—–ཕུར་རྡོར།
སྤྱིར་དགེ་རྒན་ཞེས་པ་དེ་སློབ་ཕྲུག་གཅིག་པུ་ཙམ་མིན་པར། མིའི་རིགས་སྤྱི་ལའང་གལ་འགངས་ཆེན་པོ་ཡིན་པ་ནི་བསྙོན་དུ་མེད་པའི་ཆོས་ཉིད་ཅིག་རེད། ཇི་ལྟར་ཞེ་ན། དགེ་རྒན་གྱིས་མི་བཟོ་སྐྲུན་བྱེད་བཞིན་ཡོད་ཅིང་། མི་དེས་སྤྱི་ཚོགས་བཟོ་སྐྲུན་བྱེད་བཞིན་ཡོད། མདོར་ན་དགེ་རྒན་གྱིས་སྤྱི་ཚོགས་དེའི་བདེ་འཇགས་དང་འཆམ་མཐུན། དེ་བཞིན་ཡར་རྒྱས་དང་དཀྱེལ་ཡངས་སོགས་གང་ཅིའི་ཐད་ནས་དངོས་སུ་ཤུགས་རྐྱེན་ཐེབས་ཏེ་ཐག་གཅོད་བྱེད་བཞིན་ཡོད་པར་བརྟེན། ནུབ་ཕྱོགས་པ་ཚོས་“དགེ་རྒན་ནི་བཟོ་སྐྲུན་པ་རེད”ཅེས་པའི་སྐད་ཆའི་གནད་འགག་ཀྱང་དེ་ལ་ཐུག་ཡོད་པར་སེམས། དེས་ན་མི་རིགས་དང་རྒྱལ་ཁབ་གང་ཡིན་ཀྱང་མིའི་སྤུས་ཚད་བཟོ་མཁན་གྱི་མི་སྣ་རླབས་ཆེན་གང་དེ་ལ། བཀའ་དྲིན་དང་རྗེས་དྲན་བྱེད་པའི་དུས་ཚིགས་ཤིག་གཏན་འབེབས་བྱ་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད་སྙམ།
བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ལ་མཚོན་ན། དེ་རིང་ནི་དགེ་རྒན་དུས་ཆེན་ཞེས་པ་དེ་རེད། དེ་ནི་རྒྱ་གར་གྱི་སྲིད་འཛིན་གཉིས་པ་སྟེ། སཱ་ཝ་ཕ་ལེ རཱ་དྷ་ཁི་རེ་ཤི་ན་ Dr. Sarvepalli Radhakrishnan ལགས་ཀྱི་འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ། སྤྱི་ཟླ་དགུ་པའི་ཚེས་ལྔ་ཉིན་རྒྱ་གར་རྒྱལ་ཡོངས་ཀྱིས་གཙི་སྲུང་བྱེད་བཞིན་ཡོད་པའི་དུས་ཆེན་ཞིག་རེད། ཕྱི་ལོག་ཏུ་ཡོད་པའི་བོད་པ་རྣམས་ཀྱིས་ཀྱང་རྒྱ་གར་བའི་ལུགས་བཞིན་གཙི་སྲུང་བྱེད་བཞིན་ཡོད།
དེ་བཞིན་བོད་ནང་ལ་མཚོན་ནའང་རྒྱ་ནག་གི་ལུགས་ཏེ། སྤྱི་ཟླ་དགུ་པའི་ཚེས་བཅུ་ཉིན་གཙི་སྲུང་བྱེད་བཞིན་ཡོད། དེ་ནི་སྤྱི་ལོ་1985ལོར་ནས་གསར་དུ་གཏན་འབེབས་བྱས་པ་ཞིག་ཡིན་ཞིང་། དེའི་ཡར་སྔོན་དུ་སྤྱི་ཟླ་ 10 པའི་ཚེས་ 28 ཉིན་གཙི་སྲུང་བྱེད་བཞིན་ཡོད་པ་དང་། དེ་ནི་རྒྱ་ནག་གི་མཁས་དབང་ཁུང་ཙི་孔子ཡི་འཁྲུངས་སྐར་ཡིན་པས། རྒྱ་ནག་མི་རིགས་ལ་མཚོན་ན་དེ་ནི་རང་ཉིད་ཀྱི་རླབས་ཆེན་མི་སྣ་གང་དེ་ལ་རྗེས་དྲན་དང་བཀའ་དྲིན་མཚོན་པའི་དུས་ཚིགས་ཁྱད་པར་བ་ཞིག་ཏུ་རྩི་བཞིན་ཡོད།
མི་རིགས་མི་འདྲ་བ་གཉིས་ཀྱིས་སོ་སོའི་སྐྱེས་ཆེན་དམ་པ་ལ་བཀའ་དྲིན་དང་རྗེས་དྲན་མཚོན་བྱེད་དུ་དེ་ལྟར་བྱས་ན་འོས་ཤིང་འཚམས་པ་ཞིག་ཡིན་ལ། བྱ་ཡང་དགོས་ངེས་ཤིག་ལོས་ཡིན། བོད་ལ་མཚོན་ན་ཆབ་སྲིད་ཀྱི་ཆ་ནས་ཕྱི་ནང་གཉིས་སུ་གྱེས་ཡོད་ཀྱང་། གཞི་རྩའི་ཤེས་ཡོན་སེམས་ཁམས་དང་རིགས་རུས་འདུ་ཤེས་ནི་གཅིག་མཚུངས་ཡིན་པས། ཕྱི་ནང་གཉི་ག་ནས་བོད་རང་གི་སློབ་གསོ་དང་འབྲེལ་བའི་རླབས་ཆེན་གྱི་མི་སྣ་ཞིག་དམིགས་སུ་འཛིན་ཏེ། གང་དེ་ལ་བཀའ་དྲིན་དང་རྗེས་དྲན་བྱེད་པའི་སླད་དུ་གཅིག་གྱུར་གྱི་དགེ་རྒན་དུས་ཆེན་ཞིག་གཏན་འབེབས་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེན་ཞིག་ཏུ་མཐོང་།
མ་གཏོགས་གཞིས་ཀྱི་སྤུན་ཟླ་རྣམས་ཀྱིས་མི་རིགས་གཞན་གྱི་སྐྱེས་ཆེན་ཞིག་རྗེས་དྲན་བྱས་ཏེ་དགེ་རྒན་དུས་ཆེན་ཞེས་པ་ཞིག་གཙི་སྲུང་བྱེད། བྱེས་ཀྱི་སྤུན་ཟླ་རྣམས་ཀྱིས་ཀྱང་མི་རིགས་གཞན་གྱི་སྐྱེས་ཆེན་ཞིག་རྗེས་དྲན་བྱས་ཏེ་དགེ་རྒན་དུས་ཆེན་ཞེས་པ་ཞིག་གཙི་སྲུང་བྱས་ཏེ་བསྡད་པ་ཡིན་ན། དེའི་བར་གསེང་ནས་རང་ཉིད་བརླགས་སོང་བ་དང་གཉིས་སུ་མ་མཆིས། དེས་ན་རང་ཉིད་རྙེད་ཐབས་བྱ་དགོས་པ་ནི་གནད་ཀྱི་དམ་པ་ཞིག་ཏུ་གྱུར་ཡོད་ལ། རང་ཉིད་བཙལ་ནས་རྙེད་པ་ཡིན་ན་ད་གཟོད་སྒལ་ཚིགས་དང་དཔྱོད་ཤེས་ལྡན་པའི་(具有理性思想)མི་ཞིག་ཏུ་གྱུར་བཏུབ།
འདི་ནི་དུང་ཞེན་གྱི་སྐད་ཆ་ཙམ་མིན་པར། བོད་རང་ལ་མཚོན་ནའང་སློབ་གསོའི་ཐད་ལ་བྱས་རྗེས་བླ་མེད་མཛད་མྱོང་མཁན་གྱི་སྐྱེས་ཆེན་དམ་པ་མང་པོ་ཡོད་པས། དེ་དག་གང་རུང་ཞིག་ལ་བཀའ་དྲིན་དང་རྗེས་དྲན་བྱེད་སླད་དུས་ཚིགས་ཤིག་བདམས་ཏེ། དེ་ལ་དགེ་རྒན་དུས་ཆེན་ཞེས་པ་ཞིག་གཏན་འབེབས་བྱེད་ཆོག་གི་ཡོད་ལ། དུས་དེ་ནས་བཟུང་དུས་ཆེན་དེའི་གཞི་རྒྱ་རིམ་བཞིན་བསྐྱེད་དེ། མཐར་བོད་མི་ཡོད་དོ་ཅིག་གིས་རང་ཉིད་ཀྱི་དགེ་རྒན་ལ་བཀའ་དྲིན་རྗེས་དྲན་བྱེད་ཆོག་པ་ཞིག་འོངས་ན་ཇི་ལྟར་མི་ལེགས་སམ།
ཡིན་ནའང་། གཞིས་སྡོད་བོད་མི་རྣམས་ལ་མཚོན་ན་ལྟོས་འཇོག་གི་ཆ་ནས་ཆབ་སྲིད་གནས་སྟངས་ཀྱི་རྐྱེན་པས་དཀའ་ངལ་ཡོད་སྲིད་ཀྱང་། ཕྱི་ལོག་ཏུ་ཡོད་པའི་བོད་མི་རྣམས་ནི་དེ་ལྟར་མིན་པས། བོད་ཕྱི་ལོག་ནས་མགོ་ཚུགས་ཏེ་གཅིག་གྱུར་གྱི་དགེ་རྒན་དུས་ཆེན་ཞིག་གཏན་འབེབས་བྱས་ཐུབ་ཚེ། དེས་ཁ་འཐོར་དགུ་འཐོར་དུ་བཏང་ཟིན་པའི་བོད་ཅེས་པ་དེ་ལ་གཅིག་གྱུར་གྱི་ནུས་ཤུགས་ཤིག་བསྐྲུན་ངེས་རེད་ལ་རེ་བའི་ས་བོན་ཞིག་ཀྱང་འབུ་ངེས་རེད་སྙམ། །
སྤྱི་ལོ་ 2015 ཟླ་ 9 ཚེས་ 5 ཉིན་བྲིས།
དཔེ་བསམ་ཚུལ་ཡག་པོ་འདུག་་་་་ཕུར་རྡོ་ཁྱོད་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་དགེ་རྒན་གྱི་དུས་ཆེན་ཞིག་གསར་གཏོད་གནང་ཤོག་ཨ་་་་་་་ཐུགས་རྗེ་ཆེ།
ཕ་མས་མི་བུ་བཟོ་བསྐྲུན་བྱས་པ་རེད། དགེ་རྒན་གྱིས་མི་ནུས་བཟོ་བསྐྲུན་བྱས་པ་རེད་ཅེས་ལབ་ན་ཏག་ཏག་འདྲ་བོ་ཡོད་ཁ་རེད།
དགེ་རྒན་གྱིས་མི་བཟོ་སྐྲུན་བྱེད་ཀྱི་ཡོད་ཟེར་ན་བདེ་བོ་ཞིག་མཐོང་མ་སོང་། དགེ་རྒན་གྱིས་མིའི་རྣམ་དཔྱོད་གསར་དུ་བསྐྲུན་བཞིན་ཡོད་ཟེར་ན་མི་འཐད་པ་མེད། གང་ལྟར་ཀྱང་ཡག་པོ་བྲིས་འདུག །
བཀྲིས་བདེ་ལེགས།
དགེ་རྒན་ནང་ན་སློབ་ཕྲུག་ལ་རྒྱོ་སྟེར་ནི། མྱིག་ཕུད་ནི། ཁ་ཁྲག་སྣ་ཁྲག་འདོན་ནི། ཀླད་པ་སྐྱོན་ཅན་བཟོ་ནི། སློབ་མ་ཕྱིར་འཕུད་བྱ་ནི། གཡུག་རྡུང་བྱེད་ནི། ཕྲེང་ལྕག་བྱེད་ནི། གཡོག་ལ་བཀོལ་ནི། ངོ་མཚང་འདྲི་ནི། མཐོང་ཆུང་བྱེད་ནི། སྙིང་འཕྱོས་གཏོང་ནི། འདྲེ་འདྲའ་འདྲའ། སྡུད་འདྲའ་འདྲའ་དེ་ཚོ་ལ་བཀའ་དྲིན་ཆེ་ཞིག་ཟེར་ཐུབ་པ་མི་འདུག།
དགེ་རྒན་ཞིག་གི་འོས་ཐོབ་ངོ་སྤྲོད་པའི་ཉིན་མོ་ཞིག་ཤར་ན་བོད་ཕྲུག་སློབ་མ་ཚང་མའི་ཚབ་བྱས་ནས་བསུ་མ་བྱེད། དེ་མིན་རང་ངོ་མི་ཤེས་ནིའི་ཡོན་ཏན་ཅན་ལ་ངོ་བསོ་མེད།
དགེ་རྒན་ཅིག་གི་སྐུ་རུས།
https://www.youtube.com/watch?t=3&v=Xyyi3ztd74U
དགེ་རྒན་གྱི་རིང་བསྲེལ་དང་། རང་བྱོན་སྐོར།
https://www.youtube.com/watch?t=3&v=Xyyi3ztd74U