མཁོ་སྤྲོད་པ་དང་ཡིག་ཕབ་པ། ཤིང་རྟ།
སྔོན་གླེང་།
གནའ་དེང་རིག་པའི་གནས་ལ་མཁྱེན་རབ་ཀྱི་ཁོ་ལག་ཡོངས་སུ་རྫོགས་ཤིང་། དཔྱོད་ཤེས་ཀྱི་བློ་མིག་མཁའ་ལྟར་ཡངས་པའི་ངེས་དོན་མཁས་པའི་ཁྱུ་མཆོག མགོན་མེད་འགྲོ་བའི་སྐྱབས་གནས་དམ་པ་མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་གི་བཅོས་མིན་ཐུགས་རྒྱུད་དུ་མངའ་བའི་ཟོལ་བྲལ་གྱི་ལྷག་བསམ་དང་། རྨད་བྱུང་མཁྱེན་རབ་ཀྱི་རྩལ་ལས་འཁྲུངས་པའི་སྔར་མེད་ལེགས་བཤད་ཀྱི་ཆེད་རྩོམ་དག་ནི་གཟུར་གནས་ཀྱི་མཁས་པ་རྣམས་ཀྱིས་བསྔགས་བརྗོད་རབ་དང་རིམ་པར་ཐོབ་པ་མ་ཟད། རང་རིགས་ཀྱི་མི་བུ་རྣམས་མདུན་སྐྱོད་ཀྱི་གོམ་སྟབས་གསར་བ་ཞིག་སྤོ་སའི་ལམ་བུ་མཐོང་བྱེད་ཀྱི་སྒྲོན་མེ་ལྟ་བུར་གྱུར་ཡོད། དེར་མ་ཟད་དམ་པ་ཁོང་ནི་དུས་རབ་གསར་བའི་དབྱངས་རྟ་ཕྱོགས་བཞིར་འཕུར་བའི་དུས་འདིར། རང་རིགས་ཀྱི་ལས་དབང་ལ་ཡིད་ཆད་ཤོར་བའི་དབུགས་རིང་ཁོ་ནར་བཏོན་ནས་མི་བཞུགས་པར། སཱ་ལའི་སྨན་ལྗོངས་ཀྱི་ཕྱོགས་མཚམས་ཀུན་ལ་ཞབས་འགྲོས་ཀྱིས་བཅལ་ཏེ། རི་དྭགས་དང་ལྷན་དུ་ཉལ་བའི་རང་རིགས་ཀྱི་མི་བུ་རྣམས་བརྩེ་ཞེན་གྱིས་བདག་གིར་མཛད་ཅིང་འཕྲལ་ཡུན་ཀུན་ཏུ་དགེ་བའི་བསམ་བློ་དང་ཀུན་སྤྱོད་ཀྱི་བསླབ་བྱ་དང་སློབ་སྟོན་གནང་བ་དེས་རིགས་ཞེན་གྱི་མི་བུ་རྣམས་ལ་སྔར་མེད་ཀྱི་སྙིང་སྟོབས་གསར་པ་ཞིག་བསྐྲུན་པ་མ་ཟད་ཡངས་པའི་ས་ཆེན་འདིར་གནས་པའི་སྐྱེ་འགྲོ་ཀུན་ལ་རླབས་ཆེན་གྱི་སྲི་ཞུ་བཟང་པོ་ཞིག་ཡིན་པ་སྨོས་ཅི་དགོས། དམ་པ་ཁོང་གི་བླང་དོར་ལམ་སྟོན་གྱི་བཀའ་སློབ་རེ་རེས་དེ་རིང་དང་སང་ཉིན་གྱི་དཀའ་ཚེགས་དང་མུན་པ་ཇི་ལྟར་སེལ་བའི་ཐབས་ལམ་རེ་རེ་ཡིན་པ་དཔྱོད་ལྡན་དག་གིས་རྟོགས་ཐུབ་པ་ངེས་ཏེ། ལེགས་བཤད་ལས།
དོན་ལྡན་ཚིག་ནི་རེ་རེས་ཀྱང་།།
ཤེས་རབ་ཅན་ལ་དོན་ཀུན་སྟེར།།
ཞེས་པ་ལྟར་ལགས་པས་རིན་བྲལ་གྱི་བཀའ་སློབ་འདི་ཚོ་རང་དགར་མི་འཇོག་པ་ཀུན་གྱི་གོ་ཐབས་བྱ་དགོས་པ་ནི་མིག་རྒྱང་རིང་བའི་མཁྱེན་ལྡན་དག་ལ་མ་བཀལ་ཕྲག་ཏུ་བབས་པའི་འོས་འགན་རེད་སྙམ།
དེས་ན་དེ་སྔོན་མཁྱེན་རབ་དང་ལྷག་བསམ་གྱིས་ཕྱུག་པའི་མཁས་པ་འགས་དམ་པ་ཁོང་གི་རབ་བྱུང་གི་ཕྱོགས་ལ་སྩལ་བའི་བཀའ་སློབ་འགའ་ཡི་གེར་ཕབ་འདུག་པ་དེས་བོད་སྐད་སྨྲ་བ་ཡོངས་ཀྱིས་གོ་ཐུབ་པ་ཞིག་བྱུང་འདུག་པས་བཅོས་མིན་གྱི་ཡི་རང་དང་བསྔགས་བརྗོད་ཞུ་ཡུལ་དུ་གྱུར་ཡོད། དེ་ལྟར་བདག་གིས་ཀྱང་ཆེས་མཁོ་གལ་ཆེ་བའི་མི་རིགས་སློབ་གསོའི་གནད་དོན་ཐད་ཀྱི་བཀའ་སློབ་ཅིག་མཇལ་བྱུང་བས་དེ་ཉིད་བོད་ཡིག་ཤེས་མཁན་ཡོངས་ཀྱིས་གོ་ཐུབ་པའི་ཆེད་དུ་ཡི་གེར་ཕབ་རྗེས་ཡོངས་ཁྱབ་ཀྱི་འགྲེམ་སྤེལ་བྱས་ན་འགལ་བ་མེད་སྙམ་སྟེ། སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ཀུན་མགོན་མེད་པའི་འགྲོ་བ་རྣམས་ཀྱི་ཕན་བདེ་འབྱུང་ཐབས་སུ་ཉིན་མཚན་ཀུན་ཏུ་བརྩོན་མཛད་པའི་སྐྱེས་མཆོག་ཁོང་གི་བཀའ་སློབ་འདི་ཉིད་མ་ཐོས་པ་རྣམས་ལ་ཐོས་སུ་འཇུག་པ་དང་མ་གོ་བ་རྣམས་ལ་གོ་ཐབས་ལ་འབུངས་ན་སྐྱེ་འགྲོ་བདེ་བའི་ཆ་རྐྱེན་དུ་འགྱུར་ངེས་པས་སོ།། ཕབ་བཤུས་པས།
དགེ་རྒན་གྱི་སློབ་གསོ།
༼མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དགེ་རྒན་སྦྱོང་བརྡར་སྐབས་སུ་སྩལ་བའི་བཀའ་སློབ།༽
གླེང་གཞི།
དེ་རིང་འདི་ན་ཕེབས་ཡོད་པའི་མགོ་ལོག་རང་སྐྱོང་ཁུལ་གྱི་དགེ་རྒན་རྣམ་པ་དང་། འགོ་ཁྲིད་རྣམ་པ། གྲོགས་པོ་རྣམ་པ་ཐམས་ཅད་པོ་ལ། ཐོག་མར་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ་གི་ཡིན། དེ་ནས་དོན་གཉིས་པར་ད་རེས་མགོ་ལོག་གི་དགེ་རྒན་གྱི་སྦྱོང་བརྡར་འཛིན་གྲྭ་འདིའི་ཐོག་ལ་ཡོང་རྒྱུ་རག་པ་དེ་དང་། དགེ་རྒན་འདི་འདྲའི་མང་པོ་ཞིག་ལ་སྐད་ཆ་བཤད་རྒྱུ་བྱུང་བ་དེ། སྙིང་ཐག་པ་ནས་རང་འདྲ་བ་ཡིན་ན་དགའ་སྤྲོ་ཤིན་ཏུ་ནས་ཀྱང་ཆེན་པོ་ཡོད། ཉི་མ་གཅིག་གི་སྐད་ཆ་བཤད་རྒྱུ་འདི་ལ་ང་རང་འདྲ་ལ་མཚོན་ན་ཉི་མ་གསུམ་བཞིའི་དུས་ཚོད་མེད་པ་བྱེད་དགོས་ཀྱང་། དགེ་རྒན་རྣམ་པ་ཚོ་འདི་ན་ཕེབས་ཡོད་པ་ཐམས་ཅད་པོ་ལ་ངོ་འཛོམས་ནས་སྐད་ཆ་བཤད་རྒྱུ་རག་ན། དཔེ་སྐལ་པ་བཟང་པོ་རེད་བསམས་ནས་འདི་ན་ཡོང་བ་ཡིན། རང་ལ་མཚོན་ན་དེ་རིང་དགེ་རྒན་རྣམ་པ་ཚོ་ལ་ལྟ་བ་གསར་པ་དང་། བསམ་བློ་གསར་པ། ཕན་ཐོགས་བྱེད་དེ་འདྲའི་བཤད་རྒྱུ་ཅང་མེད། ཡིན་ནའང་རང་གི་བསམ་བློའི་ནང་ལ་དྲན་ཚུལ་ཚིག་ཀ་གཅིག་གཉིས་ཤིག་ཐམས་ཅད་པོ་ལ་ཞུས་ན་བསམ་གྱི་ཡོད།
དེས་ན་སྔ་དྲོའི་སྐད་ཆ་བཤད་རྒྱུ་འདི་ལ་ཁོང་རྣམ་པའི་གོ་སྒྲིག་ལ་ཅི་ཞིག་རེད་ཟེར་ན། དགེ་རྒན་གྱི་བསམ་བློ་དང་དགེ་རྒན་གྱི་སྤྱོད་པ་འདི་ཚོའི་ཐོག་ནས་སྐད་ཆ་གཅིག་གཉིས་ཤིག་བཤད་ན་གསུངས་ནས་ངར་སྐད་ཆ་བཤད་རྒྱུར་གོ་སྒྲིག་དེ་གནང་འདུག དེ་འདྲ་ཡིན་དུས་དགེ་རྒན་གྱི་བསམ་པ་དང་དགེ་རྒན་གྱི་སྤྱོད་པ་འདི་ཚོ་ལ་མཚོན་ན་བོད་ཀྱི་སྲོལ་རྒྱུན་རིག་པའི་ནང་ལ་ཤིན་ཏུ་ནས་ཀྱང་མང་པོ་གསུངས་ཡོད་རེད། བསམ་བློའི་ཐད་ལ་ཐུག་ནའང་འདྲ་སྤྱོད་པའི་ཐད་ལ་ཐུག་ནའང་འདྲ་གང་གི་ཐད་ནས་ཡིན་ནའང་མང་པོ་ཞིག་གསུངས་ཡོད་རེད། ཡིན་ནའང་རང་གི་བསམ་ཚུལ་གྱི་ཚིག་ཀ་གཅིག་གཉིས་ཤིག་ཞུས་ན་དེ་བསམ་གྱི་ཡོད། དགེ་རྒན་གྱི་བསམ་བློ་དང་། དགེ་རྒན་གྱི་སྤྱོད་པ་ཟེར་རྒྱུ་འདི་མི་རིགས་སུ་ཞིག་ཡིན་ནའང་འདྲ་ཁྱད་པར་དུ་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་འགྲོ་བ་ལ་འབྲེལ་བ་ཤིན་ཏུ་ནས་ཀྱང་ཆེན་པོ་ཞིག་ཆགས་ཡོད་རེད། དཔེར་ན་མི་སྤྱིར་བཏང་ཞིག་གི་བསམ་པ་དང་སྤྱོད་པ་འདི་ཚོ་མི་རང་གི་བསམ་པ་དང་སྤྱོད་པ་རེད་མ་གཏོགས་དེས་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཟེར་ན་དཀའ་མོ་རེད།
མི་གཅིག་གི་བསམ་པ་དང་སྤྱོད་པ་དེས་སྤྱི་ཚོགས་ཡར་རྒྱས་འགྲོ་བ་ལ་ཕན་པ་དང་གནོད་པ་ཚབས་ཆེན་པོ་ཞིག་ཡོད་ཟེར་དགོས་ན་དཀའ་མོ་རེད། ཆེན་པོ་ཞིག་ཡོད་ཀྱི་མ་རེད། ཡིན་ན་ཡང་དགེ་རྒན་དེ་དམིགས་བསལ་བ་ཞིག་རེད། དེ་འདྲ་ཡིན་དུས་དགེ་རྒན་གྱི་བསམ་པ་དང་སྤྱོད་པ་འདིས་ང་ཚོའི་སྤྱི་ཚོགས་ཡར་རྒྱས་འགྲོ་དང་མི་འགྲོ་ལ་འབྲེལ་བ་ཤིན་ཏུ་ནས་ཀྱང་ཆེན་པོ་ཡོད་རེད། དེ་ཡོད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་རེད་ཟེར་ན། སྤྱི་ཚོགས་ཡར་རྒྱས་འགྲོ་དང་མི་འགྲོ་ཟེར་བ་དེ་རིག་གནས་ཡོད་དང་མེད་དེའི་ཐོག་ནས་རེད་མ་གཏོགས་གཞན་པ་གང་མ་རེད། དེས་ན་རིག་གནས་དེ་གང་ནས་ཡོང་དགོས་རེད་ཟེར་ན། དེ་ང་ཚོ་སུ་ཞིག་ཡིན་ན་ཧ་གོ་རྒྱུ་རེད། རིག་གནས་སློབ་གྲྭ་ནང་ནས་ཡོང་དགོས་ཀྱི་མ་གཏོགས་གཞན་པ་ནས་ཡོང་ས་མི་འདུག རིག་གནས་སློབ་གྲྭ་ནས་ཡོང་ཟེར་ན་གཞན་པ་སློབ་དེབ་ཀྱི་ཐོག་ནས་ཡོང་ཐུབ་ཀྱི་མ་རེད། དོན་དག་གཞན་པའི་ཐོག་ནས་མི་ཡོང་། རིག་གནས་སློབ་གྲྭའི་ནང་ནས་དགེ་རྒན་གྱི་སྟེང་ནས་ཡོང་དགོས། དེ་འདྲ་ཡིན་དུས་དགེ་རྒན་གྱི་བསམ་པ་དང་སྤྱོད་པ་འདིས་ང་ཚོའི་མི་རབས་རྗེས་མ་ལ་ཤུགས་རྐྱེན་ཤིན་ཏུ་ནས་ཀྱང་ཆེན་པོ་ཞིག་ཐེབས་ཀྱི་ཡོད་རེད། དེ་ལྟར་ཡིན་པས། དགེ་རྒན་གྱི་བསམ་པ་དང་སྤྱོད་པ་དེ་ཡང་དག་པ་ཞིག་རེད་སོང་ན། མི་རབས་རྗེས་མ་དེ་ཚོ་ཡང་དག་པ་ཞིག་རེད་འགྲོ་རྒྱུ་རེད། དེ་རེད་སོང་ན་སྤྱི་ཚོགས་ཀྱི་ཐོག་ནས་རིག་གནས་ཡིན་ནའང་འདྲ་དཔལ་འབྱོར་ཡིན་ནའང་འདྲ། མིའི་གཤིས་ཀ་ཡིན་ནའང་འདྲ་ཐམས་ཅད་པོ་ཡར་རྒྱས་འགྲོ་རྒྱུ་རེད།
དེ་འདྲ་ཡིན་དུས་དགེ་རྒན་གྱི་བསམ་པ་དང་སྤྱོད་པ་ཟེར་བ་འདི་ནི་སྤྱི་ཚོགས་ཡར་རྒྱས་འགྲོ་བར་འབྲེལ་བ་དམ་ཟབ་ཡོད་པ་དེ་འདྲ་ཞིག་རེད། དེ་འདྲ་ཡིན་དུས་ཁོང་རྣམ་པ་ཚོས་ང་ཡི་སྐད་ཆ་བཤད་རྒྱུ་ལ་དེ་གོ་སྒྲིག་བྱས་ཡོད་རེད། ངས་དེའི་ཐོག་ནས་སྐད་ཆ་ཚིག་ཀ་གཅིག་གཉིས་ཤིག་རྣམ་པ་ཐམས་ཅད་པོ་ལ་ཞུས་ན་དེ་བསམ་གྱི་ཡོད། ཐོག་མར་སྐད་ཆ་བཤད་རྒྱུ་དེ་ངས་ཚིག་བཅད་གཅིག་གཉིས་ཤིག་བྲིས་བཞག་ཡོད། རང་གི་བསམ་ཚུལ་ཕྱོགས་འགོ་བརྗེད་ཐོའི་ཚུལ་དུ་ཚིག་བཅད་གཅིག་གཉིས་སམ་ཤོ་ལོ་ཀ་གཅིག་གཉིས་བྲིས་ཡོད། དེའི་ཐོག་ནས་མར་སྐད་ཆ་ཞིག་བཤད་ན་བསམས། བརྗེད་ཐོ་འདྲ་ཞིག་ཡོད་པ་ཡིན་ན་རང་གི་སྐད་ཆ་བཤད་བདེ་མོ་རེད། གཉིས་ནས་རྣམ་པ་ཐམས་ཅད་པོས་ཉན་ན་ཡང་སྐད་ཆ་འདིའི་ས་བཅད་སྐད་ཆ་འདིའི་མཚམས་དེ་ཚོ་ཅུང་ཟད་ངེས་པ་ཐོན་རྒྱུ་རེད། སེམས་ལ་འཇོག་ཅུང་ཟད་བདེ་མོ་དེ་འདྲ་རེད། དེའི་ཕྱིར་སྐད་ཆ་འདི་ཤོ་ལོ་ཀ་གཅིག་གཉིས་ཤིག་གི་ནང་དུ་བསྡུས་ནས་བཤད་ན་བསམ་གྱི་ཡོད།
༼མུ་འགོད།༽
ཐུགས་རྗེ་ཆེ། མུ་འགོད་ལ་འགུག་རྒྱུ་
ཤིང་རྟ་ལགས་མུ་འགོད་ལ་སྒུག་ནས་ཡོད་ཐུགས་རྗེ་ཆེ་ལགས།
སྤྱིར་སྟངས་སློབ་གསོ་གལ་ཆེ་བ་དང་། ལྷག་པར་དགེ་རྒན་སློབ་གསོ་གལ་ཆེ་བར་མཐོང་གི་འདུག་རུང་། དགོན་སྡེ་དག་ཏུ་དགེ་རྒན་སློབ་གསོ་ཧ་ཅང་ཞན་པོ་ཡོད། སྤྱིར་གཞུང་པོད་བཅོ་བརྒྱད་དང་ལྔ་ལ་སོགས་པ་རྒྱུད་ཐོག་སྦྱར་ནས་ལྟས་པ་ཡིན་དགེ་རྒན་སློབ་གསོ་ཟུར་དུ་དགོས་དོན་མེད་རུང་། དེ་ཡང་ཆེ་ཉུང་། ཁོང་ཚོར་ཆ་རྐྱེན་ཞིག་ཡོད་པ་ནི་རང་གི་དགེ་རྒན་ལ་དམིགས་དཔེ་བལྟ་རྒྱུ་དེ་རེད། དེ་ཡང་བརྗེད་ཟློས་ཆ་ཚང་བ་གནང་མ་ཐུབ་པ་ནས་ཉམས་ཆགས་འགྲོ་བཞིན་ཡོད། དེར་བརྟེན་དགོན་སྡེ་ཁག་ཏུ་དགེ་རྒན་སློབ་གསོ་ངེས་པར་དགོས་པའི་དུས་ལ་སླེབ།
དགེ་རྒན་སློབ་གསོ་དེ་ཡང་གནའ་དེང་ཟུང་འབྲེལ་དགོས་པ་ལས་ཡ་གཅིག་མེད་ན་ཤོག་པ་མ་ཚང་བ་ལྟ་བུར་འགྱུར་སྙམ། དཔེར་ན་བརྩེ་བ་མེད་པའི་དགེ་རྒན་ལ་སློབ་གསོ་ཇི་ཙམ་རྒྱག་རུང་ཚོང་གི་རྭ་བ་ལས་འདའ་དཀའ། དེང་སྨན་དང་སྨན་པ། དགེ་རྒན་སོགས་ཚོང་ཟོག་ལ་གྱུར་བཞིན་པ་རེད།
སྔ་མོའི་དགེ་རྒན་སློབ་གསོ་རྣམ་ཤེས་རིགས་པའི་རྣམ་བཤད། སུམ་བརྒྱ་པ། འདུལ་བ། བུ་སྟོན་ཆོས་བྱུང་སོགས་ན་ཁ་གསལ་བསྟན་ཡོད། དེ་ཚོ་སྔ་མོ་མ་ཟད་ད་ལྟའང་ཉེར་མཁོ་ཆེ་བར་མཐོང་། དེང་གི་སློབ་གསོ་མང་པོ་ཞིག་གིས་དུས་ནས་དུས་སུ་འབྲི་བཞིན་པ་ལ་ཡི་རངས་ཆེ།
ཁ་བརྡའི་དྲ་ཐོག་གི་མཆན་བུ་བ་ནང་དགོན་སྡེ་ཁག་གི་འཐུས་མི་ཡོད་ཤག་ལགས། ཁྱེད་རྣམ་པའི་དགོངས་ཚུལ་ག་རེད་འདུག་ ཁ་ཞེ་གཉིས་མེད་ཁ་ཡོད་ལག་ཡོད་ཀྱི་སྐད་ཆ་ཡིན་དའ།
རིན་བྲལ་གྱི་བཀའ་སློབ་དེ་རིམ་འགོད་ལ་སྒུག་བསྡད་ཡོད།
མུ་འཐུད་རོགས། ཤིང་རྟའི་ཕྱག་ལས་ལ་ཡི་རང་ཡོད།
མདོ་སྡེ་རྒྱན་ནས། ངག་ཚིག་ཤིན་ཏུ་རིགས་པ་དང་། །བསྟན་དང་རྣམ་འབྱེད་ཐེ་ཚོམ་གཅོད། །ལན་མ་བྱེད་དང་ལྡན་པ་ནི། །མགོ་སྨོས་རྣམ་སྤྲོས་གོ་རྣམས་ལ། །སངས་རྒྱས་རྣམས་ཀྱི་བསྟན་པ་ནི། །འཁོར་གསུམ་གྱིས་ནི་དག་སྟེ། །འདི་ནི་ཉེས་པ་བརྒྱད་དག་དང་། །བྲལ་བ་ཉིད་དུ་ཤེས་པར་བྱ། །ལེ་ལོ་དང་ནི་མི་གོ་དང་། །སྐབས་མི་འབྱེད་དང་མ་ངེས་དང་། །ཐེ་ཚོམ་དག་ནི་མི་གཅོད་དང་། །དེ་དང་བྲལ་བར་བསྟན་མི་བྱེད། །སྐྱོ་བ་དང་ནི་སེར་སྣ་ཉིད། །འདི་དག་གཏམ་གྱི་ཉེས་པར་འདོད། །དེ་དག་མེད་ཕྱིར་སངས་རྒྱས་ཀྱི། །བཤད་པ་བླ་ན་མེད་པར་འགྱུར།། ཞེས་པ་ལ་སོགས།
རྗེ་བཙུན་མི་ལ་རས་པས། ངས་སྡོམ་པ་མི་ཤེས། རང་རྒྱུད་སྡོམ་ན་སྡོམ་པ་ཡིན། ཞེས་གསུང་ལྟར། རང་རང་སོ་སོས་བསམ་བློ་ནང་དུ་སྐོར་ནས་སྤྱི་ཚོ་དང་དུས་རབས་སོགས་ལ་ལྟོས་ནས་བསམ་བློ་ཁ་ཕྱོགས་བསྒྱར་ན་འགྲིགས་ཀྱི་ཡོད་རེད། དེ་མིན་དེང་དུས་ཕྱོགས་ཞེན་ལྟ་བ་ལ་མགོ་འཁོར་ཞིང་ཆོས་ཀྱིས་བསླུ་བྲིད་གཏོང་མཁན་བླ་སྤྲུལ་གང་མང་མང་བདོག་པས། དེ་རིགས་སློབ་བྱ་ནི་རྣམ་པར་མ་དག་སློབ་བྱ་རེད། ངར་བལྟ་འདོད་དང་ཉན་འདོད་རྩ་བ་ནས་མེད། འདི་འདྲའི་མཁན་རྫུན་ཆོས་ཅན། བོད་ལ་ཤ་ཞེན་མེད་བར་ཐལ། བོད་ཆོས་བརྒྱུད་ནང་ཁུག་ཕྱོགས་རིས་གཡོ་སྒྱུ་ཁོ་ནས་བསླད་པའི་ཕྱིར། དེར་ཐལ། བོད་གངས་ཅན་ལྗོངས་དང་རྒྱ་ནག་ཡུལ་དུ་རང་རྙིང་མ་ཆོས་བརྒྱུད་ཀྱིས་དབང་བསྒྱུར་བྱེད་ཡེ་སྲིད་བཅོས་ཡིན་པའི་ཕྱིར། ཧཧཧཧཧཧཧཧཧ དེ་ལྟར་ཡིན་ན་བོད་མི་རིགས་ཚང་མ་བོད་ལ་ཤ་ཞེན་ཡོད་བར་ཐལ་ལོ།
མ་རིག་མུན་སེལ་སྒྲོན་མེ་འཛུམ་པ་ན།།
འབྱུང་བྱ་འུག་པའི་ཚོགས་ཀུན་ལོང་བར་གྱུར།།
ཏི་སེ་འམ་འབྲི་གུང་མཁན་པོ། རང་ཚོད་བཟུང་ན་མི་དགའ། བཙན་པོའི་རྒྱལ་རབས་དེ་འབྲུག་ཚེ་རིང་ཁོས་བྲིས་པ་ཡིན་བཤད་འདུག་གདའ།
གངས་རིའི་ལྗོངས་ཀྱི་ཡིད་བཞིན་ནོར་བུ་ལྟ་བུ་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱིས་གསུངས་ལ་མངོན་པར་བསྟོད། ཤིང་རྟ་མཆོག་གིས་ཚང་མ་འགོད་ཐུབ་པར་མཁྱེན། དུས་ཐོག་ཆར་བ་དང་འདི་རིགས་ཀྱིས་གངས་ཅན་བོད་ཀྱི་བསྟན་སྲིད་ལ་ཕན་ངེས་མཛད་པའི་ཕབས་བཤུས་དོན་ལྡན་རེད། སྐུ་ཚེ་བརྟན།
དྲྭ་གྲོགས་རྣམ་པ་ལགས།
ཕྲན་གྱི་སྙམ་ཚོད་ལ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ནི་བོད་གངས་ཅན་གྱི་བསྟན་པའི་བདག་པོ་དང་། བསྟན་འཛིན་ཀྱི་སྐྱེས་བུ་ཡོངས་ཀྱི་ཁྱུ་མཆོག་ཅེས་པའི་མཚན་གསོལ་འོས་ཡུལ་ཞིག་ཡིན་པ་མ་ཟད། མ་འོངས་པའི་བོད་ཀྱི་བླ་མའི་མིག་དཔེ་རྨ་མེད་པ་ཅིག་རེད། ད་བར་དུ་བོད་ཀྱི་བླ་ཆེན་མང་བོ་ཞིག་ནི་ཉེ་རིང་ཆགས་སྡང་གི་སྒོ་ནས་སྤྲུལ་སྐུར་བཟོས་པ་དང་། གདུང་རྒྱུད་མཐོ་བའི་ཕྲུ་གུ་རྣམས་བླ་མར་བཟོས་པ་ཤ་སྟག་ཏུ་མཆིས།
བླ་མ་ཟེར་ན་ཁོང་འདྲ་བ་ཞིག་ཡིན་དགོས་ལགས། སྤྲུལ་སྐུའི་མིང་ཁོང་ལ་མེད། གདུང་རྒྱུད་མཐོན་པོ་ཁོང་ལ་མེད། སྟོབས་མངའ་ཐང་ཁོང་ལ་མེད། འཁོར་བྲན་གཡོག་ཁོང་ལ་མེད། ཁྲི་རྗིག་པོ་ཁོང་ལ་མེད། འོན་ཀྱང་དེང་སྐབས་བོད་ནང་ཁུལ་དུ་རྒྱ་ཆེའི་མང་ཚོགས་ཀྱིས་ཁོང་ལ་དད་གུས་བྱེད་བཞིན་པ་དང་། ཕལ་ཆེར་བླ་མའི་ནང་ནས་སྙན་གྲགས་ཆེ་ཤོས་གྱུར་ཡོད། དེ་ག་འདྲ་ལས་བྱུང་ཟེར་ན། སྤྱོད་པ་ཁོང་བཙུན། སྐུ་ཡོན་ཁོང་ལ་ཆེ། མི་ཆོས་བླ་མའི་རྗུན་ཁོང་གིས་མི་སྨྲ། ལྷག་བསམ་ཁོང་ལ་ལྡན། ལྟ་བ་ཁོང་མཐོ། སྤྱན་རྒྱ་ཁོང་རིང་། དེས་ན་ད་ནས་བཟུང་ངེས་པ་དོན་གྱི་བླ་མ་མཁན་ཆེན་ཡིད་བཞིན་ནོར་བུ་ཚུལ་ཁྲིམས་བློ་གྲོས་མཆོག་ཉིད་གངས་ལྗོངས་ཆོས་ཀྱི་བདག་པོར་མངའ་གསོལ་ལོ། །
ལྷར་བཅས་འགྲོ་བའི་གཙུག་རྒྱན་དམ་པ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གངས་རིའི་ལྗོངས་ཀྱི་སྐྱབས་མགོན་ཡིད་བཞིན་ནོར་བུ་མཁན་ཚུལ་ཁྲིམས་བློ་གྲོས་ལ་ཕུལ་བ།
གངས་ལྗོངས་འགྲོ་བའི་ཡིད་ཀྱི་སྒྲོན་མེ་མཆོག།
ཡང་དར་བསྟན་པའི་ཤིང་རྟའི་སྲོལ་འབྱེད་ཆེ།།
མཁས་གྲུབ་དབང་བོ་ཚུལ་ཁྲིམས་བློ་གྲོས་ཀྱི། །
ཞབས་པད་བསྐལ་བརྒྱའི་བར་དུ་བཞུགས་གྱུར་ཅིག།
གླེང་གཞི།
དེ་རིང་འདི་ན་ཕེབས་ཡོད་པའི་མགོ་ལོག་རང་སྐྱོང་ཁུལ་གྱི་དགེ་རྒན་རྣམ་པ་དང་། འགོ་ཁྲིད་རྣམ་པ། གྲོགས་པོ་རྣམ་པ་ཐམས་ཅད་པོ་ལ། ཐོག་མར་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ་གི་ཡིན།
ངས་བྱས་ན།
གླེང་གཞི།
དེ་རིང་འདི་ན་ཕེབས་ཡོད་པའི་མགོ་ལོག་རང་སྐྱོང་ཁུལ་གྱི་དགེ་རྒན་རྣམ་པ་དང་། འགོ་ཁྲིད་རྣམ་པ། གྲོགས་པོ་རྣམ་པ་ཐམས་ཅད་ལ། ཐོག་མར་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ་བགྱི་ཡིན།
ངས་ཀྱང་རྟགས་གསལ་ཞིག་བཏང་། ཏི་སེ་བ་ཆོས་ཅན། ཕྱོགས་རིས་གདོན་གྱིས་མྱོས་པའི་ཕུང་འདྲེ་ཞིག་ཡིན་ཏེ། རྙིང་མའི་བླ་མ་ཞིག་གིས་འཇོན་རབ་ཐོས་ན་སྙིང་ལ་ཕོག་འགྲོ་བའི་ཕྱིར། དེར་ཐལ། སྐབས་རེ་འགའ་ཙམ་མ་ཡིན་པར་ནམ་ཡིན་ཡང་འདི་ལྟར་ཡིན་པའི་ཕྱིར། ཧཧཧ
མཁས་དབང་རྟ་བདུན་དབང་པོའི་འོད་ཟེར་གྱིས།།
བོད་ཡུལ་མུན་པའི་གླིང་ལ་ཁྱབ་པའི་དུས།།
འབྱུང་བྱ་རེ་འགའི་མིག་ལ་མི་བཟོད་ཀྱང་།།
གཟུར་གནས་བྱ་ཚོགས་དགའ་བའི་འཕུར་ལྡིང་བརྩེན།།
མགོན་མེད་བོད་མི་སྐྱབས་མགོན་།༧མཁན་ཆེན་མཆོག་སྐུ་ཚེ་བརྟན་པ་སྨོན་
བླ་མ་འདི་ལ་མ་དགའ་ན་རང་སྐྱོན་ཁོ་ན་ཡིན་པ་ཤེས་དགོས། བཀའ་དྲིན་ཅན་ཁྱེད་ནི་སྙིགས་ལྔའི་མུན་སེལ་གྱི་སྒྲོན་མེ་གཅིག་པུ་དེ་མིན་ནམ།