དགེ་ལྡན་པའི་སྤྲུལ་སྐུ་གླེང་བ།
འོད་དཀར་དྲ་ཚིགས་ནས་དྲངས།
དཔྱད་བརྗོད་འདི་དགེ་ལྡན་པའི་སྤྲུལ་སྐུ་ཕྱོགས་ཀྱི་ལྟ་ཚུལ་ཁོ་ན་ཡིན།
ཉེ་བའི་ཆར་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་འདི་བཙན་བྱོལ་ནང་མཐོ་ས་ནས་ྋགོང་ས་མཆོག་གི་ཡང་སྲིད་དང༌། དེ་བཞིན་ཆབ་སྲིད་ཀྱི་གནད་འགག་བཀའ་ཁྲིའི་གནས་སྟངས་ཕྱོགས་གང་ནས་བསམ་ཡང་ང་ཚོས་རང་འགར་འཇོག་མི་ནུས་པ་ཞིག་ཡིན་པ་གསལ་བོ་ཡིན། བསམ་མེད་ཀྱི་བྱིས་པ་ཆུང་ཆུང་ཞིག་རྨི་ལམ་ལྟ་བུའི་འཇིག་རྟེན་གྱི་ཚོར་སྣང་ལས་ཡོད་ཚད་གསར་བའམ་ཤོར་ཟིན་གྱི་སྣང་བ་ཞིག་གིས་མི་ཚེ་རྫོགས་དགོས་པ་འདི་ནམ་ཡང་འཇིག་རྟེན་གྱི་མི་སྣ་གང་མང་ཞིག་གིས་མི་ཚོར་བའི་སྤྲུལ་སྐུ་དག་གི་སེམས་ཀྱི་དྲི་བ་ཞིག་ཡིན། འདི་ལྟར་འཇིག་རྟེན་འདི་ནས་རང་དབང་གི་འཚོལ་བསྙེགས་བྱེད་འདོད་པ་ནི་འགྲོ་བ་སེམས་ཅན་ཡོངས་ཀྱི་འདོད་པ་ཡིན་ན་སྤྲུལ་སྐུ་ཞེས་པའི་གང་ཟག་འདི་དག་ཡང་འདི་དག་གི་ཁོངས་སུ་ཡོད་པ་གསལ་བོར་མངོན། ང་ཚོས་སྤྲུལ་སྐུ་ཞེས་སྤྱི་མིང་ཞིག་ལ་སྡིག་དམོད་བྱེད་སྐབས་སྣང་ངོར་ཚོར་སྣང་གང་ཡང་མེད་པར་གང་བྱུང་བརྗོད་ཐུབ་པའི་དུས་རབས་འདིར་ང་ཡང་དེ་ལྟར་སྤྲུལ་སྐུ་ལ་སྡུག་དམོད་བྱེད་མཁན་ཞིག་ཡིན། དེ་རིང་ངས་འདིར་ཟློག་ཕྱོགས་ཀྱིས་སྤྲུལ་སྐུ་དག་གི་སེམས་ཀྱི་ཚོར་སྣང་དང་སེམས་ཀྱི་མྱོང་ཚོར་འགའ་བརྗོད་འདོད་བྱུང༌།
༡ སྤྲུལ་སྐུ་ནི་མི་ཞིག་གིས་བཟོས་པ་ལས་རང་སྐྱེས་ཀྱི་ང་སྤྲུལ་སྐུ་ཡིན་ཞེས་བཏོན་པ་ཧ་ཅང་གི་དཀོན་པོ་ཡིན། དེས་ན་བྱིས་པ་དེའི་མི་ཚེ་ལ་བསམ་བློ་མ་བཏང་པར་རང་ཉིད་ཀྱི་དགོས་དབང་ངམ་ཡང་ན་དགོན་སྡེ་ཞིག་གིས་ཆེད། རང་འགའ་བའི་བྱིས་པ་གཅིག་གི་རང་དབང་འདི་ལྟར་ལྡོག་རོལ་ལ་བཏང་བ་ནི་ཅི་འདྲའི་སྣང་ཆུང་ཞིག་རེད།
༢ ང་ཚོས་སྤྲུལ་སྐུ་དག་ལ་སྐྱོན་བརྗོད་བྱེད་ལ་ནོར་འཁྲུལ་བརྗོད་བཞིན་ཡོད་མོད་ཁྱེད་ཅག་གི་སེམས་སུ་སྤྲུལ་སྐུ་ཞེས་པ་འདི་ཡང་གང་ཟག་རང་འགའ་བ་ཞིག་ཡིན་པའི་ཚོར་སྣང་ཡོད་དམ། དུས་ད་ལྟའི་བར་སྤྲུལ་སྐུ་རྣམས་གང་ཟག་ཁྱད་པར་བ་ཞིག་དུ་བརྩི་བ་ནི་སྤྱི་ཚོགས་ཀྱིས་ཁོ་ཚོ་ལ་སྤྲད་པ་ལས་རང་ཉིད་ཀྱི་འདི་ལྟར་བརྗོད་བཞིན་མེད་པ་གསལ་བོ་ཡིན་པ་འདི་དག་ལ་བསམ་གཞིག་བྱེད་མི་ཐུབ་པ་ཇི།
༣ དེང་སྐབས་གདན་ས་གསུམ་ན་སྤྲུལ་སྐུ་ལ་ཐོབ་ཐང་གང་ཡང་མེད་ལ་དམིགས་བསལ་གང་ཡང་མེད་ཅེས་བརྗོད་ན་སྐྱོན་ཆེར་མེད་སྙམ། སྐབས་རེར་བཤད་སོལ་ཞིག་ལ “སྤྲུལ་སྐུ་དག་ལ་དམིགས་བསལ་ཞིག་ཡོད་པ་ནི་རང་ཉིད་ཀྱི་ཆོས་ཞུགས་དང་དགེ་བཤེས་གཏོང་སྒོའི་སྐབས་སྐུ་འགྱེད་ཚོད་འཛིན་མེད་པར་བརྒྱབ་ཆོག་པ་དེ་ཡིན་” ཞེས་བཤད་ཀྱི་ཡོད། གཞན་གྲལ་འགོར་བསྡོད་པ་ལས་ཕྱི་གླིང་བའི་གྲྭ་རྒྱུན་ཞིག་དང་ཁྱད་པར་ཆེན་པོ་མེད། འདིར་གནས་ཀྱི་སྤྲུལ་སྐུ་དག་གི་མི་ཚེ་འཚོ་གནས་ཀྱང་རང་འགའ་བ་ཞིག་ཡིན། དཔལ་འབྱོར་མེད་ལ་དབང་ཤུགས་མེད་པའི་སྤྲུལ་སྐུ་མང་པོ་ཞིག་གིས་མི་ཚེ་གཞན་གྱི་སྡིག་དམོད་དང་ནང་གི་གནོན་ཤུགས། དགོན་པའི་ལས་སྣེ་གང་ཞིག་ཡིན་ཡང་སྤྲུལ་སྐུ་དག་ལ་དམིགས་བསལ་གྱི་ལྟ་ཕྱོགས་ངན་པ་ཞིག་འཛིན་བཞིན་པའི་དུས་འདིར་སུ་ཞིག་གིས་རང་དབང་མེད་པའི་རྐུབ་བཀྱགས་སྟོང་པ་འདི་མུ་འཐུད་ནས་རྒྱུན་སྐྱོང་བྱེད་འདོད་ཡོད།
༤ གཞུང་དང་སྐུ་སྒེར་ཕྱོགས་ནས་ཀྱང་གདན་ས་གསུམ་གྱི་ནང་ཐོན་པའི་སྤྲུལ་སྐུ་རྣམ་དཔྱོད་ཅན་ལ་བདག་སྐྱོང་མི་བྱེད་པར་རྒྱབ་ལྗོངས་ཀྱི་ངོ་སོ་འོག་སྤྲུལ་སྐུ་ཁ་ཤས་ཡར་འཐེན་བཞིན་ཡོད། ད་དུང་དགོད་བྲོ་བ་ཞིག་ལ་སྤྲུལ་སྐུ་ཁ་ཤས་གདན་ས་ནས་ཁུངས་མ་འཁྱོལ་བར་ངྷ་རམ་ས་ལར་སོང་རྗེས་རྟོག་ལྡན་པ་ཆགས་པའི་གནས་ཚུལ་འདིའི་དབང་གིས་སྤྲུལ་སྐུ་གང་མང་ཞིག་ཧང་སངས་བཞིན་ཡོད།
འདི་ལྟར་སྤྲུལ་སྐུ་དག་ཕྱི་ནང་གི་གནོན་ཤུགས་འོག་དགོན་སྡེ་ཁག་ནས་ཕྱིར་ཐོན་ནས་རང་འགའ་བའི་འཚོ་གནས་ལ་འགྲོ་བཞིན་ཡོད་པ་འདི་དེང་སྐབས་ཤེས་དགོས་པའི་བོད་ཀྱི་སྤྱི་ཚོགས་ཀྱི་མི་མངོན་པའི་ འཇིག་རྟེན་གྱི་གྲུབ་ཆ་ཞིག་རེད། འདི་ནི་ཁོ་ཚོས་འདོད་པའི་ལམ་ཁ་མིན་ཡང་སྤྱི་ཚོགས་ཀྱིས་དེད་པའི་ལམ་ཁ་ཞིག་རེད་ཅེས་བརྗོད་ཆོག ཉེ་ཆར་འདི་ལྟར་གདན་ས་ཁག་ནས་སྤྲུལ་སྐུ་ཤེས་ཡོན་པ་བསམ་བློ་བ་མི་ཉུང་བ་ཞིག་དགོན་སྡེ་དག་དང་ཁ་བྲལ་བ་ནི་དངོས་གནས་སྐྱོ་སེམས་ཀྱི་མུན་ནག་ཅིག་ལས་མ་མཆིས།
སྤྲུལ་སྐུ་ནི་སྤྱི་ཚོགས་ཤིག་གི་ཐོན་རྫས་བྱེ་བྲག་པ་ཞིག་ལས་གང་ཡང་མིན། ཐོན་རྫས་གང་ཞིག་སྤྱི་ཚོགས་གང་ཞིག་ནང་ཉུང་དྲགས་ན་དེའི་རིན་ཐང་འཕར་རྒྱུ་ཡིན་པ་དང་མང་དྲགས་ན་དེའི་རིན་ཐང་མར་ཆག་རྒྱུ་ཡིན་པ་བཤད་མ་དགོས་པ་ཞིག་རེད། ང་ལ་ཐོན་རྫས་དེ་དགོས་མཁོ་བྱུང་བ་ཡིན་ད་ངས་སྤུས་ཀ་ལ་བསྟེན་ནས་འདེམས་ཉོ་བྱ་གི་རེད། སྤུས་ཀ་ངན་པ་རྣམས་སུ་གང་ལའང་མི་དགོས་པར་མཐར་འདོར་རྒྱུ་ལས་འོས་མ་མཆིས།
སྤྱི་ཚོགས་ནས་མར་དོར་བ་དང་མཉམ་དུ་སྤྲུལ་སྐུ་རྙིགས་རོ་རྣམས་ཀྱིས་ཀྱང་རང་གི་འཚོ་དོན་དང་མདུན་ལམ་མཚན་སྙན་བཅས་ཀྱི་ཆེད་བྱེད་སྤྱོད་འདྲ་མི་འདྲ་བསྟེན་སྲིད་པ་རེད། ཡིན་ན་ཡང་། འདི་ནི་སྤྲུལ་སྐུ་བྱེ་བྲག་པ་ཞིག་གི་བྱས་ཉེས་སུ་ངས་མཐོང་མི་ཐུབ། འདི་ནི་སྤྱི་ཚོགས་ཤིག་གི་གནད་དོན་དང་ལྷག་པར་དུ་ཡང་སྤྱི་ཚོགས་དེ་དང་མི་འཚམས་པའི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་ཤིག་ལ་ཐུག་ཡོད་པར་འདོད།
སྤྲུལ་སྐུ་ངོ་མ་ཡིན་ན་ཡང་འདྲ། རྫུན་མ་ཡིན་ཡང་འདྲ། ལྟག་སྒོ་བརྒྱུད་པའི་སྤྲུལ་སྐུ་ཡིན་ན་ཡང་འདྲ། དེ་ལ་ཁྱད་པར་མི་འདུག མཁྱེན་ཡོན་ཆེ་ཞིང་ཚད་ལྡན་གྱི་སྤྲུལ་སྐུ་ཞིག་ཡིན་ན་དེ་སྤྱི་ཚོགས་ནང་རང་བཞིན་གྱིས་འབུར་དུ་ཐོན་ཡོང་ངེས། དེ་རྣམས་གྲོངས་རྗེས་ཡང་སྐྱར་སྤྲུལ་སྐུ་འཚོལ་བར་ངེས། དེ་མིན་མི་ལ་མགོ་གཡོག་མགོ་སྐོར་གཏོང་མཁན། གཞན་ནུས་མེད་ཉམ་ཆུང་གི་སྤྲུལ་སྐུ་རྣམས་ནི་རང་བཞིན་གྱིས་སྤྲུལ་བརྒྱུད་ཉམས་འགྲོ་གི་རེད།
ཚངས་དབྱངས་ཡིན་ན་འདི་སྤྲུལ་སྐུ་ལ་སྙིང་ནད་ཡོད་མཁན་ཞིག་རེད། ཕྱོགས་ཡོངས་ནས་བལྟས་ན་སྤྲུལ་སྐུ་ནི་བོད་ཀྱི་བླ་སྲོག་ལྟ་བུ་རེད། དེ་ལ་རྒོལ་བ་ནི་བོད་ལ་ཤ་ཚ་མེད་པའི་རྟགས་རེད།
སྤྲུལ་སྐུ་ནི་ཅ་དངོས་ལྟ་བུ་ཞིག་མ་རེད། མང་ཉུང་ཙམ་གྱིས་དེའི་རིན་ཐང་ཡང་ཐག་གཅོད་བྱེད་མི་ཐུབ། སྤྲུལ་སྐུ་རྣམས་སྤྲུལ་སྐུའི་ངོ་བོར་གནས་ཐུབ་མིན་ནི། སྤྲུལ་སྐུའི་མཚན་ཉིད་ཚང་མིན་དེ་རེད། དེང་སང་སྤྲུལ་སྐུ་ཡིན་ཚད་ལ་མགོ་སྒུར་བའི་དུས་རབས་དེ་ཕལ་ཆེར་རྫོགས་འགྲོ་བཞིན་ཡོད་་པ་རེད། འོན་ཀྱང་སྤྲུལ་སྐུ་གཏན་ནས་མི་དགོས་པ་ནི་མ་ཡིན་དེ། བོད་མི་གཅིག་སྒྲུལ་གྱི་བླ་སྲོག་དང། བོད་མིའི་སེམས་ཁམས་ཀྱི་དྲོད་ཐིགས་ཉག་གཅིག་པོ་ནི་ཆོས་དང་དེ་སྤེལ་བའི་ཚད་ལྡན་གྱི་སྐྱེས་ཆེན་དམ་དག་ཡིན་པས་སོ།
དྲ་གྲོགས་བློ་བཟང་། ངས་སྤྲུལ་སྐུའི་སྐྱོན་དང་ཡོན་ཏན་གཉིས་ཀ་འགོད་འདོད་འདུག ཁྱེད་ལ་གལ་ཏེ་སྤྲུལ་སྐུའི་ལམ་ལུགས་དེ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པའི་རྒྱུ་མཚན་སོགས་ཡོད་ན། ང་ལ་སྤྲོད་དང་། ངས་དེ་ཡང་དྲ་རྒྱར་འགོད་ཆོག དེ་ལྟར་བྱུང་ན། ངེད་ཚོ་ཚང་མར་ཕན་པ་ཡོད།
རྗེ་རིན་པོ་ཆེ་ལ་སྤྲུལ་སྐུ་མེད་ས་ནས་གཞན་པ་དེ་ཚོ་དངོས་གནས་ཁྱི་ལ་སེང་གེའི་མིང་རང་མ་རེད་དམ། ད་དུང་༧རྒྱལ་མཆོག་ལྔ་བ་ཚང་གི་གསུངས་འབུམ་ལ་ཐེངས་གཅིག་མཇལ་དང་ཤེས་རྒྱུ་མང་གི། ཚང་མ་ཧང་སངས་དགོས་ས་རྐྱང་རེད།
བློས་ཐུབ། དེང་སང་སྟག་སྨྱོན་དང་གདོང་དམར་རིག་རྒྱུ་མེད་པ་དང་། དེ་རིང་བློས་ཐུབ་ཟེར་བ་ཞིག་གློ་བུར་ཏུ་ཐོན་ནས་མཆན་བུ་འདེབས་ས་ཡོད་ཚད་ལ་མཆན་བུ་རེ་རེ་བཏབ་འདུག་པར་མ་ཟད། མཆན་བུ་འདེབས་རྒྱུའི་མགོ་བཟུང་བ་ནས་ཡང་ཁྱི་སྨྱོན་སླེབས་པ་བཞིན་བཙན་བྱོལ་བོད་གཞུང་དང་། ཧོར་གཙང་འཇིགས་མེད། རྟེན་བཞེངས་ཆེན་མོ། ཚེར་མ། དུས་བབ་ཚང་གི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས། བང་ཆེན་ཚང་གི་གསར་འགོད་པ་གངས་ལྷ་མོ། མདོ་སྨད་ཀྱི་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་། ཟིན་བྲིས་པ་ལྷ་ཆབ་སྦྱིན་པ། སྤོབས་པ་མཐའ་ཡས་སོགས་རིག་ཚད་ཐུག་ཚད་ལ་སོ་རེ་རེ་བརྒྱབ་འདུག་པར་བལྟས་ན་སྟག་སྨྱོན་ནམ་གདོང་དམར་ཟེར་བའི་ཁྱི་རྒན་དེས་ཡང་མིང་གསར་བ་ཞིག་བརྗེས་ནས་ཐོན་བཏང་ནི་མིན་ན། ངས་ཁྱི་རྒན་དེ་ལ་ཞིབ་འཇུག་བྱེད་བཞིན་ཡོད་པར་མ་དྲ་ཐོག་ཏུ་བསྒུགས་བསྡད་ཡོད། ཁྱོས་སྐད་ཆ་བཤད་སྟངས་དང་བསམ་བློ་ཁྱེར་སྟངས་ཁྱི་རྒན་དེ་དང་གཅིག་པ་གཅིག་རྐྱང་རེད། མ་གཞི་ཁྱོད་དྲ་ཐོག་སླེབས་མ་ཐག་ནས་བོད་གཞུང་དང་། སྒེར་བ་འདི་འདྲ་མང་པོ་ཞིག་ལ་དུས་གཅིག་ལ་སོ་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། མཆན་འདེབས་མཁན་ཚང་མ་སྟག་སྨྱོན་ནམ་གདོང་དམར་ཟེར་བ་དེ་དང་ཁྱོད་འདྲ་བ་རྐྱང་རྐྱང་ཡིན་ན་དྲ་ཁང་ཐམས་ཅད་གཡུལ་ས་ཞིག་མ་གཏོགས་ལྷག་གི་མ་རེད། ད་དུང་ཤིས་ཚང་མཁྱེན་རབ་ཀྱིས་མི་ཁྱོད་འདྲའི་རིགས་ལ་གདོང་འབག་ཅན་གྱི་སྨྱུག་ཐོག་པ་དང་། ཡང་ལྷ་ཆབ་སྦྱིན་པས་དྲ་འབུ་ཞེས་བཏགས་འདུག་མོད། ཁོ་བོས་མི་ཁྱོད་འདྲའི་རིགས་ལ་དྲ་འདྲེ་ཞེས་བཏགས་པ་ཡིན། གང་ཡིན་ཟེར་ན་བོད་མིའི་སེམས་ནང་ན་ཡོད་པའི་གདོན་འདྲེ་ཞིག་གི་བྱེད་ལས་ཡོངས་རྫོགས་ཚང་ཡོད་པས་རྒྱུ་མཚན་གྱིས་སོ།།