༡ རིགས་གཅིག་རྐང་འཛིན་ཟེར་བ་འདི་ནི་ལྷ་རམས་ཐོན་རྗེས་སྦྱོང་དགོས་པ་ཞིག་མ་རེད། ལྷ་རམས་ཐོན་རྗེས་ལོ་ཚད་ཆུང་ཆུང་ཞིག་མ་རེད། དེ་བས་རིགས་གཅིག་རྐང་འཛིན་པ་སུ་ཡིན་ལ་ཚོགས་ཆོས་གྲྭར་དམིགས་བསལ་བྱིན་ཏེ་ཁོ་ཚོ་ཁོ་ཚོས་བདམས་པའི་ལམ་ཁ་དེར་འགྲོ་རུ་འཇུག་དགོས།
༢ ལེགས་སྦྱར་སྦྱངས་ནས་ག་རེ་བྱེད་ཀྱི་ཡིན་ནམ། བཀའ་འགྱུར་བསྟན་འགྱུར་ནང་མེད་པའི་ཆོས་ཚན་གང་ཞིག་ལེགས་སྦྱར་ནང་ལྷགས་འདུག དེ་བས་དབྱིན་ཇི་སྦྱངས་ཏེ་འཛམ་གླིང་གི་ཤེས་བྱ་རིག་པའི་གནས་སྣ་ཚོགས་ལ་སློབ་སྦྱོང་བྱེད་དགོས། དགེ་ལུགས་ཚང་གི་བླ་མ་བཟོད་པ་མ་གཏོགས་ནུབ་ཕྱོགས་སྤྱི་ཚོགས་ནང་དུ་བོད་པའི་ཆོས་རིག་གི་སྟེང་ནས་རང་རྐང་ཚུགས་ཡོད་པ་ཞིག་ཕལ་ཆེར་སྟོན་རྒྱུ་མི་འདུག་པས། བསྡུས་གྲྭ་ནས་བརྩམས་ཏེ་དབྱིན་ཡིག་སྦྱོང་དུ་འཇུག་དགོས།
༣ གྲྭ་པའི་ལག་གི་གློག་ཀླད་དང་ལག་ཐོག་ཁ་པར་གཏན་འགོག་སོགས་དེང་རབས་འཛམ་གླིང་དང་ཁ་འབྲལ་བའི་ཁ་བྲལ་རིང་ལུགས་ཀྱི་བྱེད་སྟངས་ངོ་མ་དེ་ཕྱིར་བསྡུ་བྱེད་དགོས།
༤ གྲྭ་ས་སེ་འབྲས་དགེ་གསུམ་ནས་མགོ་བཙུགས་ཏེ་དགེ་བསྐོས་ཀྱིས་གྲྭ་པར་དྲག་རྡུང་བྱེད་པའི་ལུགས་སྲོལ་དེ་གཏན་འགོག་བྱས་ནས་གྲྭ་པའི་འགྲོ་བ་མིའི་ཐོབ་ཐང་དང་མི་ལུས་སྲུང་སྐྱོབ་ཀྱི་ཁེ་དབང་ལ་སྔོན་འགྲོ་ཅི་ཡང་མེད་པའི་སྒོ་ནས་མཐའ་གཅིག་ཏུ་བརྩི་བཀུར་བྱེད་དགོས།
༥ དགེ་ལྡན་པའི་དགེ་བཤེས་མང་པོ་ཞིག་རྩོད་གྲྭའི་རིགས་ལམ་གཅིག་པོར་དབུ་འཁོར་ནས་མི་ཚེ་སྟོང་ཟད་དུ་མི་འགྲོ་བའི་ཆེད་དུ་དམིགས་ནས། གྲྭ་ས་སེ་འབྲས་དགེ་གསུམ་ནང་རྗེ་བླ་མའི་ལམ་རིམ་ཆེ་འབྲིང་ཆུང་གསུམ་གྱི་དཔེ་ཁྲིད་དང་དེ་མྱོང་ཐོག་ཏུ་བསྐོར་ནས་སྒོམ་སའི་སྒོམ་གྲྭ་གསར་འཛུག་བྱེད་དགོས་ལ། དེ་ཡང་སྤྱི་ལོ་༢༠༡༠ལོ་འདི་ལ་དབུ་འཛུག་བྱེད་དགོས།
༦ འཛམ་གླིང་སྤྱི་འགྲོས་ཀྱི་སློབ་ཐོན་ལམ་ལུགས་གཞིར་བཟུང་སྟེ་དགེ་བཤེས་ལྷ་རམས་པ་དང་སྔགས་རམས་པའི་དམ་བཅའ་འཇོག་མཁན་ཚོར་རྩོད་རྒྱུགས་དང་བྲིས་རྒྱུགས་གཉིས་ཙམ་མ་ཡིན་པར། དབུ་ཕར་སོགས་མདོ་ལུགས་དང་བདེ་གསང་སོགས་སྔགས་ཀྱི་མཐར་ཕྱིན་ཆེད་རྩོམ་ཚད་ལྡན་འབྲི་རུ་འཇུག་དགོས་ལ། དེ་ནས་ཆེད་རྩོམ་དེ་དག་ཕྱོགས་བསྡུས་ཀྱིས་པར་སྐྲུན་བྱས་ཏེ་སེ་འབྲས་དགེ་གསུམ་དང་རྒྱུད་གྲྭ་སྟོད་སྨད་དུ་བཀྲམས་ནས་མཁས་པ་ཁག་གི་བསམ་ཚུལ་བསྡུ་ལེན་བྱེད་དགོས། གལ་སྲིད་མཁས་པ་བརྒྱ་ཆའི་དྲུག་ཅུ་ཡན་ཆད་ཀྱིས་མཐར་ཕྱིན་ཆེད་རྩོམ་ལ་ངོས་ལེན་བྱས་ཚེ་གཞི་ནས་ལྷ་རམས་དང་སྔགས་རམ་གྱི་སློབ་ཐོན་ལག་ཁྱེར་སྤྲོད་ཆོག དེའི་སྔོན་འགྲོར་དམིགས་ཏེ་བསྡུས་གྲྭ་ནས་བཟུང་འདུལ་བ་བར་དུ་ལོ་འཁོར་རྒྱུགས་སྤྲོད་ནང་འཛིན་གྲྭ་དེ་དང་དེའི་སྐབས་ཀྱི་ཆེད་རྩོམ་རེ་ངེས་པར་དུ་འབྲི་རུ་འཇུག་དགོས།
དགོན་ཟུར་ཅིག་ནས་།དབྱིན་ཇིའི་སྤྱང་འདོད་པ་རྣམས་ལ་།དབྱིན་ཇིའི་དཔེ་ཁྲིད་རེ་བྱས་ན་ལེགས་།རྡུང་དགོས་མིན་ཐད་ལ་ད་དུང་ཞིབ་མཇུག་བྱས་དགོས་།
དེ་མིན་ཀླུ་སྨྱོན་ལགས་ཀྱིས་བསྒྱུར་བཅོས་གཅིག་ཀྱང་མི་དགོས་།དགོན་པ་དགོན་པ་རེད་།སློབ་གྲྭ་རེད་།
ཨ་ལགས་ཀླུ་སྨྱོན་འདི་བ་གསུང་སྟངས་ལ་བལྟས་ན་ལྟ་ཐོས་མྱོང་གསུམ་གྱི་མཁྱེན་རྒྱ་ཡངས་པ་ཤེས་ཀི གོ་ཐོས་ལ་བོང་རྫི་འདི་བའང་ནུབ་ཕྱོགས་རང་དབང་ལུང་བ་ཞིག་ན་ཡོད་རེད་ཟེར་ག ངོ་མ་ཡ་མཚན་རེད། བརྡུངས་ནས་མྱི་བཅའ་རྒྱུ་མེད་པ་མ་ཤེས་པ་འདི། ཨ་བྱ་དི།
ཁྱོད་ཚོས་འདི་འདྲ་དག་རེད་།
བཅོས་སྒྱུར་བྱ་དགོས་བའི་རྒྱུ་མཚན་་།ཇི་ལྟར་བྱེད་དགོས་།བྱེད་པའི་དམིགས་ཡུལ་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ་།རྒྱ་ནག་ཏུ་ཡོད་པའི་སློབ་གྲྭ་བ་འདྲ་བ་དག་གཏོང་བསམ་གིན་ཡོད་དམ་།
༼༡༽་གྲྭ་ཆུང་རྣམས་ཀྱིས་ཀློག་ཀླད་བལྟ་བ་རྩ་འགོག་བྱེད་དགོས་།ངེས་པར་ཏུ་དགོས་ཟེར་ན་།སློབ་ཁང་ནང་དུ་གྲྭ་མང་དུ་མཉམ་དུ་སློབ་སྤྱོང་བྱེད་དུ་མཇུག་དགོས་།བྱིས་བའི་ཀློག་ཀླད་བལྟ་བ་དང་།ཁ་པར་བཟུང་བ་ལས་བྱུང་བའི་སློབ་གཉེར་མཐུ་ཤོར་དང་།ཀུན་སྤྱོད་རབ་རིབ་ཅན་དུ་གཏོང་བཞིན་པ་འདི་།ཚན་རིག་ལམ་ནས་བྱུང་བའི་བདེན་པ་ར་སྤྲོད་ཅིག་རེད་།དེ་བས་གདན་སའི་གྲྭ་ཆུང་རྣམས་ཀྱི་ཀློག་ཀླད་འགོག་པ་དང་།ཁ་པར་འགོག་པ་འདི་ཤིན་ཏུ་ནས་འཐད་།
༼༢༽གཞན་གྱི་དེ་ལྟར་བྱ་དགོས་ན་།ང་ཚོས་ཀྱང་དེ་ལྟར་བྱ་དགོས་བའི་རྒྱུ་མཚན་ཅི་ཡང་མ་མཐོང་།ང་སྡོད་ས་ནི་འཛམ་གླིང་གི་ཡང་རྩེ་རུ་སོན་པའི་སློབ་གྲྭ་ཤིག་རེད་།ཡིན་ནའང་སློབ་གྲྭ་སྒྲིག་འཛུགས་དང་།ཆོ་ག་།ཕྱག་ལེན་།ཐ་ན་ཚོགས་པར་འགྲོ་དུས་དང་།ཟ་མ་སོགས་ཟ་དུས་གོན་པ་གྱོན་སྟངས་རྣམས་།འབྲས་སྤུངས་ལྟ་བུ་ཞིག་འདུག་།དཔེར་ན་་དད་པ་ཡོད་མེད་ལ་མ་ལྟོས་བར་མི་ཚང་མས་ཡེ་ཤིས་ཆོས་ཀྱིན་ཇ་མཆོད་ཀྱང་འདོན་དགོས་བ་ཞིག་་འདུག་།
༼༣༽་བཅོས་སྒྱུར་ཟེར་བ་འདི་།གཏིང་ཟབ་པའི་ཞིབ་མཇུག་བྱས་།ལེགས་ཉེས་གང་ཡིན་ལ་བསམ་བློ་རྒྱ་ཆེན་པོ་བཏང་།རང་གི་ཉམས་མྱོང་རྒྱ་ཆེན་པོ་བསགས་།དེ་ནས་འདི་ལྟར་བྱེད་ན་ཡག་པོ་འདུག་ཅེས་ལབ་ན་།དོན་མཐུན་དུ་གནས་།དེ་མིན་ཁ་གྲགས་མ་ཐག་ཏུ་བཅོས་སྒྱུར་ཟེར་བའི་སྐད་ཆ་ཤིག་དྲངས་ཡོང་བ་འདི།དམར་བོ་ལས་ཤུགས་རྐྱེན་ངན་པ་ཞིག་རེད་།དེ་ལྟར་མ་རེད་དམ་།
གོང་གསལ་རྩོམ་ཡིག་ལ་ངས་བསམ་འཆར་ཁ་ཤས་ཕུལ། དགེ་ལུགས་རྒྱུགས་སྤྲོད་ལ་ལོ་དྲུག་ཡོད་པ་རེད། ལོ་དང་པོ་གཉིས་ལ་བཀའ་རམས་ཟེར། དེ་ལ་བྲིས་རྒྱུགས་ཀྱི་རྒྱུགས་གཞི། སུམ་རྟགས། ལོ་རྒྱུས་ཆོས་འབྱུང་། བཀའ་པོད་ལྔའི་ནག་གི་ཡོངས་གྲགས་རྣམས་རེད། རྩོད་རྒྱུགས་བཀའ་པོད་ལྔའི་ཡོངས་གྲགས་རྣམས་རེད། གསུམ་པ་དང་བཞི་བར་སློབ་དཔོན་ཟེར་བ་རེད། རིག་གནས་ཆོས་འབྱུང་སོགས་མེད་པར། བཀའ་པོད་ལྔའི་ནང་གི་ཁུག་ཁུག་ཀྱོག་ཀྱོག་གི་ལམ་སྒྲིག་སྟངས་སྐོར་རེད། དེའི་སྐོར་ལ་བྲིས་རྒྱུགས་དང་རྩོད་རྒྱུགས་གཉིས་ཆ་ཡོད་པ་རེད། ལོ་ལྔ་བ་དང་དྲུག་པར་ལྷ་རམས་ཟེར། དེ་ལ་རྩོད་རྒྱུགས་དང་རྩོམ་རྒྱུགས་གཉིས་ཡོད། གང་འདམ་བསེས་བྱེད་མིན་དོ་བདག་སོ་སོའི་ལག་པར་ཡོད། རྩོད་རྒྱུགས་པ་རྣམས་ལོ་གཉིས་ལ་འགྲོ་དགོས། རྩོམ་རྒྱུགས་པ་རྣམས་གཉིས་ཀའི་རིང་ལ་ཚར་གཅིག་མ་གཏོགས་འགྲོ་མི་དགོས། དེ་ཡང་ལོ་ཕྱི་མ་ལ་རེད། རྩོམ་ཡིག་བྲིས་ཚར་རྗེས་རྒྱུགས་སྤྲོད་ཚོགས་ཆུང་ལ་ཕུལ། རྒྱུགས་སྤྲོད་ཚོགས་ཆུང་ནས་དགེ་བཤེས་རྒན་རིམ་ཁ་ཤས་ལ་དཔྱད་གཞིར་ཕུལ། དེ་ནས་རྒྱུགས་སྤྲོད་སྐབས་སུ་དཔྱད་ཞིབ་པ་རྣམས་ནས་དྭོགས་སློང་བྱེད་ཀྱི་རེད། དེ་བས་ན་དེ་ལ་རྩོམ་རྒྱུགས་དང་རྩོད་རྒྱུགས་གཉིས་ཀ་ཡོད་པ་མཁྱེན་པར་མཛོད་ཅིག
སྒོམ་གྲྭ་ཟེར་བ་འདི། གདན་ས་རེ་རེ་ན་རང་རང་གི་མགོན་ཁང་སོགས་ཡོད་པ་དེའི་མི་འགྲིག་གམ། དོ་བདག་སོ་སོར་འདོད་པ་ཡོད་ན་དེར་སོང་ནས་ལམ་རིམ་དང་སྔགས་རིམ་སོགས་ཆོ་ཀ་དང་བསྟུན་ནས་ཉམས་ལེན་བྱེད་ལོས་ཆོག དེ་མིན་གདན་ས་སྤྱི་ཡོངས་ནས་ལམ་རིམ་ཁྲིད་པའི་ལེ་ཚན་ཞིག་འཛུགས་རྒྱུ་ཟེར་ན། དེ་ནི་རང་རང་གི་བཀའ་པོད་ལྔའི་སྡེ་ཚན་ལས་ཟུར་དུ་མེད་ཀ མངོན་རྟོགས་རྒྱན་གྱི་གདམས་ངག་བཅུ་གཅིག་རིམ་བཞིན་ཁྲིད་ཡོང་དུས། ལམ་རིམ་ཡང་དེའི་ནང་དུ་དཀྲུགས་ནས་ཁྲིད་འགྲོ་བ་དེ་ལས་ལྷག་ཞིག་ཁ་ལ་དགོས། དེ་གྲོས་འདེབས་ཡིན། མ་གཞི་རྩོད་ཡིག་ལ་ཅུང་ཟད་རེ་འགྱུར་བ་གཏོང་བཞིན་པ་རེད། འོན་ཀྱང་རྒྱ་གཞུང་རྣམས་བཞག་ནས་བོད་གཞུང་ཞིག་དམིགས་བསལ་ཁྲིད་པའི་འཛིན་གྲྭ་ཚུགས་དགོས་ཟེར་ན། དེ་གདན་ས་དེ་ཆུང་རུ་གཏོང་འདོད་པ་ཡིན་རྒྱུ་མ་རེད། སྔར་ཡིན་ན་བཀའ་བཅུ་བ་ཞེས་བཀའ་པོད་བཅུ་དང་བཅུ་གསུམ་ལ་དམ་བཅའ་འཇོག་པའི་ལུགས་སྲོལ་ཞིག་དར་བ་རེད། དེ་ཚོ་སླར་གསོ་བྱེད་དགོས་ཟེར་ན་འོ་ཙམ་རིན་ཐང་འདུག་བསམ།
དེ་ནས་དགོན་པའི་སྒྲིག་དེ་ཕྱི་རྒྱལ་གྱི་སློབ་གྲྭ་ལྟ་བུ་ཞིག་བཟོ་འདོད་ན། དེ་བཞིན་དུ་སྒྲིག་འགལ་བྱུང་རིགས་ལ་ཕྱི་རྒྱལ་གྱི་སློབ་གྲྭ་ལྟར་བལྟ་རྟོགས་བྱེད་མཁན་ཉེན་རྟོག་པ་དང་། དེ་ནས་རིམ་བཞིན་ཁྲིམས་ཁང་། དེ་བཞིན་དུ་བཙོན་ཁང་སོགས་ལ་ཡང་འགྲོ་ས་ཡོད་པ་ཞིག་བཟོ་དགོས་སམ། འདི་ད་བོད་གཞུང་ལ་ཡང་དཀའ་སེ་ཡོད་པ་རེད།
དེ་ནས་ཀློག་ཀླད་དང་མོ་ཀྲ་སྐོར་རེད། འདི་གྲྭ་རྐྱང་རྣམས་ཟེར་བཞིན་པ་མ་གཏོགས། འདི་དག་གི་རྒྱབ་ལོག་ན་རྒྱུ་ཆེན་བླ་བྲང་དེ་ཚོ་ཡོད། འོན་ཀྱང་དོན་དངོས་མི་ཤེས་པའི་རྐྱང་འདྲོགས་ཁ་ཤས་རྐྱང་རྐྱང་ལ་འདྲོགས། རྐྱང་ཞར་མ་རང་ལ་འདྲོགས་ཟེར་བ་ལྟར་འདྲོགས་བཞིན་པ་རེད། གདན་ས་ཁག་ནས་སྤྱི་གཞུང་ལ་གྲྭ་ཚང་རེ་རེ་བཞིན་གློག་ཀླད་ཁང་བཙུགས་ཡོད་པ་རེད། རང་ཉིན་གྱི་སློབ་སྐབས་མ་ཡིན་པའི་དུས་ཚོད་ནམ་ཡོད་ལ་དེ་ཡོང་ནས་ཀློག་ཀླད་བེད་སྤྱོད་བཏང་ཆོག་གི་ཡོད་པ་རེད། འོན་ཀྱང་བླ་བྲང་ཁག་གི་མི་སྣ་དེ་ཚོར་མི་ཀྲ་ཉོ་འདོད་ཡོད་ལ། ཀློག་ཀླད་ཉོ་འདོད་ཡོད། ད་དུང་ཁོང་ཚོ་སྤྱི་གཞུང་གི་ཀློག་ཀླད་ཁང་དུ་ཡོང་མི་འདོད། དེ་ཚོས་ཁུ་ཁུ་སུམ་སུམ་ལ་བཀྲམ་པའི་སྐད་ཆ་དེ་ཚོ་འདྲོགས་ལ་དགའ་བ་ཚོས་སྐད་ཆ་ཇེ་མང་ལ་གཏོང་བཞིན་པ་རེད།
གདན་སའི་ལས་སྣེ་དེ་ཚོ་གཅིག་ཀྱང་མཐོང་རྒྱ་མེད་པ་དེ་འདྲ་རྩ་ནས་མ་རེད། དེ་ཚོས་ཀྱང་ཀློག་ཀླད་དུ་ཁུ་ཁུ་སུམ་སུམ་ལ་ལྟད་མོ་འདྲ་མིན་དང་། འཛམ་གླིང་གང་སར་ཡོད་པའི་མི་ལ་འབྲེལ་བ་བཙུགས་ནས། ཐ་ན་ཆགས་སྤྱོད་ཡན་ཆན་ཀློག་ཀླད་ནས་བྱེད་ཀྱི་ཡོད་པའི་དགེ་སྐྱོན་རྣམས་ཤེས་ནས། སྒེར་བདག་ལ་བཀག་འགོག་བྱེད་ཀྱི་ཡོད་པ་རེད། མ་གཞི་གདན་ས་ནི་ཕྱག་བྱ་བའི་གནས་རེད། ཤེས་བྱ་འདྲ་མིན་སྦྱང་སའི་གནས་མ་རེད། དད་ལྡན་རྣམས་ཀྱི་དད་ཟས་ཆུད་ཟོས་སུ་གཏོང་སའི་གནས་མ་རེད། འདིའི་སྐོར་སྒྲིག་ལམ་གྱི་སྐོར་ལ་དད་ལྡན་སྦྱིནབདག་ཁག་ནས་ཀྱང་ལས་ཁུངས་སུ་བསམ་ཚུལ་ཡི་གེ་གཏོང་བཞིན་ཡོད། དེ་དག་ཕན་ཚུན་རྒྱབ་མདུན་ཡོངས་སུ་རྫོགས་པར་བལྟ་དགོས། ངས་ག་དུས་ཡིན་ན་ཡང་བསམ་ཚུལ་འདི་འདོན་བཞིན་ཡོད། ང་འགྲོ་སའི་སློབ་གྲྭ་དང་། ང་འགྲོ་སའི་གདན་ས་གཉིས་ཁ་ཁ་ཡིན་བསམ་ཡོད།
དེ་ནས་བོད་གཞུང་ནས་གནང་སྦྱིན་བྱེད་པ་ཕུད། དེ་ལས་གཞན་པའི་གདན་སའི་འཚོ་དོད་རྣམས་ནི་དད་ཟས་དང་ཤི་ཟས་རེད། ག་རེ་ཆེད་དུ་དད་ཟས་དང་ཤི་ཟས་སྦྱིན་བདག་རང་གི་ཁྲག་གསོག་སྣག་གསོག་བྱས་པ་དེ་ཚོ་གདན་སར་ཕུལ་གྱི་ཡོད་པ་རེད། དེ་རྩོམ་ཡིག་ཡག་པོ་འབྲི་བའི་ཆེད་དུ་མ་རེད། ཚན་རིག་སྦྱང་བའི་ཆེད་དུ་ཡང་མ་རེད། ཀློག་ཀླད་སྦྱང་བའི་ཆེད་དུ་ཡང་མ་རེད། ཚང་མ་ནང་ཆོས་ཀྱི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་ཆེད་དུ་རེད།
ཡང་ཕོ་གསར་རྟགས་འདྲ་གཟུགས་འདྲ་རྐྱང་རྐྱང་ཕ་མ་དང་། ནང་མི་སུ་ལ་ཡང་འགན་མ་ཁས་པར་དགོན་པར་ཡོང་པ་དེ། ཚན་རིག་གི་ཆེད་དུ་མ་རེད་ལ། རྩོམ་རིག་གི་ཆེད་དུ་ཡང་མ་རེད། ཀློག་ཀླད་ཆེད་དུ་ཡང་མ་རེད། ཕ་མའི་དྲིན་ལན་ཆོས་ཀྱིས་འཁོར་རྒྱུ་རེད་བསམ་ནས་དགོན་པ་ཁག་ལ་ཆོས་གཞུང་ལ་ཐོས་བསམ་སྒོམ་གསུམ་བྱེད་ཆེད་དུ་གོང་གསལ་ནང་མི་དང་། སྦྱིན་བདག་རྣམས་ཀྱིས་བློས་གཏོང་མང་པོ་བྱས་པ་རེད་བསམ། འདི་ཚོ་ཚང་མའི་རེ་འབྲས་དོན་མེད་དུ་བཏང་ན་འེ་འགྲིག་སྙམ།
གདན་ས་ལ་སྔོན་ནས་ཡོད་པའི་ཆོས་ཀྱི་སློབ་གཉེར་དེ་ཚོ་རྒྱུན་སྐྱོང་བྱེད་ཐུབ་ན་ཡག་པོ་རེད། དེ་མིན་གློག་ཀླད་དང་དབྱིན་སྐད་སོགས་སྦྱངས་ས་ག་ས་གང་ན་མང་བ་རེད། དེ་མིན་སུམ་རྟགས་སྙན་ངག་སོགས་ཀྱང་ཆེན་པོ་མ་སྤེལ་ན་དགའ་གི་རེད། ལྷག་པར་ཡང་སྒྲིག་ལམ་ཕྱོགས་ལ་འཐུས་ཤོར་སོང་ན་མ་འགྲིགས་པ་རེད།
གུང་ཐང་བསྟན་པའི་སྒྲོན་མེས།
སྒྲ་སྙན་སྨན་རྩིས་སོགས་ལ་མགོ་མཁོར་བ་།གཞུང་ལུགས་ཐོས་བསམ་རྣལ་མའི་བགེགས་ཡིན་པས་།་་
རྩ་བ་བོར་ནས་ཡལ་ག་མ་འཛིན་ཞིག་།་ཅེས་གསུང་ཡོད་པ་དང་།
ཚན་རིག་གི་མཁས་བ་ཆེན་པོ་ཉིག་ཏོན་གྱིས་།
ཚན་རིག་ནི་ཟློས་གར་སློབ་པ་དང་།སྙན་ངག་འབྲི་བ་ལྟ་བུ་ཞིག་མ་རེད་ཅེས་གསུང་ཡོད་པ་ནི་།དོན་གྱི་རྩ་བ་གཅིག་རེད་།
རྒྱལ་བ་རིན་པོ་ཆེས་”དགོན་པ་སློབ་སྦྱོང་བྱེད་ས་རེད། མི་ཚེ་སྐྱེལ་ས་མ་རེད་”གསུངས་ཐལ། ཁྱོད་ཚོས་དགོན་པ་ཟེར་དུས་ཕྱག་འཚལ་སའི་མཆོད་རྟེན་གི་བཟོ་འདྲ་ཞིག་མཐོང་གི་ཡོད་ས་རེད། སྔོན་མ་ཞིག་ལ་ཟམ་གདོང་ཚང་གིས་ཡང་ཁྱོད་ཚོའི་བསམ་ཚུལ་དེ་འདྲ་བཤད་མྱོང་བ་རེད། ཁ་ཉིན་ཁོ་སེ་རྭའི་སློབ་གྲྭར་ཕེབས་ནས་གསུང་བཤད་གནང་སྟངས་ལ་བལྟས་ན་སྔ་མའི་ཁོ་རང་གི་བསམ་བློར་ད་ལྟ་འགྱུར་བ་ཐེབས་ཡོད་པ་འདྲ། མ་གཞི་བསྟན་པར་དགྲ་བྱུང་ན་མཁར་གསིལ་མདུང་ཟེར་བའི་དཔེ་ལྟར་རེད། སྐྱ་ཟད་སྔོ་རྡུག་གི་དུས་སྐབས་འདི་འདྲ་བར་གྲྭ་བས་ཐ་སྙད་རིག་གནས་དང་ཚན་རིག་ལག་རྩལ་སྦྱངས་ན་བསྟན་སྲིད་གང་ལའང་ཁེ་ལས་གྱོང་ཡོད་པ་མ་རེད། དེ་མིན་ཆོས་གཅིག་བུར་ཤི་འཐམས་བྱས་བསྡད་ན་ཡང་བསྐྱར་འུ་ཚོའི་མགོ་ལ་ང་བརྒྱད་ཅིག་ཐོན་མི་ཡོང་བའི་ངེས་པ་ཨེ་ཡོད། ཨ་རོགས་ཚོ། སྐད་ཆ་བསམ་ནས་ཤོད་ཨ།
གདན་ས་སྐོར་བཤད་ནའང་ང་དོགས་གཞི་ཞིག་འགོག་མེད་སླེབས་ཌྷའོང་གི་འདུག་སྔོན་ཆད་ང་བོད་ནས་རྒྱ་གར་དུ་ཡོང་རོགས་མི་ཉི་ཤུ་རྩ་བདུན་ཡོད་ལ་དེའི་ནང་དུ་ཉི་ཤུ་རྩ་གཅིག་གྲྭ་བ་རེད་འདུག།
ཟླ་བ་གཉིས་ཀྱི་ེརིང་ལ་ངས་ཁོ་ཚོར་བྱ་སྤྱོད་ལ་དཔྱད་པ་བྱས་པ་ཡིན་ང་ཚོའི་བལ་ཡུལ་སྣེ་ལེན་ཁང་དུ་ཟླ་གཅིག་ལྷག་ཏུ་བསྡད་པ་ཡིན་ལ་དེ་སྐབས་སུ་གྲྭ་པ་བཅུ་དྲུག་གིས་ཆང་འཐུང་འདུག་ཐ་མག་འཐེན་གྱི་འདུག་བུད་མེད་ཚོར་ཌྷའོ་སྐྱེལ་བ་སོགས་ང་རང་གིས་དངོས་སུ་མཐོང་སོང་མ་ཟད་གྲྭ་པ་ཁ་ཤས་ཤིག་མཚན་ལ་བུད་མེད་མཉམ་དུ་ཉལ་སོང་།
རྗེས་སུ་ང་ཚོས་དྷ་སའི་སྣེ་ལེན་ཁང་དུ་སླེབས་ནས་༸གོང་ས་མཆོག་མཇལ་ཁའི་གྲ་སྒྲིག་བྱེད་པའི་སྐབས་སུ་ཁོ་ཚོས་སྐྲ་བཞར་བ་དང་གཟན་ཤམ་གྱོན་སོང་ལ་གྲྭ་པ་ཡིན་མདོག་མདོག་གིས་ཉམས་རྫུན་པ་ཞིག་བསྟན་སོང་ྲམཇལ་ཁ་ཞུ་ཚར་རྗེས་ཁོ་ཚོས་བདེན་ས་སེ་ར་དང་སྤུངས་ཁག་གཉིས་སུ་ཕྱིན་སོང་།དེ་དང་ཆ་འདྲ་བ་བདེན་ས་ཁག་ན་མང་པོ་ཞིག་ཡོད་པའི་དོགས་གཞི་འདུག།
སྤྱིར་བཏང་གི་གྲྭ་པའི་བླང་བྱ་ཞིག་ནི་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་གྱི་འཆད་ཉམས་དགོས་ཟེར་བ་དེ་རེད་ཨང་།ཡིན་ནའང་དེང་སང་གྲྭ་པའི་ཆབ་སྲིད་ཤེས་དགོས་པ་གལ་ཆེ་ཟེར་ནས་འཇིག་རྟེན་པའི་འཚོ་བ་རོལ་སྟངས་དང་ཁྱིམ་ཚང་གི་སྐོར་ཕོ་མོ་བརྩེ་དུང་གི་སྐོར་ཡོད་ཚད་ལ་ཇུས་གཏོགས་བྱེད་མཁན་ཡང་ཤིན་ཏུ་མང་པོ་འདུག་དེའི་རིགས་དེས་ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱེད་ཐུབ་བམ་དེ་ཡང་དོགས་གཞི་ཞིག།
ཡང་བདེན་ས་ཁག་ནས་དགེ་བཤེས་ཀྱི་མིང་ཁུར་ཏེ་ནུབ་ཕྱོགས་སུ་སྐྱོད་མཁན་དེ་ཚོ་ཡང་སྒྲོ་ལོ་དང་རང་དོན་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་གཞན་དོན་ཁོ་ནར་བསམ་སྟེ་མགོ་སེར་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞིག་ཡིན་མིན་ལའང་དོགས་གཞི་ཞིག།མདོར་བསྡུས་ནས་བཤད་ན་དེང་སང་གྲྭ་སའི་ཁག་ཏུ་སྒོམ་སྒྲུབ་ཀྱི་ལས་ལ་བརྩོན་མཁན་ཡོད་མེད་ཡང་དོགས་གཞི་ཞིག།
དྲིན་ཆེན་པོ་་་་ཁྲིམས་ལུགས་ཁུར་མ་ཐུབ་མཁན་ཞིག་གིས་དགོན་པའི་བཅའ་ཁྲིམས་གླེང་ན་མཛའ་མོ་ཞིག་ཡིན་ནི་མ་རེད། གནའ་སྔ་མོར་བདེན་ས་ཁག་ཟེར་དུས་མཁས་པ་ཁོ་ཡིན་ང་ཡིན་ཚང་མ་སྐྲག་འགྲོ་བའི་ཚད་ལ་སླེབས་ཡོད་ནི་རེད། དེང་སང་བདེན་ས་ཟེར་དུས་མཐོང་ཞེ་དྲག་ཡོད་མེད་གསལ་རྐྱང་རེད། རྒྱུ་མཚན་གང་གིས་ད་སྐམས་བདེན་སའི་མཚན་སྙན་ཉམས་འགྲོ་གིན་ཡོད་པ་རེད་དམ། དེང་སང་གི་གློག་ཀླད་སོགས་ཤེས་མཁན་ཉུང་དྲག་པས་རེད་དམ་་་་ཡང་ན་་ནང་ཆོས་སློབ་གཉེར་ཁོངས་ཆོག་མཁན་ཉུང་ཉུང་ཡིན་པས་རེད། མདོར་ན་བདེན་སའི་ངོ་བོ་མ་ཡལ་བར་འཚོ་དགོས་ན་ནང་ཆོས་རྩ་བར་བཟུངས་ནས་ཕེབས་དགོས་པ་རེད། དེ་མིན་ཨ་གསར་གྱིས་གང་བྱུང་གནང་རྒྱུ་མང་དྲག་ན་འཇུག་འབྲས་བདེན་ས་ཁག་འདི་ཉིད་བདེན་སའི་ངོ་བོ་ལས་འགྱུར་མི་འགྲོ་བའི་བདེན་ཚོད་སུ་ལ་ཡོད་དམ། །
ཇོ་མོ་གླང་མ་།
ངས་ཁྱོད་ལ་གཏམ་རྒྱུད་ཅིག་བཤད་།འདི་ངོ་མ་ཡིན་།ང་ཆུང་དུས་སློབ་གྲྭ་ཆེན་མོ་ཟེར་ནས་ལྷག་མ་མི་དགའ་རྒྱུ་ཅི་ཡང་མེད་།
མི་ཚང་མས་བསྟོད་པ་འཐེན་གིན་རེད་།རང་གིས་་བསྟོད་པ་འཐེན་པ་ཡིན་།དེ་མིན་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་པའི་རྨི་ལམ་ཡང་མང་པོ་རྨིས་མྱོང་།
དེ་ནས་ལན་ཀྲིག་སློབ་གྲྭ་ཆེན་མོ་དང་།ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་སློབ་སྤྱོང་བྱ་རྒྱུའི་སྐལ་བ་བྱུང་།དེ་དུས་སློབ་གྲྭ་བ་ཆེན་མོ་རྣམས་ཀྱིས་ལུས་ངག་གི་སྤྱོད་ལམ་དང་།ཡོན་ཏན་སོགས་ལ་ཞིབ་དཔྱད་བྱ་རྒྱའི་གོ་སྐབས་བྱུང་།
ང་དངོས་གནས་དྲང་གནས་ཀྱི་ཡ་མཚར་སོང་།
ཕོ་གསར་རྣམས་ཀྱིས་ཉིན་དང་མཚན་མེད་པར་ཆང་མཐུང་།མོ་རྣམས་ཀྱི་ཉིན་མཚན་མེད་པར་གདོང་བཀྲུས།དེ་ནས་ཟླ་མཇུག་དུ་ཕ་མ་གཉིས་ལ་འཚོ་བ་དཀའ་ངལ་དང་།རྒྱུ་མ་ན་གིན་འདུག་ཅེས་དངུལ་བསྐུར་ཤོག་ཅེས་རྫུན་བཤད་ནས་།ཕ་མ་གཉིས་ཀྱིས་རྔུལ་ཆུ་ཚང་མ་ཆང་དང་།གདོང་བཀྲུ་བྱེད་དུ་བཀོལ་བཞིན་པ་དང།
འདོར་ན་སློབ་གྲྭ་ཐོན་པའི་རྗེས་སུ་།མི་རྣམས་ནི་བཅོས་མ་ལ་དགའ་ཞིང་།རྫུན་ལ་གོམས་པ་།ངོ་ཚ་མེད་ཅིང་།ཕུགས་བསམ་མེད་པ་།སྙིང་རྗེ་དཀོན་ཞིང་།རྒྱུ་ནོར་ལ་འདོད་སྲེད་ཆེ་བ།རྙོག་གཏམ་ལ་དགའ་ཞིང་།རིགས་པ་མེད་པ་།
ཁོ་ཚོ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་།གྲྭ་བ་དང་།དགོན་པ་རྣམས་ལ་སྡང་བ་དང་།གོ་སྐབས་རེ་རྙེད་ཚེ་།དགོན་པ་དང་།བླ་མ་།དགེ་འདུན་རྣམས་ལ་་སྐྱོན་རྒྱག་རྒྱུ་དེ་རེད་།
ཇོ་མོ་གླང་མ་།
གྲྭ་བ་དེ་འདྲ་ཡོད་པ་ཏན་ཏན་རེད་།སུས་ཀྱང་མེད་ཟེར་བཞིན་ཡོད་པ་མ་རེད་།དེ་བཞིན་འདུལ་བ་ཟེར་བ་དང་།བཅའ་ཁྲིམས་།སྒྲིག་ལམ་།དཀོར་ཟ་ཟེར་བའི་ཚིག་འདི་དག་བྱུང་བ་རེད་།
སྤྱིར་བཏང་ལོ་དྲུག་ཅུ་ཙམ་ལ་གྲྭ་བའི་སྐྱོན་བཤད་།དེ་མ་འགྲིག་པ་རེད་།འདི་མ་འགྲིག་པ་རེད་ཅེས་བཤད་པ་རེད་།ད་ཁོ་ཚོ་ལ་དབང་ཆ་ཅི་ཡང་མི་འདུག་།ཐ་ན་སྲང་ལམ་དུ་འགྲོ་དགོས་ན་སྤྱི་བདེ་མི་སྣ༼སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཚོ་རེད༽ལ་བཤད་ནས་འགྲོ་དགོས་འདུག་།ཁོ་ཚོས་ལས་བྱེད་པ་དང་།སློབ་གྲྭ་བ་ལྟར་།རྒྱལ་ཁབ་ཀྱི་མི་མང་གི་ལག་ནས་བཙན་གྱི་བསྡུས་བའི་ཕོགས་ཟ་གིན་མི་འདུག་།ཁོ་ཚོ་ལ་དབང་ཆ་སྤུ་ཙམ་ཡང་མི་འདུག་།
ད་དུང་གྲྭ་བ་དང་དགོན་པའི་སྐྱོན་ཞིག་མ་གླེང་ན་འདུག་མི་ཐུབ་པ་ཅིག་ག་རེ་ཡོང་གིན་འདུག་།འདིའི་ག་རེ་མཚོན་གིན་འདུག་།
ད་ནས་བཟུང་།སློབ་གྲྭ་བ་དང་།རྒྱལ་ཁབ་ཀྱི་ལས་བྱེད་པ་དག་གིས་ཀུན་སྤྱོད་དང་།ཡོན་ཏན་རེ་རེ་ནས་གླེང་དང་།ཁོ་ཚོ་མི་མང་གི་ཁྲག་དངུལ་ལས་།མི་དམངས་ལ་ཞབས་འདེགས་སྒྲུབ་ཟེར་བའི་མིང་ཐོག་ནས་འཚོ་བ་བསྐྱལ་ཀིན་ཡོད་པ་།དེ་འདྲ་མ་རེད་དམ་།
སྤྱི་རྫས་ཟ་བཞིན་པ་་འདྲ་འདྲ་མ་རེད་དམ་།
ཡིན་ནའང་གྲྭ་བ་ཚོའི་སྤྱིའི་རྫས་དེ་མི་མང་གིས་དང་བླངས་དང་།དད་པའི་ཕུལ་བ་རེད་།སློབ་གྲྭ་བ་དང་ལས་བྱེད་པ་དག་གིས་ཟ་བཞིན་པའི་སྤྱི་རྫས་དེ་མི་མང་གི་ལག་ནས་བཙན་གྱིས་བསྡུས་བའི་ཁྲལ་རིགས་ལས་བྱུང་བ་ཞིག་རེད་།དོན་གྱི་སྤྱི་རྫས་ཡིན་པ་འདྲ་འདྲ་རེད་།
དཀོན་མཆོག་སྐམ་པོ་།
སུས་ཁྱོད་ལ་སློབ་སྤྱོང་མ་བྱེད་ལབ་ཀིན་འདུག་།སློབ་སྤྱོང་བྱས་དགོས་།སློབ་སྤྱོང་རྣལ་མ་བྱེད་དགོས་ཟེར་བ་དེ་རེད་།གྲྭ་བ་ལ་གྲྭ་བའི་བསླབ་རྒྱུ་ཤིག་ཡོད་པ་རེད་།དེ་གཙོ་བོ་བྱས་ནས་སློབ་དགོས་།གཞན་རྣམས་གཙོ་བོ་བྱ་མི་ཉན་ཟེར་བ་དེ་རེད་།བཅོས་སྒྱུར་ལ་ཁ་བཞག་ནས་ཡིན་མིན་ཐམས་ཅད་སློབ་ཏུ་བཅུག་།མཐར་གཅིག་གིས་མགོ་ཡང་མ་ཚོས་བ་བྱས་།དེང་དུས་བོད་ཀྱི་སློབ་གྲྭ་བ་ཡིན་ཟེར་བའི་ཆང་གི་རྫ་མ་འདྲ་འགའ་ཆགས་ན་།ཕུང་བའི་རྒྱུ་རེད་།
བོང་རྫི་ལགས། ཁྱེད་ཀྱིས་ཤད་ཀྱི་རྗེས་སུ་བར་སྟོང་བཞག་རོགས། མིག་ལ་མི་བདེ་བ་འདུག
ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །
ཡོན་ཏན་ཀུན་གྱི་གཞི་བརྟན་ལགས་པར་གསུངས། །
རྩམ་དགའ་སྐུ་མཁྱེན། གདན་ས་ལ་བདེན་ས་མ་བྲིས་དང་ཨེ་གོ
ལེགས་སོ་་་ལེགས་སོ་་་་མེ་ཏོག་དཀར་བོ་ལགས་་་་་་་ད་ནས་ངས་་་བདེན་སའི་ཚབ་ལ་གདན་ས་ཞེས་འབྲི་རྒྱུ་ཡེད་ཀོ་་་་་
རྩོད་པ་སྐྲག་མོ་བརྒྱབ་འདུག བོང་རྫི་དང་གཞོན་ནུ་ཟླ་མེད་གཉིས་ཀྱིས་ཅུང་གོ་རྒྱུ་ཡོད་པ་འདྲ་བཤད་འདུག ལྷག་མ་རྣམས་ད་དུང་ནར་སོན་མི་འདུག པུ་གུ་པུ་གུ་རེད་འདུག བསམ་བློ་ནར་སོན་མི་འདུག་ལ་བོད་ཡིག་གི་ཆུ་ཚད་ནར་སོན་མི་འདུག བོང་རྫི་འདི་དངོས་གནས་སློབ་གྲྭ་དང་གདན་ས་ཚང་མའི་ཞགས་རྩི་ཡོད་མཁན་ཞིག་ཡིན་བཟོ་འདུག་ལ་གཞོན་ནུ་ཟླ་མེད་འདི་ཉམས་ལེན་པ་འཁྲུལ་མེད་ཅིག་ཡིན་པར་འདྲ་བོ་འདུག
གདན་ས་ཁག་ཏུ་ཆོས་ཀྱི་སློབ་གཉེར་དུ་ཐུར་དུ་མ་ཤོར་བ་བྱེད་རྒྱུ་དེ་གདན་ས་ཁག་གི་ལས་འགན་རེད། གཞན་བོད་ཀྱི་ལོ་རྒྱུས་དང་། ཆོས་འབྱུང་། སྙན་སུམ་སོགས་གཞུང་ཆེན་བཀའ་པོད་ལྔའི་ཡན་ལག་ཏུ་མེད་དུ་མི་རུང་བ་ཞིག་རེད། མདོར་ན་དགོན་སྡེ་དང་། གདན་ས་ཁག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་རྒྱུན་འཛིན་དང་། དར་སྤེལ་གཏོང་སའི་ལྟེ་བ་ལྟ་བུ་དམིགས་ནས་མགོ་ཁྲིད་མཁན་དག་གིས་ལས་ཀ་བྱེད་དགོས་པ་དང་། འཛུལ་ཞུགས་པ་དག་གིས་ཀྱང་དེའི་ཕྱོགས་ལ་ཁ་གཏད་དགོས།
དེ་ལས་གཞན་དུ་དབྱིན་ཇི་དང་། ཚན་རིག ཤེས་མཁན་བྱུང་ནའང་དགག་བྱ་མེད་པ་མ་ཟད་ཕུན་སུམ་ཚོགས་པའི་ཡན་ལག་རེད། གློག་ཀླད་དང་། ལག་ཐོག་ཁ་པར་སོགས་ཀྱང་བཀག་དགོས་པ་མ་མཐོང་ལ་འགོག་ཀྱང་མི་ནུས་པ་ཞིག་རེད། དུས་རབས་ཚུར་སླེབས་ཡོང་གི་ཡོད་པས་ང་ཚོ་རྒྱབ་བཤིག་རྒྱག་ས་མེད་པ་རེད།
གཞན་འཆད་པ་དང་རྩོད་པ། རྩོམ་པ་རེ་རེ་ལ་མགོ་འཁོར་ན་མཁས་པ་རེད་ཟེར་མི་ཐུབ་པ་རེད། གདན་ས་ཁག་ཏུ་རྩོད་པ་དབྱིངས་ཡོད་རེད་ལ་རྩོད་པ་བཟང་བ་རྣམས་ལ་རིན་ཐང་ཡང་ཡོད་པ་རེད་རྩོད་པའི་སྐོར་འདི་གཞན་སུ་ལའང་འགྲམ་ཆུ་ལྡང་མི་དགོས་པ་རེད།
འཆད་པའི་སྐོར་ནས་དོན་གནད་དུ་སྨིན་པ་འཆད་ཤེས་མཁན་མང་དུ་ཡོད་ནའང་། འཆད་པའི་སྐབས་སུ་ཚིག་སྦྱོར་དང་། རྣམ་འགྱུར། ངག་གི་སྒྱུ་རྩལ་སོགས་ལ་མཁས་པ་ཡི་ག་འགུག་ཐུབ་པ་ཅུང་ཙམ་ཉུང་ཉུང་རེད་བསམ།
རྩོམ་པའི་སྐོར་ནས་བསམ་ན་རང་ཚིག་སྔ་ཕྱི་དང་། ཁས་བླང་སྔ་ཕྱི་མཐུན་པ། བརྗོད་བྱའི་གནད་ལ་ཁ་ཐུག་ཏུ་འགྲོ་བ་སོགས་སྤྱིའི་ཅ་ནས་གང་ལེགས་ཡོད་ཀྱང་། རྗོད་བྱེད་ཚིག་གི་སྦྱོར་བ་དང་། གབ་ནས་བསྟན་པ། ཟུར་ནས་རྒྱག་པ། ཤུགས་སུ་བཤད་པ་སོགས་ངག་གི་གཉེན་ཆ་དེ་དག་ཆེར་མེད་པར་རྡོ་རྒྱག་རྒྱག་བྱེད་མཁན་རྐྱང་རེད་ཟེར་ན་ཕལ་ཆེར་ཐལ་སྐྱོན་ཨེ་ཡོད། ལྷག་པར་རྩོམ་རིག་གི་སྐོར་ལ་སྐུལ་འདེད་ངེས་ཅན་རེ་དགོས་པར་འདུག མཁས་པའི་བྱ་བ་གསུམ་ཞེས་འཆད་རྩོད་རྩོམ་གསུམ་ཁ་དགོས་པ་སྔོན་བྱོན་དམ་པའི་རྣམ་ཐར་ཏུ་གསལ་བ་ཡིན།
སྒྲ་སྙན་སྨན་རྩིས་སོགས་ལ་མགོ་མ་འཁོར་ཟེར་བ་རེད་མ་གཏོགས་སྦྱོང་མི་དགོས་ཟེར་ཡོད་པ་མ་རེད། གུང་ཐང་ཚང་གངས་ཅན་ན་ཚད་ཐུབ་ཀྱི་མཁས་པ་རེད། གོ་བ་མ་ནོར་བར་བྱོས།