ཨེ་མ་ཧོ།
ན་མོ་གུ་རུ་མ་ཏི་བྷ་དྲ་ཡེ།
ཀ་མ་ལ་ལྟར་ཕྱི་ནང་ཀུན་གཙང་བའི།།
ཁ་བའི་ལྗོངས་ཀྱི་བློ་བཟང་གྲགས་པ་ཞེས།།
ག་ས་གང་ན་སྙན་གྲགས་ཀུན་ཁྱབ་པའི།།
ང་ཡི་གུ་རུའི་རྣམ་སྤྲུལ་རྒྱལ་གྱུར་ཅིག།
ཅ་ར་མ་ར་ལབ་པའི་དོལ་ཚོགས་ཀྱིས།།
ཆ་མེད་ཡུལ་ནས་རྒྱུས་མེད་ལོག་བཤད་ཀྱིས།།
ཇ་ལན་ཆུ་ཡིས་འཇལ་བའི་ཚུལ་མཐོང་ཚེ།།
ཉ་སུག་གོག་ལྟར་ཕྱུགས་རྣམས་སྙིང་རྗེའི་ཡུལ།།
ཏཱ་ལའི་བླ་མས་བསྟན་པའི་ལྕགས་རི་འཛིན།།
ཐ་གྲུ་ཡོངས་སུ་མདོ་སྔགས་ལམ་རིམ་སྐྱོང་།།
ད་དུང་བཤད་སྒྲུབ་ཕྲིན་ལས་རབ་ཏུ་སྤེལ།།
ན་མོ་དགེ་ལྡན་ལྔ་མཆོད་མངོན་པར་བསྟོད།།
པ་ར་མི་ཏའི་ས་ལམ་རིམ་གྱིས་བགྲོད།།
ཕ་མ་གཉིས་མེད་དུས་འཁོར་རྒྱུད་སྡེའི་དཔལ།།
བ་དན་དགུང་དུ་བསྒྲིང་བཞིན་དགེ་ལྡན་པས།།
མ་ལུས་ཕན་བདེ་མཛད་པར་རྗེས་ཡི་རངས།།
ཙ་ར་ཀ་བཞིན་དགའ་ལྡན་ལྔ་མཆོད་སྤྲིན།།
ཚ་གདུང་སྐྱོབ་པའི་དཀོན་མཆོག་མཆོད་པའི་སྤྲིན།།
ཛ་ཡའི་བསྟན་པའི་མཛེས་རྒྱན་དགེ་བཅུའི་སྤྲིན།།
ཝ་ལེར་མཉམ་དུ་ཚེས་ལ་མངོན་པར་བསྟོད།།
ཞྭ་སེར་བསྟན་པའི་བདག་པོ་ཙོང་ཁ་པ།།
ཟ་ཧོར་མཁན་ཆེན་བརྒྱུད་པའི་དགེ་སློང་ཆེ།།
འ་ཅག་གངས་ཅན་འཇམ་དབྱངས་རྣམ་གསུམ་གྱི།།
ཡ་གྱལ་འཇམ་མགོན་བླ་མར་འདས་མཆོད་འབུལ།།
ར་གན་གསེར་དུ་རྫུ་བའི་དོལ་འདྲེ་ཚོས།།
ལ་ལུང་ཁུག་ཏུ་དགེ་ལྡན་ཡིན་ཁུལ་གྱིས།།
ཤཱཀྱའི་བསྟན་པ་བཤིག་པའི་དོལ་ཚོགས་ལས།།
ས་མཚམས་འཁོར་འདས་ཤེས་པའི་ལྔ་མཆོད་འབུལ།།
ཧ་གོ་དོན་རྟོགས་དགེ་ལྡན་མཚན་ཉིད་པ།།
ཧ་ཅང་དར་རྒྱས་ཕུན་སུམ་ཚོགས་པ་དང་།།
ཨ་ཏི་ཤ་ནས་བརྒྱུད་པའི་བཀའ་གདམས་པ།།
ཨ་ཧོ་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག།
ཅེས་པ་རབ་རྒྱན་ཤིང་རྟའི་དགེ་ལྡན་ལྔ་མཆོད་སྐབས་སུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་དད་ལྡན་སློབ་མ་འགས་སྐུལ་ངོར་རིས་མེད་གྲུབ་མཐའི་སྙིང་པོ་ཚུལ་བཞིན་ཤེས་པའི་རིག་འཛིན་ཨེ་མ་ཧོས་གསོལ་བ་བཏབས་པར་དགེའོ།། །།
ཨེ་མ་ཧོས།
ཀ་མ་ལ་ལྟར་ཕྱི་ནང་ཀུན་གཙང་བའི།།
ཁ་བའི་ལྗོངས་ཀྱི་བློ་བཟང་གྲགས་པ་ཞེས།།
ག་ས་གང་ན་སྙན་གྲགས་ཀུན་ཁྱབ་པའི།།
ང་ཡི་གུ་རུའི་རྣམ་སྤྲུལ་རྒྱལ་གྱུར་ཅིག།
ཀ་མ་ལ་ཡི་མེ་ཏོག་ལྟར། །
ཁ་བའི་ལྗོངས་སུ་ཤེས་རབ་རྒྱས། །
ག་ས་ག་རུ་དེ་རིང་ཉིན། །
ལྔ་མཆོད་ཆེན་མོའི་མཆོད་པ་འབུལ། །
ཅ་ལག་ལ་སོགས་རྒྱུ་དངོས་ལ། །
ཆ་འཇོག་སྙིང་པོ་མེད་གཟིགས་ནས། །
ཇ་ཆང་འདོད་ཡོན་མ་ཆགས་པར། །
ཉ་རྒྱས་ཟླ་ལྟར་དགེ་སློང་མཛེས། །
ཏ་ཐ་ག་ཏའི་བྱང་སེམས་སྦྱངས། །
ཐ་མལ་ས་ལས་འཕགས་པར་མཛད། །
ད་ལྟའི་དགའ་ལྡན་མ་ཕེབས་སྔོན། །
ན་ད་བཞིན་དུ་བསྐྱེད་རྫོགས་རྫོགས། །
པ་ཊའི་འབྲེལ་ལྟར་བཀའ་གདམས་ཆོས། །
ཕ་བཟང་གདམས་ངག་སྙིང་བཅང་ནས། །
བ་དན་བསྒྲེང་ལྟར་ལམ་རིམ་སོགས། །
མ་ལུས་གསུང་རབས་ཐམས་ཅད་བཀྲལ། །
རྩ་བའི་བླ་མ་མང་བསྟེན་ནས། །
ཚད་མས་དོན་དམ་རྟོགས་པའི་ཕྱིར། །
མཛའ་བཤེས་བཞིན་དུ་འཇམ་དབྱངས་མཇལ། །
ཝ་སྐྱེས་རྒོལ་ངན་ཀུན་ལས་རྒྱལ། །
ཞྭ་ཟེར་བསྟན་པའི་མངའ་བདག་ཞེས། །
ཟ་ཧོར་ཨི་དྲ་བུ་དྷི་བཞིན། །
འ་ཅག་བོད་འདི་ཁྱོད་ཀྱིས་བསྐྱངས། །
ཡ་ཟླ་བྲལ་བའི་འཇམ་སྤྲུལ་ཉིད། །
རང་ཅག་བོད་རིགས་ཡོད་དོ་ཅོག །
ལ་ལུང་བོད་ཁམས་མདོ་དབུས་ཁམས། །
ཤ་ཁྲག་གཅིག་ལྟར་ཁྱོད་ཀྱི་གསུང་། །
ས་ཁྱབ་རྡོ་ཁྱབ་མཛད་ལ་འདུད། །
ཧ་ཅང་རྨོངས་པ་བདག་རང་ཡང་། །
ཨ་ཏི་་ཤ་ཡི་བསྟན་དང་མཇལ། །
ཧ་ལམ་ཤེས་ནས་དད་ཐོབ་སོང་། །
ཨ་ཐས་ང་ཡང་བརྗོད་འདོད་བྱུང་། །
དེ་རིང་དགའ་ལྡན་ལྔ་མཆོད་རེད། །
ཐོག་ཁར་མར་མེ་གང་མང་སྤོར། །
ཐབ་ལ་ཐུག་པ་བག་ཐུག་བཀོལ། །
ཁ་ནས་དམིགས་མེད་བརྩེ་སོགས་འདོན། །
དགེ་ལྡན་ལྔ་མཆོད་དང་དགའ་ལྡན་ལྔ་མཆོད་ཟེར་བ་གཉིས་ལ་ཁྱད་པར་ཅི་ཡོད། གང་མ་ནོར་བ་རེད།
དམིགས་མེད་བརྩེ་བའི་གཏེར་ཆེན་ཕྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ།། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
ཞེས་བ་འདི་རྩོམ་པ་པོ་ཐོག་མར་ཙོང་ཁ་པ་རང་ཡིན་ལ་དེ་ཡང་ས་སྐྱའི་བླ་མ་རེ་མདའ་བ་གཞོན་ནུ་བློ་གྲོས་༼རེ་མདའ་བ་ཞེས་སྒྲ་གོ་བ་ཙམ་ནས་ཅི་ལྟར་འབྲི་ཧ་གོ་མ་སོང་།༽ ལ་ཙོང་ཁ་པ་ནས་མཐའ་མའི་ཚིག་རྐང་གཉིས་ལ་གངས་ཅན་མཁས་པའི་གཙུག་རྒྱན་རེ་མདའ་བ། གཞོན་ནུ་བློ་གྲོས་ཞབས་ལ་གསོལ་བ་འདེབས་ཞེས་ཕུལ་བ་རེད་ཟེར། རྗེས་སུ་རེ་མདའ་བ་ནས་ཚུར་ཙོང་ཁ་པ་ལ་མཐའ་མའི་ཚིག་གཉིས་བསྒྱུར་ནས་འབུལ་བ་རེད་ཟེར། བདེན་པ་ཡིན་མིན་མཁྱེན་ལྡན་པ་རྣམས་ནས་གཅིག་གསུངས་རོགས་གནང་།
དགེ་ལུགས་པས་མི་ཤེད་རྒྱུ་ཤེད་ཁུར་ནས་འདི་འདྲ་རྐྱང་རྐྱང་བྱས་བསྡད་ནས་ད་བོད་ཀྱི་ཆོས་བརྒྱུད་འཛིན་པ་གཞན་དག་ཚོའི་ཡང་ཆོས་ལ་བརྟེན་པའི་ཆགས་སྡང་དེ་བརྒྱ་འགྱུར་གྱིས་གོང་འཕེལ་དུ་འགྱུར་བཞིན་འདུག འདི་ཚོ་ཡག་རྟགས་ཤིག་ཅང་མ་རེད།
དགའ་ལྡན་ལྔ་མཆོད་ཐོག་གའི་རྩེ་ལ་ཡོད།།
ཐུག་པ་བག་ཐུག་ཁོག་མའི་ནང་དུ་ཡོད།།
ཤ་ཚིལ་མར་མེ་སྒེའུ་སྟེང་དུ་ཡོད།།
བུ་མོའི་བདེ་དྲོད་མལ་སའི་ནང་དུ་ཡོད།།
ཤ་ཚིལ་མར་མེ་སྒེའུ་སྟེང་དུ་ཡོད།།
འདི།
ཤིང་མར་མར་མེ་སྒེའུ་ཁུང་སྟེང་དུ་ཡོད།།
ཤ་ཚིལ་མར་མེ་འབུལ་ན་ནི། དམར་མཆོད་དུ་འགྲོ་བས་འབུལ་མི་རུང་བས་སོ།།
དམིགས་མེད་བརྩེ་བའི་གཏེར་ཆེན་ཕྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
ལྔ་མཆོད་འདས་མཆོད་ཀྱི་ཉིན་མོ་འདིར། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག། ཞེས་པའི་ཚིག་རྐང་འདི། མི་འདོན་པའི་སྲོལ་གཅིག་ཀྱང་འདུག
སྔར་མ་གང་བྱས་རང་གི་ལུས་ལ་ལྟོས།།
ཕྱིར་མ་གང་སྐྱེ་རང་གི་སེམས་ལ་དྲིས།།
དམྱལ་དང་བདེ་འགྲོ་གང་སྐྱེ་རང་གི་ལག།
དགེ་ལས་སྡིག་བསགས་མ་བྱེད་དྲྭ་གྲོགས་ཚོ།།
ལྔ་མཆོད་འདས་མཆོད་ཀྱི་ཉིན་མོ་འདིར། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག། ཞེས་པའི་ཚིག་རྐང་འདི། མི་འདོན་པའི་སྲོལ་གཅིག་ཀྱང་འདུག རྒྱུ་མཚན་གསལ་བོ་མ་ཤེས། འབྲས་ལྗོངས་དུ་བསྡད་སྐབས་རྙིང་མའི་མཁན་པོ་འཇིགས་རྒྱལ་ནས་རྒྱུ་མཚན་ཅིག་བཤད་སོང་ཡང་ད་ཆ་བརྗེད་འདུག
དེང་སང་དགའ་ལྡན་པས་བདུད་དཔུང་མ་ལུས་འཇོམ་རྒྱུ་ཕར་ཚད་རེད། བདུད་དཔུང་གི་གནས་ཆེན་ཞིག་ཏུ་འགྱུར་ཟིན་བ་རེད།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་༸ཞབས་ལ་གསོལ་བ་འདེབས། །
བོད་སྐད་སྡེ་ཚན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར།
དམག་དང་ཉེན་རྟོག་པས་སྐོར་བའི་དགའ་ལྡན་ལྔ་མཆོད་ཆེན་མོ་ལྷ་ས། ༢༠༡༤།༡༢།༡༥
དགའ་ལྡན་ལྔ་མཆོད་ཆེད་ལྷ་སར་རྒྱ་ནག་གི་ཉེན་རྟོག་པ་དང་དམག་གིས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱེད་བཞིན་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། དེ་རིང་སྤྱི་ཚེས་༡༥ཉིན་བོད་མི་མང་པོ་དགའ་ལྡན་བཞི་མཆོད་དང་ལྔ་མཆོད་ཆེན་མོར་འཛོམས་ནས་མཆོད་འབུལ་དང་། གང་སར་མཆོད་མེ་སྦར་སྲོལ་ཡོད་པ་ལྟར། བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལའི་ཐང་ཆེན། ར་མོ་ཆེ་སོགས་སུ་རྒྱ་ནག་གི་དམག་མི་དང་། ཉེན་རྟོག་པ་། གསང་བའི་མི་སྣ། མེ་གསོད་རུ་ཁག་གི་མི་སྣ། དྲག་ཆས་དམག་མི་སོགས་ཀྱིས་ཡོངས་སུ་སྐོར་ནས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ཉིན་མཚན་མེད་པར་དམ་དྲག་སྐོར་སྲུང་བྱས་བསྡད་ཡོད་པ་རེད། ས་གནས་བོད་མི་ཞིག་གིས་བརྗོད་དོན། དེ་རིང་ལྔ་མཆོད་སླེབས་ལ་ཉེ་བར་ལྷ་སའི་གཙུག་ལག་ཁང་གི་མདུན་དང་བར་སྐོར་ལམ་གང་སར་རྒྱ་གཞུང་གིས་དམག་མི་ཕོན་ཆེན་པོ་བཏང་སྟེ། མཆོད་འབུལ་ཞུ་མཁན་རྣམས་ལ་སྔོག་བཤེར་དང་དམ་དྲག་ཤུགས་ཆེན་བྱེད་ཀྱི་འདུག ད་དུང་མི་ཚོགས་འཛོམས་མ་བཅུག་པར་བོད་མི་ཁ་འཐོར་ལ་གཏོང་ཐབས་བྱེད་པ་སོགས་བལྟས་ཚོད་ཀྱིས་མི་མང་ལས་དམག་མི་མང་བ་ཡོད་པ་ལྟ་བུ་འདུག་ཅེས་བརྗོད་བྱུང་། གནས་སྟངས་དེའི་ཐད་བོད་མི་ཞིག་གིས་པོད་འཕྲིན་ནང་། གཙུག་ལག་ཁང་གི་མདུན་དམག་མི་མང་པོ་ཡོད་པའི་འདྲ་པར་གྱི་གཤམ་ལ་དགའ་ལྡན་ལྔ་མཆོད་ཆེད་རྒྱ་ནག་ཏང་གཞུང་མཆོད་འབུལ་བྱེད་པར་ཕེབས་འདུག་ཅེས་ཟུར་ཟའི་ཚུལ་དུ་བྲིས་འདུག དེ་བཞིན་རྒྱ་ནག་གཞུང་གིས་ལྷ་སའི་གཙུག་ལག་ཁང་དང་། ར་མོ་ཆེ། སེ་འབྲས་དགའ་གསུམ་བཅས་དགོན་སྡེ་ཁག་ཡོངས་སུ་ཉེན་རྟོག་པ་དང་། དམག་མི། མེ་གསོད་རུ་ཁག་བཅས་འགྲེམས་འཇོག་གིས་དམ་དྲག་བྱེད་བཞིན་ཡོད་འདུག
དགའ་ལྡན་ལྔ་མཆོད་ཆེན་མོ་ནི་ལོ་རེའི་བོད་ཟླ་༡༠་བའི་ཚེས་༢༥ཉིན་ཡིན་པ་དང་། དེ་ནི་རྒྱལ་བ་རྗེ་ཙོང་ཁ་པ་ཆེན་མོ་དགོངས་པ་རྫོགས་པའི་དུས་མཆོད་གྱི་ཉིན་མོ་ཡིན་པ་དང་། ཁོང་བོད་རབ་བྱུང་དྲུག་པའི་མེ་བྱ་སྟེ་སྤྱི་ལོ་༡༣༥༨་ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས་པ་རེད།
གསར་འགོད་པ་ཀླུ་འབུམ།
༄། ། གང་ཡང་ས་གསུམ་ཉིན་མོར་བྱེད་ལ་སྣང་བའི་གཏེར་དེ་ཀུན་ལས་རྒྱལ། །
གཅན་གཟན་རི་དྭགས་ཕྲ་མོའི་སྡེར་བཅས་གདོང་ལྔ་འབར་བས་ཟིལ་གྱིས་གནོན། །
འདི་ན་རྒྱལ་བའི་དགོངས་པ་གསལ་བྱེད་ཕ་རོལ་རྒོལ་བའི་སྙེམ་ཕྲོགས་པ། །
མཚུངས་མེད་རྒྱལ་བ་གཉིས་པར་ངེས་རྙེད་ཚད་མས་དྲངས་པས་ཕྱག་བགྱིད་དོ། །
ཅེས་འཇམ་དབྱངས་བླ་མ་གུང་ཐང་པའི་གསུང་གིས་བསྟོད་ཅིང་བྱང་ཆུབ་ཆེན་པོར་སྨོན་པ་ནི།
བདག་སོག་འགྲོ་ཀུན་རྨད་བྱུང་བཀོད་པ་རུ། །
བདེ་གཤེགས་སེངྒེ་ང་རོས་རྗེས་བཟུང་སྟེ། །
ལེགས་གསུང་སྙིང་པོའི་ལམ་བཟང་མངོན་གྱུར་ནས། །
མཁའ་མཉམ་འགྲོ་བའི་མགོན་ཏུ་འགྱུར་བར་ཤོག། །
ཅེས་པའི་བདེན་གསུང་ཚིག་གི་རྗེས་སུ་འཇུག་པར་བྱའོ། །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་༼དཔལ་༽དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་༸ཞབས་ལ་གསོལ་བ་འདེབས། །
བོད་ཡུལ་ཤར་ཕྱོགས་ཙོང་ཁའི་གནས་མཆོག་ཏུ།
ལོ་ཟླའི་གས་སྲུབས་བར་ནས་སྐྱེས་མཆོག་འཁྲུངས།།
མ་བཅོས་སེམས་ཀྱི་བྱང་སེམས་ལྟ་བ་སོགས།།
རིགས་རྒྱུད་གཙང་མ་ཞིག་གིས་ལག་ལེན་བྱས།།
འཁྱོལ་དཀའ་དུས་རབས་ཤིག་གི་དཀྱོགས་མཚམས་ནས།།
ལོ་རྒྱུས་རྡོ་རིང་ཞིག་གིས་རི་མོར་ཕབ།།
བཙན་པོའི་གཉའ་དང་དམའ་བོའི་མགོ་ཐོག་ཏུ།།
རང་རྒྱལ་གཞན་ཕམ་མེད་པ་ཁྱེད་ཀྱི་ལུགས།།
ལ་ལས་རང་ལུགས་ཟེར་ནས་ཆད་མཐའ་ལྷུང་།།
ལ་ལས་གཞན་ལུགས་བཀག་ནས་རྟག་མཐའ་ལྷུང་།།
རྟག་ཆད་གཉིས་ཀྱི་དབུས་ན་གནས་པ་ཉིད།།
ཙོང་ཁའི་རྒྱུད་ཀྱི་ལྟ་བ་དེ་ཉིད་དོ།།
ལ་ལས་གསང་སྔགས་གཙོ་བཟུང་འདུལ་བ་དོར།།
གཞན་དག་འདུལ་བ་གཙོ་ཟེར་གསང་སྔགས་འགོག།
མདོ་སྔགས་འགལ་མེད་གྲོགས་སུ་འཁྱེར་མཁན་དཀོན།།
གཉིས་ཀར་ཟུང་དུ་འགྲེལ་མཁན་ཁྱེད་གཅིག་བུ།།
མཚན་ཉིད་རིག་རྐྱང་ལམ་ནས་བརྡར་ཤ་གཅོད།།
མིག་གཅིག་ལུང་རྐང་ཞིག་གི་རྗེས་སུ་འབྲངས།།
ལུང་རིག་གཉིས་ཀ་ཟུང་དུ་འགྲེལ་མཁན་ཉུང་།།
ཁྱེད་ནི་ལུང་རིག་བསྟན་པའི་ཁྱུ་མཆོག་ཉིད།།
ཕྱོགས་ལྷུང་དུག་གི་གཟེར་བའི་རིགས་རྐང་མང་།།
ཕྲག་དོག་སྙིང་མིག་འཐུག་པོ་མུན་པས་གཡོགས།།
སྟོན་པའི་བསྟན་པ་བསླད་ཡོད་ཟེར་མཁན་མང་།།
རང་ཕྱོགས་འཛིན་ལ་གཞན་ཕྱོགས་སྡང་མཁན་མང་།།
རེ་ཞིག་བསྟན་པའི་གནས་ལ་མི་མཁས་པས།།
ལྡོག་བཞུར་གཏམ་རྒྱུད་ཞིག་གི་ཁུག་སོ་ན།།
མཁས་འཛངས་གཉིས་ཀྱི་ལམ་ལ་ཞུགས་མཁན་ནི།།
ཆོས་ཀྱི་རྒྱལ་བོ་ཙོང་ཁ་ཁྱེད་མིན་སུ།།
རང་སོར་སྐྱབས་བཅོལ་ཞིག་ལ་ངོ་སོ་ལྷུང་།།
ལག་མཐིལ་རི་མོ་དེད་དེ་རྒྱང་ལ་ཆས།།
འཁོར་བའི་གནས་ལ་ཞེན་པ་མ་ལོག་འོངས།།
ཐར་བའི་ལམ་སྟོན་ཆེན་པོ་ཁྱེད་ཉིད་འདུད།།
ཡ་ཁོག་རུས་རྐང་ཅན་ལ་བདེན་གཏམ་ཡོད།།
ལས་དབང་དྲང་བདེན་ཅན་ལ་ལམ་སྟོན་ཡོད།།
ཆོས་དད་ཤེས་རབ་ཅན་ལ་གནས་ལུགས་ཡོད།།
ཡོད་གསུམ་བདེན་པའི་ལམ་ན་ཁྱེད་ཉིད་གནས།།
སྔ་རབས་མཁས་པ་མང་པོའི་ཡང་དཀྱིལ་ན།།
མདོ་རྒྱུད་གཞུང་ལུགས་མཁས་པས་གྲགས་པ་འབར།།
ཡིན་ལུགས་ཟེར་མཁན་དག་ལ་གནས་ལུགས་རེར།།
རིག་པའི་ལམ་ནས་རང་ལུགས་གསར་དུ་བཏོད།།
དེང་དུས་མདོ་སྔགས་གཉིས་ཀྱི་ལམ་སོ་ན།།
གཞན་དག་ན་རེ་ཟེར་ནས་ཆད་ལ་ཁད།།
དུས་ཀྱི་རྒུད་པ་སྙིགས་མའི་ཐ་མ་འདིར།།
ཁྱེད་ལས་ངོ་མཚར་སྐྱེ་བ་སུ་ཞིག་མཆིས།།
དྲིན་དྲིན་བསམ་ན་མིག་ནས་མཆི་མ་འཛེགས།།
བསམ་ཞིང་བསམ་ན་དད་པ་གཏིང་ནས་སྐྱེ།།
གནས་ལུགས་གནས་ལུགས་བསམ་ན་དོན་ཞིག་ཡོད།།
སྐྱེས་མཆོག་ཁྱེད་ཀྱི་ལུགས་ནི་ངོ་མཚར་རོ།།