔེར་ན། ང་ལ་མི་གཞན་ཞིག་གི་འདི་ལྟར་སྡུག་གཅོང་སྤྲོད་ན། དགོངས་དག་ལྟ་ཅི། ཐབས་ཤེས་ཡོད་རྒུ་བཏོན་ནས། དཀོན་གཉེར་དེར་བཟོ་ལྟ་ཞིག་སྤྲོད་ཐབས་བྱེད། དེ་མི་མང་ཆེ་བའི་ཡ་ལན་རེད།
༄༅། ཡག་པོ་བྲིས་འདུག་་་ཡིན་ཡང་དེ་ཙམ་གྱི་ཧང་སང་རྒྱུ་རང་མི་འདུག་
ཆོས་སྲིད་གང་ཐད་ནས་ཡིན་མགུ་དགོས་པ་ཅང་མི་འདུག་