མཁོ་འདོན་པ། རས་པ།
དྲི་བ། བཀུར་འོས་རྒན་དཔའ་རྩེ་ལགས། ཁམས་བཟང་། གུས་པར་བཀའ་འདྲི་ཞུ་རྒྱུ་ཞིག་ཡོད་པས་དུས་ཚོད་ཀྱི་བར་གསེང་ཞིག་ནས་བཀའ་ལན་ཐུང་ཙམ་རེ་ཡོང་བ་ཞུ། སྙན་ངག་གྱེར་འདོན་དང་། ཀློག་འདོན། རོལ་མྱོང་བཅས་ཀྱི་རྒྱ་ཡིག་གང་དང་གང་ཡིན་པ་དང་། དེ་དག་གི་ཁྱད་པར་ཅི་ཡིན་ཐུང་ཙམ་རེ་གསུང་གནང་རོགས། ཐུགས་རྗེ་ཆེ།
དྲིས་ལན། གྱེར་འདོན་ནི༼朗诵༽ཟེར་བ་རེད་ལ། དེ་ནི་གྱེར་བྱའི་སྙན་ངག་དེས་བསྟན་པའི་རྩོམ་མཁན་གྱི་དགའ་སྐྱོ་ཁྲོ་སྡུག་གི་ཚོར་འདུ་ཤུགས་ཆེ་ཆུང་ལ་གཞིགས་ནས། གྱེར་མཁན་གྱིས་སྐད་ལ་མཐོ་དམའ་ཡི་གོ་རིམ་ཡོད་པ་བྱས་ཏེ་ངག་ནས་གྱེར་ཚུལ་གྱི་རྣམ་པ་ཞིག་སྟེ། སྙན་ངག་གི་བརྗོད་སྙིང་དེ་གྱེར་མཁན་གྱི་སྐད་ངག་གི་འགྱུར་བའི་སྟེང་ནས་ཀྱང་མཚོན་ཐུབ་པ་ཞིག་རེད་སྙམ།
ཀློག་འདོན་ནི༼阅读༽ཟེར་བ་སྟེ། སྙན་ངག་གི་ཡི་གེ་དག་མིག་གིས་བལྟས་ཏེ་ཡིད་ཀྱིས་འདོན་པའམ་བཏོན་ཀྱང་ཆོག་ལ། སྐད་ཆུང་ངུར་ཤུབ་བུར་བཏོན་ཀྱང་རུང་བ་དེ་ལ་གོ་སྙམ། གྱེར་འདོན་དང་ཀློག་འདོན་གཉིས་ཀྱི་ཁྱད་པར་ནི། གྱེར་འདོན་ནི་གྱེར་མཁན་གྱིས་སྐད་ངག་འགྱུར་བ་དང་ངོ་གདོང་གི་ཉམས་སོགས་ལ་བརྟེན་ནས་སྙན་ངག་གི་བརྗོད་སྙིང་དེ་ཉན་མཁན་ལ་གོ་བར་བྱེད་པ་ཡིན་ལ། ཀློག་འདོན་ནི་ཀློག་མཁན་གྱིས་སྙན་ངག་གི་བརྗོད་སྙིང་དེ་ཡི་གེའི་གཟུགས་ལ་བརྟེན་ནས་ཉམས་སུ་མྱོང་དགོས་པ་ཞིག་རེད་འདོད།
རོལ་མྱོང་ནི༼欣赏༽ཟེར་བ་སྟེ། དེ་ཐོག་མར་ཀློག་འདོན་གྱི་གོ་རིམ་བརྒྱུད་དེ་སྙན་ངག་དེའི་ཚིག་སྦྱོར་གྱི་མཛེས་པ་དང་ཡིད་བརྙན་བཞེངས་བསྐྲུན་གྱི་རྩལ། བརྗོད་སྙིང་མཚོན་བྱེད་ཐབས་སོགས་སེམས་ཀྱིས་མྱོང་བར་བྱས་ནས་རྩོམ་མཁན་གྱི་བརྗོད་འདོད་དམ་ཚོར་འདུ་དེར་ཀློག་མཁན་གྱིས་ཀྱང་མཉམ་དུ་རོལ་དགོས་པ་ཞིག་མ་ཡིན་ནམ་སྙམ་བྱུང་། དེ་བས་ངའི་བསམ་ཚུལ་ལྟར་ན༼རོལ་མྱོང༽ཞེས་པའི་ཐ་སྙད་དེ༼མྱོང་རོལ༽ཞེས་མྱོང་ཞིང་རོལ་བ་ལྟར་གོ་ན་བདེ་སྙམ་བྱུང་། གཞན་ཡང་གསལ་ཁ་འདོན་དགོས་པ་ཞིག་ལ། གྱེར་འདོན་གྱི་སྐབས་སུའང་གྱེར་མཁན་དང་ཉན་མཁན་གཉིས་ཆ་ནས་ཀྱང་གོང་ནས་བཤད་པའི་སྙན་ངག་གི་ཚིག་སྦྱོར་དང་ཡིད་བརྙན། རྩོམ་མཁན་གྱི་ཚོར་འདུ། བརྗོད་སྙིང་སོགས་ལ་མྱོང་ཞིང་རོལ་ཐུབ་པ་ནི་སྨྲོས་མ་དགོས་སོ་སྙམ།
དཔའ་རྩེ་ནས་༢༠༡༣།༡༡།༢༧
དེང་སང་གྲགས་ཅན་དང་ཆེན་མོ་སོགས་ཀྱི་ཐ་སྙད་འདི་དག་རུལ་མའི་ནང་བསྟོད་ཀྱི་ཚུལ་དུ་གང་སར་འཚང་ཡོང་གི འུ་ཚང་གི་ཤེས་ཡོན་པའི་སྡེར་འབོད་པ་འདི་དག་ལ་ངོ་མ་ཁ་ཕྱོགས་མི་འདུག