དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ
ཁོ་བོ་ནི་མདོ་སྨད་མང་རྫོང་དུ་ཕ་རྒན་རིག་གནས་པ་ཞིག་དང་མ་རྒན་ཉམས་ལེན་པ་ཞིག་བུར་རིག་གནས་གསར་བརྗེའི་ངར་སྒང་ཞིག་ལ་སྐྱེས་འདུག སྐྱེས་པའི་ཉིན་མོར་འབྲུག་སྒྲ་ལྡིར་ཞིང་ཆར་བབས་རྗེས་རང་ཁྱིམ་གྱི་མཁའ་དབྱིངས་སུ་འཇའ་ཚོན་མཛེས་སྡུག་ལྡན་པ་ཞིག་ཤར་ལུགས་ཕ་མ་གཉིས་ནས་ལོ་བཞི་བཅུའི་རྗེས་སུ་བརྗོད་བྱུང་། དེ་ནི་དབྱར་ཁའི་དུས་ཚིགས་ཀྱི་རང་བཞིན་ཞིག་དང་ཡང་ན་ལྟེས་དབང་ཞིག་ཡིན་པ་བཤད་མ་དགོས།
ཨ་ཕ་རིག་གནས་པ་ཞིག་ཡིན་ཡང་ཀ་ཁ་སུམ་ཅུ་ཆེས་ཐོག་མར་ཡིག་ཐོག་ཏུ་བྲིས་ནས་སློབ་མཁན་ནི་ཨ་མ་ཡིན། ཨ་ཕས་རི་མོའི་དེབ་འདྲ་མིན་ཉོས་ཡོང་སྟེ་ལྟ་ཀློག་བྱེད་པར་སྐུལ་མ་བྱེད། ཁོ་བོ་ལོ་བདུན་ཡིན་དུས་སྦྲ་གུར་སློབ་ཆུང་འགྲིམས། རས་གུར་གཅིག་དང་དགེ་རྒན་གཅིག ནག་པང་གཅིག་དང་ས་སྨྱུག་འགའ། སློབ་དེབ་གཅིག་དང་ལྕགས་ཐབ་གཅིག སློབ་མ་ཆུང་ཆུང་བཅུ་གྲངས་ཤིག སྐབས་རེར་ཞོགས་པར་སློབ་ཆུང་དུ་འགྲོ་ལམ་ནས་སྒྱེ་མོ་ཆུང་ཆུང་གི་ནང་ལྕི་བ་གང་འཚམ་རེ་འཐུ་དགོས། དེའི་སྐྱིན་ཚབ་ལྟ་བུར་དགེ་རྒན་གྱིས་ལྕགས་ཐབ་སྟེང་ནོར་ལུག་གི་རྒྱུ་མ་ཚ་བསྲེགས་བྱས་པ་ཏོག་ཙམ་རེ་སྦྱིན་ཡོང་།
ལོ་དགུ་ཡིན་དུས་ཀྱི་སྟོན་ཁར་བསིལ་ཆར་ཞིག་གི་ཀློང་དུ་ཕ་རྒན་གྱིས་ཤེལ་ལུང་སློབ་ཆུང་དུ་བསྐྱལ། དེར་ཁང་ཤར་འགའ་དང་དགེ་རྒན་བདུན་བརྒྱད་ཅིག སློབ་མ་དྲུག་ཅུ་བདུན་ཅུ་ཙམ་ཞིག་འདུག སློབ་མ་དེ་དག་ནི་ཐར་ཤུལ་ཙག་ཝ་རྒྱ་སུ་སྟེ་སྡེ་བ་གསུམ་ནས་ཡོང་བ་རེད། སློབ་གྲྭ་དེར་དབྱར་གནང་དང་དགུན་གནང་མ་བརྩིས་པའི་ཟླ་བ་ལྔ་ཚན་གཉིས་ཏེ་ཟླ་བ་བཅུ་ཙམ་ལ་སྡོད་དགོས། དགེ་རྒན་ཚོའི་ཁྲོད་དུ་ཕོ་མོ་གཉིས་ཀ་ཡོད་ལ་རོང་འབྲོག་གཉིས་ཀ་ཡོད། སྐབས་རེར་རྒྱ་རིགས་དགེ་རྒན་རེ་ཡང་ཡོད། འཁྲིད་གཞི་ནི་བོད་ཡིག རྒྱ་ཡིག རྩིས་རིག ཆབ་སྲིད་སོགས་ཡོད། ཟ་མ་ཐུན་གསུམ་ཡོད་ལ་སྐབས་རེར་བཟང་ཞིང་སྐབས་རེར་གྲོད་ཁོག་དེ་ཙམ་མི་བརྒྱགས། དབྱར་དགུན་སྟོན་དཔྱིད་ཀྱི་ཁྱད་པར་མེད་པར། ཞོགས་པར་དུས་ཚོད་དྲུག་པ་ཙམ་ལ་སློབ་མ་ཚང་མ་ཡར་ལངས་ནས་ལུས་རྩལ་དགེ་རྒན་དང་མཉམ་དུ་ཕྱི་རོལ་ཏུ་ཆུ་ཚོད་གཅིག་ཙམ་གྱི་རིང་ལུས་རྩེད་རྩེད་དགོས། ཞོགས་པ་རེ་རེར་སློབ་ཁྲིད་མ་ཚུགས་པའི་སྔོན་ལ་རྒྱལ་གཅེས་གླུ་དབྱངས་རེ་ངེས་པར་དུ་ལེན་དགོས།
སློབ་ཆུང་དེར་ལོ་བཞི་ཙམ་བསྡད་པའི་རིང་དགེ་རྒན་མི་འདྲ་བ་ཁ་ཤས་ཀྱིས་སློབ་ཁྲིད་བྱས་པ་དང་། དེའི་ཁྲོད་ཀྱི་བརྗེད་ཐབས་མེད་པའི་དགེ་རྒན་ཞིག་སྟེ། དགེ་རྒན་བཀའ་དྲིན་ཅན་བསོད་ནམས་རྒྱལ་ནི་ང་ཚོའི་དགེ་རྒན་ཚོའི་ཁྲོད་ཀྱི་སློབ་གྲྭ་ཆེན་མོ་བ་ཨང་དང་པོ་དེ་ཡིན། ཁོང་ཕལ་ཆེར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་འདུག ཁོང་གཟུགས་ཚད་འབྲིང་ཙམ་དང་གསར་བུ་གསར་ཡག་ཅིག་ཡོད། སོ་རྩ་དཀར་ཞིང་ཤ་རྩ་ཅུང་སྨུག ནམ་རྒྱུན་ཞལ་རས་འཛུམ་གྱིས་ཁེངས་བསྡད་ཡོད།
ཁོང་གིས་ང་ཚོར་མི་ཚེའི་ནང་སུམ་ཅུ་བ་ཞེས་པ་དེ་ཆེས་ཐོག་མར་ཁྲིད། དེ་དང་མཉམ་དུ་རྩོམ་ཞེས་པ་ཞིག་ཀྱང་མི་ཤེས་པ་ནས་ཅུང་ཟད་རྒྱུས་ཡོད་པ་ཞིག་ཏུ་བསྒྱུར། ཁོང་གིས་རྩོམ་ཡིག་འཁྲིད་པ་ཡིན་ཞེས་མི་གསུངས་ཀྱང་རྩོམ་ཡིག་ངོ་སྤྲོད་བྱེད་ཐབས་ཧ་ཅང་ཡག་པོ་ཞིག་ཡོད། དཔེར་ན་ང་ཚོའི་འཛིན་གྲྭའི་ནང་གི་སློབ་མ་ཆེ་གེ་མོ་ཞིག་གི་བྱ་སྤྱོད་ག་གེ་མོ་ཞིག་གཞན་དང་མི་འདྲ་བ་ཞིག་བྱུང་དུས། ཁོང་གིས་སྤྱོད་ཚུལ་དེ་དག་དང་སྦྱར་ནས་ཚིག་བཞི་རེ་འབྲི་སྲོལ་ཡོད། དེ་ནི་བོད་ལ་གནའ་སྔ་མོ་ནས་ཡོད་པའི་བཏགས་པ་ཞེས་པ་དེ་དང་འདྲ་སེ་འདུག དཔེར་ན་སློབ་གྲོགས་ཐུགས་རྗེ་རྒྱལ་དང་སྤྱོད་པ་ཐར་གཉིས་ཀྱིས་སློབ་སྦྱོང་ལ་འབད་པ་མ་བྱས་པར་སྦྱར་ཏེ། ཐུགས་རྗེ་རྣམ་པར་རྒྱལ་བའི་སློབ་གྲོགས་དང་།། བྱང་ཆུབ་སྤྱོད་པ་ལྡན་པའི་སྤྱོད་པ་ཐར།། ཁྱེད་གཉིས་འབད་པས་ཡང་ཡང་མ་སྦྱངས་ན།། ཡིག་རིགས་ཤེས་པ་ནམ་མཁའི་མཐའ་ལྟར་རིང་།། ཞེས་པ་ལྟ་བུ་རེད། ལོ་མང་རྗེས་སུ་ཁོང་གི་ཚིག་བཅད་དེ་དག་ཡིད་ལ་དྲན་དུས། ཚིག་བཅད་དེ་དག་ལས་ཚིག་རྐང་རེ་ཟུང་སྔོན་བྱོན་མཁས་པའི་གསུང་རྩོམ་ཁྲོད་ནས་དྲངས་པ་དེ་འདྲ་ཡང་འདུག
སྐབས་དེར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཧོར་གླིང་གཡུལ་འགྱེད་སྟོད་ཆ་དེ་དཔར་སྐྲུན་འགྲེམ་སྤེལ་བྱས་སོང་བས། ཁོང་གིས་ནམ་རྒྱུན་འཛིན་གྲྭའི་ནང་གླིང་སྒྲུང་གི་དེབ་དེ་ཁྱེར་ཡོང་ནས་ང་ཚོར་ཀློག་པར་མཛད་ཅིང་། འགྲེལ་བཤད་ཀྱང་ཕྲན་བུ་རེ་གནང་གི་རེད། ཁོང་གིས་གླིང་སྒྲུང་འགྲེལ་སྐབས་སྔོན་ཆད་དགེ་རྒན་གཞན་གྱི་ཞལ་ནས་ཐོས་མ་མྱོང་བའི་ཚིག་མཐོན་པོའམ་གོ་དཀའ་བ་དེ་འདྲ་མང་པོ་ཞིག་ཞར་དང་ཞོར་ལ་ཐོས་རྒྱུ་ཡོད། དེ་ནི་སངས་རྒྱས་དང་ཆོས། དགེ་འདུན། ཐར་པ། བྱང་ཆུབ་ལྟ་བུ་དག་རེད།
གཞན་ཡང་སྐབས་དེར་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་་མཚོའི་མགུར་གླུ་རྒྱ་བོད་ཤན་སྦྱར་དེ་དཔར་སྐྲུན་བྱས་འདུག་པས། ཁོང་གིས་དེ་ཀློག་པ་དང་མཉམ་དུ་ལྷ་སའི་གཞས་ཚིག་དེ་འདྲ་ཡང་སྐྱོར་བ་སྟེ། གསེར་གྱི་ཅོག་ཙེའི་སྟེང་དུ།། གསེར་གྱི་བུམ་པ་ཆ་རེད།། ཆ་ཡས་མེད་ནོ་ང་རེད།། ར་ཡས་ཤིག་ལ་ཁྱོད་གསལ།། ལྟ་བུ་རེད་ལ། ཁོང་གིས་བློ་ནས་སྔོན་བྱོན་མཁས་པའི་གསུང་ཚིག་བཅད་དེ་འདྲ་ཧ་ཅང་མང་པོ་ཞིག་སྐྱོར་གིན་འདུག་ལ། དེ་དག་གི་ཁྲོད་ནས་རེ་ཟུང་ནག་པང་སྟེང་འབྲི་དུས་ཁོང་གི་ཡིག་གཟུགས་དེ་ཧ་ཅང་ཡག་པོ་ཞིག་ཡོད།
ཁོང་སྐབས་རེར་གཟིམ་ཤག་ཏུ་འཛུལ་ནས་ཉི་མ་ཁ་ཤས་ལ་སྒོའི་ཕྱི་ལོགས་སུ་གཏན་ནས་མི་མངོན་ཞིང་། དེ་དུས་དགེ་རྒན་གཞན་དག་གིས་ཁོང་མཚམས་ལ་བསྡད་ཡོད་པ་རེད་ཟེར་སྲོལ་ཡོད་ལ། དགེ་རྒན་ལ་ལས་ཁོང་གིས་བྱང་ཆུབ་ལམ་རིམ་ཀློག་གི་ཡོད་པ་རེད་ཅེས་ཀྱང་གླེང་མྱོང་། དགེ་རྒན་གཞན་དག་གིས་སློབ་མར་རྡུང་རྡེག་གཏོང་རྒྱུར་དེ་ཙམ་འཛེམ་ཟོན་མི་བྱེད་ཀྱང་། དགེ་རྒན་བསོད་ནམས་རྒྱལ་གྱིས་སློབ་མ་གཅིག་ལ་མཛུབ་ཐུར་ཞིག་ཀྱང་རྡེག་མ་མྱོང་།
སློབ་གྲྭ་དེར་སློབ་མ་ཆེ་བ་ཚོས་སློབ་མ་ཆུང་བ་ཚོར་གཅར་རྡུང་བྱེད་པ་དང་། སློབ་མ་ཚོའི་ཁྲོད་དུ་སྡེ་དཔུང་བསྒྲིགས་ནས་འཛིང་རེས་བྱེད་སྲོལ་ཞིག་དར་ཁྱབ་ཆེན་པོ་ཡོད། དཔུང་སྒྲིག་དེ་ནི་གྲོང་ཁྱེར་ཆེན་པོར་ཁྲམ་པ་དང་དུག་རྫས་འཚོང་མཁན་གྱིས་དཔུང་སྒྲིག་འཛིང་རེས་བྱེད་སྲོལ་ཞིག་ཡོད་པ་དེ་དང་འདྲ་སེ་ཡོད། སྐབས་རེར་ལྕགས་མཛེར་སྦོམ་ཞིང་རིང་བ་དེ་འདྲའི་རྩེ་མོ་བརྡུངས་ནས་རྣོན་པོ་བཟོས་ཏེ། ཕ་རོལ་བོའི་ལུས་སྟེང་དུ་བཙུགས་ན་སོར་གཉིས་གསུམ་ཁོག་པའི་ནང་དུ་འཛུལ་འགྲོ་བ་དེ་འདྲ་ཡང་ཉར་སྲོལ་ཡོད། ང་ལ་འཕྲད་པའི་རྐྱེན་ངན་ནི་སློབ་མ་ལོ་ཅུང་ཟད་ཆེ་བ་ཞིག་ཡོད་པ་དེས་ནམ་རྒྱུན་ཐུབ་ཚོད་བྱེད་པ་དེ་ཡིན། སྐབས་ཤིག་སློབ་མ་དེའི་བརྙས་བཅོས་ལ་མ་བཟོད་པར་སློབ་བྱོལ་བྱས་ཏེ་རང་ཁྱིམ་དུ་ལོག ཉིན་ཤས་རྗེས་དགེ་རྒན་བསོད་ནམས་རྒྱལ་དང་དགེ་རྒན་གཞན་ཞིག་ངེད་ཚང་ལ་ཡོང་སྟེ་ངའི་ཕ་མ་གཉིས་ལ། ཁྱེད་ཚང་གི་ཞི་ལི་འདི་ནི་ང་ཚོའི་སློབ་གྲྭ་ཡོངས་ཀྱི་སློབ་སྦྱོང་ཨང་དང་པོའི་གྲས་ཡིན་པས། སློབ་གྲྭར་ངེས་པར་དུ་ཡོང་དགོས་ཤིང་། ཁོའི་བདེ་འཇགས་ལ་ངེད་ཚོས་འགན་ལེན་བྱེད་ཅེས་གསུངས་ཏེ་ཁོ་བོ་ཕྱིར་སློབ་གྲྭར་ལོག་པ་ཡིན།
ཉིན་ཞིག་ངའི་སློབ་གྲོགས་བ་རྡོ་དང་ངེད་གཉིས་མང་རྫོང་ལ་འགྲོ་རྒྱུ་བྱས་ཀྱང་ང་ལ་སྒོར་མོ་གཅིག་ཀྱང་མེད། ངས་སྒོར་མོ་ཞིག་སུ་ལ་བསྐྱི་སྙམ་སྟེ་བསམ་བློ་མང་པོ་ཞིག་བཏང་མཐར་དགེ་རྒན་བསོད་ནམས་རྒྱལ་ཡིད་ལ་འཁོར་སོང་། དེ་ནི་དགེ་རྒན་ཁོང་ལ་ཟླ་ཕོགས་མང་བ་ཡིས་མིན་པར། ཁོང་ལ་དགེ་རྒན་གཞན་དག་དང་མི་འདྲ་བར་སྐྲག་མི་དགོས་པའི་དབང་གིས་ཡིན། རེད། ཁོང་ལ་སྒོར་མོ་འགའ་བསྐྱི་དགོས། ང་ཁོང་གི་བཞུགས་ཤག་གི་ཕྱོགས་སུ་སོང་བ་ན། ཁོང་གིས་སྒོའི་ཕྱི་རོལ་དེར་ཀ་ཏོ་ར་ཞིག་གི་ནང་དུ་ཁོང་གི་གྱོན་ཆས་འགའ་འཁྲུད་བཞིན་འདུག ང་ཁོང་གི་འཁྲིས་སུ་འབྱོར་ན་ཡང་རེ་ཞིག་ངག་ནས་སྒོར་མོ་བསྐྱི་བའི་སྐད་ཆ་དེ་མ་ཁྲོལ། ཁོང་གིས་ཞལ་རས་འཛུམ་གྱིས་ཁེངས་ཏེ། ཡ། ཁྱོད་གནང་བ་ཞུ་གི་ཡོང་ནི་མིན་ནམ་ཞེས་གསུངས་པས། ངས་གཞི་ནས། མིན། ང་ཁྱེད་ལ་སྒོར་མོ་འགའ་བསྐྱི་གི་ཡོང་ནི་ཡིན། ཞེས་བརྗོད། ཁོང་གིས། ཡ་ཡ། སྒོར་མོ་ཅི་ཙམ་དགོས། ཞེས་དྲིས་བྱུང་བས། ངས། སྒོར་མོ་གཉིས་དགོས། ཞེས་བརྗོད་པར། ཁོང་གིས་སྟོད་གོས་ཀྱི་ཁུག་མ་ལས་སྒོར་མོ་ཤོག་ཤོག་ཅན་ཞིག་བླངས་ནས་ངའི་ལག་ཏུ་སྤྲད་བྱུང་། ངའི་ལུས་སེམས་གཉིས་ཀ་དགའ་སྤྲོས་ཁྱབ། སྐབས་དེར་ང་ལྟ་བུའི་བྱིས་པ་ཞིག་ལ་མཚོན་ན་སྒོར་མོ་གཉིས་ནི་གྲངས་ཀ་ཧ་ཅང་མང་པོ་ཞིག་ཡིན། ངས་སྒོར་མོ་གཉིས་ཀྱིས་ཀ་ར་ཡང་ཐང་ཕལ་ཆེར་ཉིས་བརྒྱའམ་བརྒྱ་དང་བདུན་ཅུ་ཙམ་ཞིག་ཉོ་ཐུབ་ངེས་ཡིན།
དེ་ནས་དུས་ཚོད་ཅི་ཙམ་འགོར་བ་མ་ངེས་ཀྱང་ང་སློབ་ཆུང་ནས་མཐར་ཕྱིན་པའི་དུས་ཚོད་ལ་བསླེབས་ཤིང་། སློབ་གྲྭའི་ཕྱི་རོལ་གྱི་སྤང་ཐང་དུ་དགེ་རྒན་བསོད་ནམས་རྒྱལ་དང་དགེ་རྒན་སྒྲོལ་མ། དགེ་རྒན་གུར་མགོན་སྐྱབས། ང་ཚོ་མཐར་ཕྱིན་འཛིན་གྲྭའི་སློབ་མ་ཚང་མས་མཉམ་དུ་དྲན་རྟེན་འདྲ་པར་ཞིག་བླངས། སློབ་མཐར་མ་ཕྱིན་སྔོན་དེར་ངས་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ཡིག་རྒྱུགས་སྤྲད་ཀྱང་རྒྱ་ཡིག་གི་རྨང་གཞི་ཞན་པས་རྒྱུགས་མ་འཕྲོད་པར་ཁྱིམ་དུ་ལོག་ནས་ལོ་འགར་ནོར་ལུག་གི་རྫི་བོ་དང་ཁྱིམ་ལས། བྱིས་པ་གཉོར་སྐྱོང་སོགས་ལ་འབད།
ང་རང་སློབ་མཐར་ཕྱིན་པའི་རྗེས་སུ་ཡང་དགེ་རྒན་བསོད་ནམས་རྒྱལ་ལགས་ཀྱིས་མུ་མཐུད་དུ་ཤེལ་ལུང་སློབ་ཆུང་ལོ་འགར་སློབ་ཁྲིད་གནང་། གོང་དུ་བརྗོད་པའི་བསྐྱིས་སྒོར་གཉིས་དེ་ངས་ནམ་ཡང་ཁོང་ལ་སྤྲོད་རྒྱུ་མ་བྱུང་ཡང་། ངའི་སེམས་ནས་ནམ་ཡང་སྒོར་མོ་དེ་གཉིས་བརྗེད་པ་ཞིག་ཀྱང་མ་བྱུང་། ངའི་མི་ཚེ་འདིར་གཞན་ལ་བསྐྱིས་སྒོར་གྱི་སྐྱིན་ཚབ་མ་འཇལ་བ་ཞིག་ནི་འདི་ཁོ་ན་ཙམ་ཡིན་བསམས།
རྗེས་སུ་དགེ་རྒན་ཁོང་ལས་གནས་འཕར་ཏེ་རྫོང་སློབ་སློབ་ཅུའི་འགན་འཛིན་ལ་བསྐོས་འདུག་བསམས། ངས་སྤྱི་ལོ་ ༡༩༩༠ ཙམ་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་སྟེང་རྩོམ་ཡིག་སྣ་ཚོགས་སྤེལ་མགོ་བརྩམས་ཤིང་། བོད་ཡིག་ཚགས་པར་གསར་པ་དག་ལ་ལྟ་ཕྱིར་སྐབས་རེར་རྫོང་ཐོག་ཏུ་ཡོད་པའི་རིག་སློབ་ཅུས་ཀྱི་ཁོངས་གཏོགས་དཔེ་མཛོད་ཁང་ཞིག་ཡོད་པའི་ནང་དུ་འགྲོ་གི་ཡོད། ཡིན་ན་ཡང་དགེ་རྒན་ཁོང་དེར་དངོས་སུ་མཇལ་བ་ཞིག་བྱུང་བ་དྲན་གྱི་མི་འདུག
དེ་ནས་བརྩིས་པའི་ལོ་བཞི་བཅུ་ཙམ་ཞིག་སོང་བའི་རྗེས་སུ། ངའི་ཡིད་ལ་གློ་བུར་དུ་ང་ཚོའི་སློབ་མཐར་ཕྱིན་པའི་དྲན་རྟེན་གྱི་འདྲ་པར་དེ་ དྲན་བྱུང་བས། གྲོགས་པོ་ཞིག་བརྒྱུད་དེ་དགེ་རྒན་ཁོང་ལ་འབྲེལ་གཏུགས་བྱས་ནས་ཁོང་ལ་སྐབས་དེའི་འདྲ་པར་དེ་ཡོད་མེད་རྩད་བཅད་པ་ན། ཁོང་ལ་འདྲ་པར་དེ་ཡོད་པ་མ་ཟད་ཧ་ཅང་གསལ་བོ་ཞིག་ཉར་གནང་འདུག ང་ལ་འདྲ་པར་དེའི་འདྲ་བཤུས་ཤིག་རག་པ་དེའི་སྐབས་སུ་སེམས་གཏིང་དུ་གནོན་དཀའ་བའི་དགའ་སྐྱོའི་ཚོར་བ་ཟུང་འབྲེལ་ཞིག་ཀྱང་བྱུང་།
ངས་གྲོགས་པོ་དེ་བརྒྱུད་ནས་དགེ་རྒན་ཁོང་ལ་འཚམ་འདྲི་ཞུས་པ་དང་། ཁོང་གིས་ཀྱང་གྲོགས་པོ་དེ་བརྒྱུད་ནས་ང་ལ་ཁོང་གི་གསུང་རྩོམ་དེབ་གསུམ་གནང་བྱུང་། ཡུལ་གྱིས་བསྐལ་པའི་དབང་གིས་དགེ་རྒན་ཁོང་གི་གསུང་རྩོམ་དེབ་གསུམ་པོ་ངའི་ལག་ཏུ་མ་འབྱོར་ཡང་། གསུང་རྩོམ་གྱི་དཀར་ཆག་རྣམས་ལ་མཇལ་བའི་སྐལ་བཟང་བྱུང་། ལས་འཁྱུར་ངལ་གསོ་ཡི་རྗེས་སུ། དགེ་རྒན་ཁོང་གིས་ཕལ་ཆེར་ལམ་རིམ་ཆེན་མོ་ཚར་ལྔ་བརྒྱ་ལྷག་ཞལ་འདོན་གནང་ཟིན་འདུག་ལ། དེ་དང་འབྲེལ་བའི་ཚོགས་བསག་དགེ་སྒྲུབ་ཀྱང་རྒྱ་ཆེན་པོ་ཞིག་གནང་དང་གནང་མུས་སུ་མཆིས།
རང་རེའི་མང་རྫོང་གི་སློབ་གསོའི་ཀྱག་ཀྱོག་གི་ལམ་བུ་རིང་མོ་འདིའི་སྟེང་དུ། དཀའ་སྤྱད་ཀྱི་ཞབས་རྗེས་ཟབ་ཅིང་བྱས་རྗེས་ཀྱི་གཟི་འོད་འཚེར་བའི་དགེ་རྒན་ཧ་ཅང་མང་པོ་ཞིག་ཡོད་པའི་ཁྲོད་དུ། ངའི་དགེ་རྒན་བཀའ་དྲིན་ཅན་རྒན་བསོད་ནམས་རྒྱལ་ལགས་ལྟ་བུ་ནི་ང་ཚོའི་མི་རིགས་འདིའི་སྤོབས་པ་དང་མིག་དཔེ། སློབ་གསོ་ཡི་སྐྱ་རེངས་དང་ལོ་རྒྱུས་ཀྱི་རྡོ་རིང་ཚབ་མཚོན་བྲལ་བ་ཞིག་ཡིན་པས། གུས་པའི་ལུས་པོ་ཐག་རིང་དུ་ཡོད་ཀྱང་སེམས་ཀྱི་རྒྱུད་སྐུད་ཕྲ་མོ་དེ་ནི་དུས་ནམ་ཡང་དགེ་རྒན་ཁོང་གི་དཀའ་སྤྱད་འབད་བརྩོན་དང་ལྷག་བསམ་གཙང་མའི་པི་ཝང་དཀར་པོ་དེ་དང་སྦྲེལ་ནས་སོ་སོར་དབྱེ་རྒྱུ་མེད་པ་ཞིག་ཆགས་འདུག་གོ། །།
སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༡༢ ཚེས་ ༢༢ ལ།
བདག་ནི་ཟོག་གི་གྲངས་ཀ་ཙམ།།
བགྲང་ལས་གཞན་ནི་གང་མི་ཤེས།།
གང་གིས་མཛད་པའི་སྒ་བསྟོད་བརྒྱ།།
གསུང་གི་མཆོག་ཅེས་རྫི་ངས་བསྟོད།།
སྙིམ་གླུ་ཐལ་སྦྱར་བོད་འགྱུར་དང་།།
རོ་མྰེ་སྒ་ལིའི་དབྱིན་འགྱུར་དང་།།
མགོ་སེར་སྙན་ངག་བཀླག་འ་ར།།
ཁྱེད་ཀྱི་སྒ་གླུ་སྒ་ལས་རྨད།།
སྙིམ་གླུ་བོད་འགྱུར་ལས་ཀྱང་སྙན།།
ཐང་གི་སྙན་ངག་ལས་ཀྱང་མཛེས།།
ཕྱི་ཡུལ་ལུང་གོག་མྱུལ་བའི་དུས།།
ལུས་སེམས་ཨ་ཐང་ཆད་པའི་དུས།།
ཉིད་ནས་ཀ་མད་བརྩེ་མི་ལྷོད།
མཇལ་བས་སྐུལ་ལྕག་ཐེབས་པ་མང་།།
ཁ་བརྡ་ཟེར་བའི་དྲ་རྒྱ་འདིར།།
བཅུ་ཕྲག་གཅིག་དང་ཕྱེད་ཙམ་རིང་།།
རྩོམ་ཡིག་སོག་མ་སྤུང་བའི་ཁྲོད།།
མིར་ཟ་སྒ་ལའི་བསྟོད་བརྒྱ་དང་།།
མགོན་ཚེའི་སྙན་ངག་ཁེར་སྐྱ་མ།།
རྩོམ་རབ་འདི་འདྲ་འབྲི་མཁན་དཀོན།།
གཟིམ་ཤག་སྦུག་ན་༡༩༩༠་སྟོད་ཀྱི་༼ལྗང་གཞོན༽་དུས་དེབ་ཉར་ཡོད་མཁན་འདྲ་ཡོད་ན་འདིར་ལྗགས་ལན་ཞིག་གནང་རོགས།
རྫུན་གཏམ་ག་ཚོད་བཤད་ནའང་ཆོག་