ཨེ་མ་ཧོ།
༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་དགོངས་རྫོགས་ལ་ཕུལ་བ་བདེན་པའི་ཕྱག་བརྡ་དཀར་པོ་ཞེས་བྱ་བ།
ན་མོ་གུ་རུ་ཀརྨ་ཤྭ་ར་ཡེ།
བདེ་ཆེན་དབང་གི་ཕོ་བྲང་ཉམས་དགའ་བར།།
བདེ་སྟོང་ཕྱག་རྒྱ་མཆོག་གི་སྐུར་བཞེངས་པའི།།
བདེ་མཆོག་ཞིང་གི་མགོན་པོ་སྣང་མཐའ་ཡས།།
བདེ་ལྡན་ཞིང་དུ་ཕེབས་པར་སླར་ཡང་དྲན།།
བསམ་བཞིན་སྲིད་པར་བཟུང་པའི་སྤྲུལ་པའི་སྐུ།།
སྐྱེ་དང་འཆི་བར་རང་དབང་ཐོབ་པ་དང་།།
འདས་དང་མ་འོངས་གསལ་བོར་ལུང་བསྟན་པའི།།
༧ཀུན་གཟིགས་ཞྭ་དམར་རིན་ཆེན་གཙུག་ན་རྒྱལ།།
དྲི་མེད་ལྷག་བསམ་དག་པའི་གསུང་རྩོམ་ལས།།
དུས་ཆེན་སུམ་འཛོམས་ཉ་ལ་ཐུགས་དམ་དཀྲོལ།།
དགོངས་རྫོགས་ཆོས་འཁོར་དུས་ཆེན་ཁེལ་བ་སོགས།།
ངོ་མཚར་གཏམ་གྱི་གཏེར་མཛོད་ཟབ་རྒྱས་གསུངས།།
སྐུ་ཕྲེང་བཅུ་བཞིའི་སྐུ་ཕུང་གདན་འདྲེན་ཕྱིར།།
བལ་ཡུལ་ནང་ཆོས་ཚོགས་ཁག་ཉེར་གཅིག་གིས།།
བལ་ཡུལ་བློན་ཆེན་ཚོགས་འདུ་རབ་བསྐོངས་ནས།།
ལྐོག་ཤུགས་འགོག་རྐྱེན་ངན་པའི་གཡུལ་ལས་རྒྱལ།།
༧རྒྱལ་དབང་ཀརྨ་མཐའ་ཡས་རྡོ་རྗེ་དང་།།
༧འབྲུག་རྒྱལ་བལ་ཡུལ་སྲིད་བློན་ཆེ་དགུ་དང་།།
མཁན་སྤྲུལ་བླ་མ་བརྒྱ་སྟོང་ཕྲག་གིས་མཆོད།།
ཉིས་འབུམ་དགེ་འདུན་འཚོགས་པའི་རྟེན་འབྲེལ་ཤར།།
སྐྱབས་རྗེ་མཁྱེན་ཀོང་མཆོག་གླིང་ཡབ་སྲས་དང་།།
༧ས་སྐྱའི་མཁན་ཆེན་ཞབས་དྲུང་རྣམ་གསུམ་དང་།།
འབྲུག་འབྲི་སྟག་ལུང་ཤངས་པ་བཀའ་བརྒྱུད་སོགས།།
བན་བོན་རིས་མེད་དཀྱིལ་འཁོར་གཅིག་ཏུ་འཚོགས།།
༧སྐྱབས་རྗེ་འབྲུག་ཆེན་མཁན་ཆེན་བླ་མ་དང་།།
༧སྨིན་གླིང་མཁན་ཆེན་འབྲི་གུང་ཆེ་ཚང་དང་།།
ཤྲྰི་ལངྐ་རྒྱ་བལ་དབྱིན་རིགས་ཀྱིས།།
ཀྃ་ཚང་མྱ་ངན་ཞུ་ཡིག་ཆར་བཞིན་བབས།།
ཐེ་ལན་ཐེ་ཝན་ཧོང་ཀོང་ཉི་ཧོང་སོགས།།
ཆོས་ཚོགས་ཁག་གིས་ཚོགས་བསགས་མཆོད་འབུལ་ཡང་།།
འཛམ་གླིང་ཁྱོན་ཀུན་ཀུན་བཟང་མཆོད་སྤྲིན་ཕུལ།།
དགེ་སྒྲུབ་སྡིག་སྤོང་བསམ་ཡུལ་འདས་པར་མཛད།།
གློ་བུར་མཁའ་ལས་གསེར་འོད་སྣང་བས་ཁྱབ།།
༧ཀུན་གཟིགས་སྐུ་ཕུང་ལོ་བརྒྱད་ཚད་དུ་ཕྱིན།།
ཤིང་བལ་ལྟར་ཡང་མཁན་སྤྲུལ་ཕྱག་གིས་བཏེགས།།
རང་བྱུང་གོས་དཀར་ལྷ་མོས་མཆོད་འབུལ་མངོན།།
གདུང་དུད་བྱང་ནས་གཡས་འཁྱིལ་དགུང་དུ་འཕྱུར།།
སྦྲང་ཆར་ཟིམ་བུ་གོས་རློན་ཙམ་བབས་ནས།།
ཉི་མ་རང་ཤར་འཇའ་འོད་མུ་འཁྱུད་དང་།།
མདུང་ཚུགས་རྩིབས་ཤར་ཟླུམ་འཁྱིལ་བར་སྣང་གང་།།
ལོངས་སྤྱོད་རྫོགས་སྐུར་གྲོལ་བའི་བརྡ་རྟགས་སུ།།
དབུ་ཐོད་རིལ་བཞུགས་ལྷ་སྐུ་རང་བྱུང་དང་།།
རིང་བསྲེལ་ཁ་དོག་སྣ་ཚོགས་མང་དུ་འཕེལ།།
དྲི་ཞིམ་བཟང་པོས་མི་ནུབ་དགོན་པར་ཁྱབ།།
སྐུ་གསུང་རྟེན་སོགས་ཉིད་ལ་དབང་ཀུན།།
དགོན་པར་བཞག་ནས་སྤོང་དག་ཡོངས་མཛད་ནས།།
འབྱུང་འགྱུར་ལུང་བསྟན་སྒྲ་ཚིག་ཕྱག་འཕྲིན་གནང་།།
བདེ་ཆེན་ཞིང་དུ་ཕེབས་པར་ངོ་མཚར་ཆེ།།
སྐུ་ཚེ་གང་བོར་བསྟན་འགྲོའི་དོན་ལ་བརྩོན།།
གསུང་དབྱངས་བདེན་པས་ཆོས་འཁོར་བསྐོར་བ་དང་།།
ཐུགས་རྗེ་མཚུངས་མེད་ཀུན་གཟིགས་སྣང་མཐའ་ཡས།།
བདེ་གནས་བདེ་བར་གཤེགས་པར་ཨེ་མ་ཧོ།།
བདེན་པའི་རང་ཚུགས་ཟིན་པའི་ཆོས་མཆེད་མཆོག།
དྲང་སྲོང་ལམ་དུ་རྒྱུ་བའི་བཟོད་སྒོམ་ཅན།།
རྒྱ་འབྲས་བོད་པའི་འཐབ་རར་མ་ཞུགས་པར།།
ཆོས་བཞིན་སྤྱོད་པའི་བླ་མ་ཁྱེད་ལ་གུས།།
སླར་ཡང་ཡང་སྲིད་ཀུན་གཟིགས་བཅོ་ལྔའི་ཟླ།།
ནམ་ཡང་མི་ནུབ་ཤར་ཕྱོགས་དཔལ་རིའི་ནས།།
མི་འགྱིང་མི་ནུབ་བཀྲ་བའི་གཟི་མདངས་ཅན།།
འོད་དཀར་བསྟན་འགྲོའི་མགོན་དུ་མྱུར་བྱོན་གསོལ།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ཆོས་འཁོར་ཟླ་བའི་དུས་བཟང་ལ་༧ཀུན་གཟིགས་ཞྭ་དམར་མཆོག་གི་གདུང་མཆོད་དགོངས་རྫོགས་ཕུལ་བ་དང་དེ་ལ་རྗེས་དྲན་ཞིག་འབྲི་དགོས་ཞེས་ཆོས་མཆེད་མཁན་སྤྲུལ་དུ་མས་ངོ་དེབ་ལས་བསྐུལ་བ་དང་མཁས་དབང་དྲི་མེད་ལྷག་བསམ་མཆོག་གིས་གསུང་པ་གཞིར་བཞག་ནས་གང་དྲན་དུ་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་དུ་རིག་འཛིན་ཨེ་མ་ཧོས་གུས་པས་བྲིས་པར་དགེའོ།། །།
༧ཀུན་གཟིགས་སྐུ་ཕུང་ལོ་བརྒྱད་ཚད་དུ་ཕྱིན།།
ཤིང་བལ་ལྟར་ཡང་མཁན་སྤྲུལ་ཕྱག་གིས་བཏེགས།།
རང་བྱུང་གོས་དཀར་ལྷ་མོས་མཆོད་འབུལ་མངོན།།
གདུང་དུད་བྱང་ནས་གཡས་འཁྱིལ་དགུང་དུ་འཕྱུར།།
ཞེས་པ་ལ།
ཡང་སྲིད་བལ་ཕྲུག་ནག་རིལ་སྤུ་སོབ་ཅིག །
སྣང་བ་མཐའ་ཡས་ཡིན་པར་ངོས་འཛིན་མེད། །
རང་མེད་མི་མེད་ཀུན་གཟིགས་ཡིད་ཆེས་མེད། །
སྐུ་ཕུང་ལོ་བརྒྱད་ཤིང་བལ་ཡིད་ཆེས་མེད། །
རང་བྱུང་ལྷ་མོས་མཆོད་པའང་ཡིད་ཆེས་མེད། །
རེ་བ་མེད་པའི་ཡང་སྲིད་མྱུར་བྱོན་ཤོག །
ཞྭ་དམར་རྣམ་ཐར་ཚིགས་བཞིའི་དོན་བཞི་ནི། །
བལ་དམག་བོད་ལ་འདྲེན་མཁན་ཞྭ་དམར་རེད། །
གོང་མའི་དགོངས་པ་དཀྲུག་མཁན་ཞྭ་དམར་རེད། །
ལུང་བསྟན་རྫུན་བཟོ་བྱེད་མཁན་ཞྭ་དམར་རེད། །
མཐའ་ཡས་ཀར་རྫུན་བཟོ་མཁན་ཞྭ་དམར་རེད། །
ཞྭ་དམར་མཁོ་མེད་རེ་མེད་རྣམ་ཐར་ལགས། །
ཀ་རྡོ་གཉེར་ཕྱག་ལགས་ལ་ཞུ་བ། ༡༽བལ་དམག་བོད་ལ་འདྲེན་པ་ཞྭ་དམར་པའི་མཛད་པ་ཡིན་ཚུལ་གཞུང་གི་བཤད་སྲོལ་རེད། བཀའ་བརྒྱུད་པའི་དཔའ་བོ་གཙུག་ལག་ཆོས་རྒྱལ། འབྲུག་ཆེན་དཔག་བསམ་དབང་པོ། ཀརྨ་ཆོས་ཀྱི་དབང་ཕྱུག་སོགས་ཀྱིས་གནས་ཚུལ་དེ་བཀའ་བརྒྱུད་པར་གླེང་ལོག་རྫུན་འགེབས་བྱས་པར་འདོད། ད་བར་བཀའ་བརྒྱུད་པས་ཁས་ལེན་གནང་མ་མྱོང་། ཉིད་ཀརྨ་པའི་ཕྱག་གཉེར་མཚན་འཛིན་ཞིག་གིས་ངོས་ལེན་གནང་བ་དེ་ལོ་རྒྱུས་སུ་གྱུར་བ་ཡིན་པས་དགོངས་ཚལ། དེ་ལྟར་ན་བཀའ་བརྒྱུད་གསེར་ཕྲེང་དུ་དམག་སྣ་འདྲེན་མཁན་ཞིག་འདྲེན་དགོས་བྱུང་འདུག་པས་ཅི་བྱ། །
༢༽བོད་ཕྲུག་གི་སྤྲུལ་སྐུ་ཆོག་ན་ནེ་པཱལ་བལ་ཕྲུག་གིས་མི་ཆོག་པའི་ལུང་རིགས་ཅིག་ཀྱང་གསུངས་བར་ཞུ། །