ཀླུ་དཀར་མོ།
ན་ནིང་གི་དེ་རིང་ང་ཚོས་རླབས་ཆེན་གྱི་མི་བུ་(Radha Krishnan)ཞིག་གི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་བཞིན་དགེ་རྒན་ཉིན་མོ་སྲུང་བརྩི་བྱེད་དུས། ང་ཚོའི་སེམས་ཀྱི་རེ་བ་ནི་སྟོན་འབྲས་གཡུར་དུ་ཟ་བ་ཞིག་སྨིན་པ་དང་འདྲ་བར་རྒྱལ་ཁའི་མིག་ཟུང་ད་དུང་ཡང་རྒྱང་དུ་སྲིང་བཞིན་སང་ཉིན་གྱི་ཉིན་མོ་གསར་བ་ཞིག་བདེ་ལེགས་ཀྱིས་བསུ་ན་འདོད་ཡོད། ཉིན་མོ་དེར་དགེ་སློབ་མཉམ་འཛོམས་ཀྱིས་ཤིས་ཚིག་རེ་གྱེར་བཞིན་རང་གི་ཤ་གསེང་ན་འབར་བཞིན་པའི་དགེ་སློབ་བར་གྱི་དམ་ཚིག་གསོན་པོ་ཞིག་གཏན་དུ་མདུད་ཡོད། སྐབས་དེེར་འཛིན་ཁང་ཆུང་ཆུང་འདི་ན་ལྷད་མེད་པའི་འཛུམ་མདངས་ཤིག་གིས་ཡོད་ཚད་ལ་སྤྲོ་སྣང་སྦྱིན་ཞིང་འཛིན་ཁང་གི་རྐུབ་སྟེགས་དང་ཅོག་ཙེ་རེ་རེ་ལ་ཡང་བཤད་མི་ཤེས་པའི་སྣང་བ་ཞིག་བྱིན་ཡོད་ངེས་རེད། འོན་ཀྱང་། དགེ་རྒན་ཁྱེད་སོང་ཤུལ་ནས་འཛིན་ཁང་གི་རྐུབ་སྟེགས་རེ་རེའི་སྟེང་ན་བསམ་གཞིགས་ཀྱི་ཁ་དོག་རེ་ཡོད་པ་དེར་ཡང་མུ་གེ་ཐེབས་ཤིང་། ཡོད་ཚད་ཀྱི་གསོན་ཤུགས་ཉམས་ཤིང་རང་གནས་སུ་ཧ་ཅང་ལྷིང་འཇགས་སུ་གྱུར་སོང། ནམ་རྒྱུན་བསམ་བློའི་འཐབ་རྩོད་ཅིག་གི་འོག་ནས་ཅི་ཞིག་འཚོལ་འདོད་ཀྱི་འདུན་པ་གསར་བ་དེ་དག་ཀྱང་ཧ་ལམ་ང་ཚོ་དང་ཁ་བྲལ་སོང་བ་འདྲ། ཁྱེད་ཀྱི་སློབ་ཁྲིད་ཀྱི་དུས་ཡུན་ཁྲོད་ང་ལ་བསམ་གཞིགས་ཀྱི་སྟོང་ཆ་ཞིག་དང། རང་ཉིད་ཀྱིས་ཅི་ཞིག་འཚོལ་འདོད་ཀྱི་སེམས་ཚོར་རྣལ་མ་ཞིག་གིས་སྐུལ་སློང་བྱེད་དུས། ངས་སྔོན་གྱི་ཤེས་ཡོན་པ་དག་གིས་དགེ་རྒན་ནི་ཟས་སྤྲོད་མཁན་དེ་མིན་ལ་ཟས་དེ་ཇི་ལྟར་འཚོལ་པའི་ཐབས་ལམ་སྟོན་མཁན་ཡིན་ཟེར་བའི་སྡོམ་ཚིག་ཅིག་གི་བདེན་ལུགས་རྙེད་ཐལ། ཟླ་ངོ་གཅིག་འགྲོ་ལ་ཉེ་བའི་དེ་རིང་ངའི་དྲན་པའི་ངོས་ན་རི་མོ་བཞིན་གསལ་བ་ནི་ཞོགས་པ་དེའི་འཛིན་ཁང་གི་ཁོར་ཡུག་དང་སློབ་གྲོགས་རེའི་མགོ་བོ་དུད་པའི་སྐྱོ་སྣང་གི་ངོ་གདོང་དེ་ཡིན་སོང། ཁྱེད་ཀྱིས་སློབ་ཐུན་འདི་ནི་མཐའ་མ་ཡིན་ཞེས་བཤད་མ་ཐག་ངས་ཁྱེད་ཀྱི་ངོ་གདོང་ལ་གསལ་བོ་ཞིག་བལྟས་བ་ཡིན།དེ་དང་ལྷན་དུ་སློབ་ཆུང་སྐབས་ཀྱི་<<མཇུག་མཐའི་སློབ་ཐུན་གཅིག་>>ཟེར་བ་དེ་དྲན་འོང་ལ། དེ་ནི་རང་ཉིད་ལ་མཚོན་ན་སློབ་སྦྱོང་གི་བར་ཆད་ཆེན་པོ་ཞིག་ཡིན་སོང་བས་མ་ཡིན་ནམ། ད་དུང་ཁྱེད་ཀྱིས་སློབ་ཁྲིད་ཉུང་དུ་སོང་བ་དང་ལྷོད་གཡེང་མི་བྱེད་པར་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་བ་དང་དུས་ཚོད་དམ་འཛིན་གྱིས་ལོ་གཅིག་ལས་མེད་ཀྱང་ཨ་ཐང་མི་ཆད་པར་མུ་མཐུད་ཕུགས་བསམ་མངོན་འགྱུར་བྱེད་དགོས་བ་ནན་གྱིས་བྱེད་དགོས། མ་ཟད་དགེ་སློབ་དང་སློབ་གྲོགས་ཕན་ཚུན་བར་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེ་སོགས་ཚོར་བ་དངོས་དང་འབྲེལ་ནས་བཤད་རྗེས། ངས་འདས་སོང་གི་ལོ་ངོ་གཉིས་ལ་ཕྱིར་དྲན་ཞིག་བྱེད་དགོས་ཐལ། ལོ་ངོ་གཉིས་ཀྱི་རིང་གི་དེ་རིང་ངས་དགེ་སློབ་གྱི་བརྩེ་བ་ཟེར་བའི་ཡིག་འབྲུ་གཉིས་ཀྱི་རིན་ཐང་དང་དེས་ང་ཚོ་ལ་བསྐྲུན་པའི་ཡིད་འོང་གི་ཁོར་ཡུག་དེ་དངོས་སུ་རྙེད་སོང་བ་མ་ཡིན་ནམ།
སློབ་སྦྱོང་གི་དུས་ཡུན་ཁྲོད་ན་ཤེས་རྟོགས་ཀྱི་རང་ཚུགས་གཏན་པོ་ཞིག་མེད་པའི་ང་ལ་མཚོན་ན་དགེ་རྒན་ཁྱེད་ཀྱི་ལམ་སྟོན་དང་རོགས་འདེགས་ནི་ཅི་ནས་ཀྱང་དགོས་ངེས་ཤིག་ཆགས་ཡོད་པས། ཁྱེད་སོང་ཤུལ་ན་ང་དང་ང་འདྲ་བའི་སློབ་བུ་མང་པོ་ཞིག་གི་བསམ་བློའི་འཚོལ་སྙེག་ལ་ཐན་པ་བྱུང་ཞིང། མཐོ་རིམ་སློབ་མའི་སློབ་སྦྱོང་གི་དུས་ཡུན་ལོ་ངོ་གསུམ་རྫོགས་ལ་ཉེ་བའི་ཁ་སང་དེ་རིང་ཁོར་ཡུག་འདིའི་ཕྱི་ཚུལ་གྱི་ཁ་དོག་ནི་མིག་ལ་སྣང་བ་ཙམ་ལས་མཛེས་སྡུག་གི་ཆ་གང་ཡང་མེད་པས། འཛིན་ཁང་གི་གཡས་གཡོན་ན་རྒྱུ་བཞིན་པ་ནི་ཅི་ཞིག་འཚོལ་འདོད་ཀྱི་སློབ་བུ་དག་གི་འབྲས་མེད་ཀྱི་རེ་བ་སྐམ་པོ་དེ་ཡིན་པ་སུ་ཡིས་ཤེས། རང་ཉིད་ལ་ཐོག་མའི་སུམ་རྟགས་དང་ལོ་རྒྱུས་ཀྱི་མིག་སྒོ་ཕྱེ་མཁན་ནི་དགེ་རྒན་ཁྱེད་ཉིད་ཡིན་པ་དང། དཔེ་ཀློག་ལ་འཇུག་པ་དང་བསམ་བློའི་ཤེད་ཀྱིས་བཏེགས་པའི་རང་ཉིད་ཀྱི་ཤེས་ཚད་ངོ་ཤེས་སུ་བཅུག་པ་ཡང་དགེ་རྒན་ཁྱེད་ཀྱིས་ནམ་རྒྱུན་སློབ་ཁྲིད་སྐབས་སུ་བཤད་པའི་སྐད་ཆ་རྣལ་མ་དེ་དག་ཡིན་པས། ཁྱེད་ང་ཚོ་དང་གྱེས་ནས་བཟུང་ངས་དཔེ་དེབ་ཁོ་ན་ལ་སྐྱབས་བཅོལ་ནས་རང་གི་བསམ་བློའི་རྒྱགས་ཕྱེ་འཚོལ་དགོས་སོང་ལ། ནམ་རྒྱུན་རང་ཉིད་དང་གདོང་ཐུག་རྒྱག་པའི་སྐད་ཆ་མང་པོ་ཞིག་བདག་མེད་དུ་འཇོག་དགོས་ཐལ། འདི་དང་འདི་ལྟ་བའི་བསམ་བློའི་ན་ཟུག་མང་པོ་ཞིག་གིས་ང་ལ་ཡང་ནས་ཡང་དུ་མནར་གཅོད་གཏོང་བ་ནི་སྨན་ཁང་དང་སྨན་པ་མེད་པར་བཟོད་སྒོམ་བྱེད་དགོས་བའི་སྡུག་བསྔལ་ཞིག་ཏུ་གྱུར།
ཚོར་སྣང་དང་བསམ་ཡན། དཔྱད་བརྗོད་དང་དངོས་ཡོད་སོགས་སྤེལ་མར་སྤུངས་ནས་བསྟབས་པའི་འཇིག་རྟེན་སྒྲོན་མེ་གང་ཞིག་ཕྱིར་དྲན་གྱི་རྟོགས་པ་རྙེད་པ་ནི་ཁྱོད་ཀྱིས་ཅི་ཡང་རྟོགས་ཡོད་པའི་རང་མཚན་རེད།