སྤྲུལ་སྐུ་དབང་ཆེན།
ཨ་རིའི་བྱང་ཕྱོགས་ཀཱ་ལི་ཧྥོར་ཉ་ན་བོད་ཀྱི་ནང་པའི་དགོན་པ་ཞིག་ཡོད། དགོན་བདག་ནི་རྙིང་མའི་རིག་སྔགས་འཆང་བའི་བླ་མ་བཟང་པོ་ཞིག་རེད། སློབ་མ་ནི་ཐམས་ཅད་དབྱིན་ཇི་སྔགས་པ་དང་སྔགས་མོ་རྐྱང་ཡིན། ནམ་རྒྱུན་དགོན་པའི་ནང་བཞུགས་མཁན་ཨ་རི་བ་ཕོ་མོ་གཉིས་ཀ་སུམ་ཅུ་ནས་བཞི་བཅུ་བར་ཡོད། མཚམས་མཚམས་སུ་ཕར་འགྲོ་ཚུར་འོང་བྱེད་མཁན་ཡང་ཉུང་ཙམ་ཡོད། དགོན་པ་དེ་ནི་ལྗོན་ཤིང་དང་ནགས་ཚལ་གྱི་རྭ་བས་ཡོངས་སུ་བསྐོར་བའི་དབུས་སུ་སྤང་ཐང་ཡིད་དུ་འོང་བ་ཞིག་གི་མཐིལ་ན་ཆགས་ཡོད། གནས་འདིར་དག་ཙམ་རེ་བཞུགས་ཐུབ་ན་ཞི་གནས་མ་བསྒོམ་ངང་གིས་འགྲུབ་ཅིང་བསམ་གཏན་ལ་བརྟན་ཆ་རེ་ལོས་ཐོབ་བསམ་པ་ཞིག་ཡོད།
འདི་ནས་ཡར་བརྩིས་པའི་ལོ་ངོ་བཅོ་ལྔ་ཙམ་གྱི་གོང་དེར། ཐེངས་གཅིག་དགོན་པ་དེར་བལ་ཡུལ་ནས་སྤྲུལ་སྐུ་ལོ་ཆུང་ཞིག་དང་འབྲུག་ནས་བླ་མ་ཞིག་དེ་བཞིན་རྒྱ་གར་ནས་ཡོང་བའི་མཁན་པོ་ཞིག་དང་གཞན་གྲྭ་བ་ཁ་ཤས་བཅས་མཉམ་འཛོམས་བྱུང་། སྤྱིར་བཏང་དགོན་པའི་ནང་ལ་གྲྭ་བ་གཅིག་ཀྱང་མེད། བླ་སྤྲུལ་རྣམས་དགོན་པ་དེར་ཟླ་བ་ཁ་ཤས་ལ་གནས་སྡོད་བྱས་ཤིང་དེའི་རིང་ལ་གནས་ཚུལ་དགོད་བྲོ་བ་རེ་ཡང་བྱུང་། ཉིན་གཅིག་དགོན་པའི་ལས་ཁུངས་ནང་དུ་ཕྱི་དྲོ་ལས་ཀ་གྲོལ་རྗེས་ལྐོག་ནས་འཁྲིག་སྤྱོད་གློག་བརྙན་ཞིག་ལ་བལྟས། བལྟ་མཁན་ནི་སྤྲུལ་སྐུ་དང་བླ་མ་ད་དུང་གྲྭ་བ་ཁ་ཤས་བཅས་ཡིན། མཁན་པོ་ནི་ལོ་ན་ཅུང་མཐོ་ཙམ་ཡིན་པས་ལྟད་མོ་བལྟ་མཁན་གྱི་གྲལ་ན་མེད། གནས་ཚུལ་དེ་དགོན་པའི་དྲུང་ཡིག་དབྱིན་མོ་ཞིག་ཡོད་པ་དེས་ཧ་གོ །མོའི་ཁྱོ་ཀས་མཐོང་ནས་མོ་ལ་བཤད་པ་རེད་ཟེར། དྲུང་ཡིག་མོས་སྔགས་འཆང་རིན་པོ་ཆེ་ལ་ཞུས། དེའི་ཕྱི་ཉིན་དགོན་པའི་ནང་དུ་བོད་པའི་བླ་སྤྲུལ་མཁན་གསུམ་དང་གྲྭ་བ་རྣམས་ལ་སྔགས་འཆང་རིན་པོ་ཆེས་ཚོགས་འདུ་ཞིག་ཡོད་ཅེས་ཁྱབ་བསྒྲགས་བྱས། དེ་ནས་ཚང་མ་ཚོགས་འདུར་འཛོམས། ཚོགས་འདུ་ལ་རིན་པོ་ཆེའི་སྐུ་ཚབ་དབྱིན་ཇི་བླ་མ་ཞིག་ཕེབས་ཡོད་པ་མ་གཏོགས་རིན་པོ་ཆེ་སྐུ་དངོས་སུ་ཕེབས་མེད།
དབྱིན་བླ་དེ་ལ་དབྱིན་ཇི་སྐད་བསྒྱུར་བ་ཞིག་ཡོད། དང་ཐོག་དབྱིན་བླ་དེས་ང་ལ་རིན་པོ་ཆེས་གསུང་སྐད་ཅིག་བསྐུར་སོང་། གསུང་ཆ་དེ་ཁྱེད་རྣམ་པ་ལ་ཞུ་རུ་སླེབས་པ་ཡིན། དེ་མིན་རང་ལ་ནི་ཇུས་གཏོགས་དང་གཏམ་བཤད་བྱེད་རྒྱུ་ཅི་ཡང་མེད་ཅེས་ལབ། རིན་པོ་ཆེའི་གསུང་ཆ་དེ་ནི་འདི་ལྟར། ཁ་སང་དགོང་མོ་ཁྱེད་རྣམ་པས་དགོན་པའི་ནང་ལོགས་ནས་འཁྲིགས་སྤྱོད་ཀྱི་ལྟད་མོ་བཙོག་པ་ལ་ལྟ་གྱིན་འདུག་ཟེར། གལ་ཏེ་གནས་ཚུལ་དེ་བདེན་པ་ཡིན་ན་དཔེ་སྡུག་ཅག་རེད། འདི་ནི་ནང་པ་སངས་རྒྱས་པའི་དགོན་པ་ཞིག་རེད། ཆོས་སྒྲུབ་ས་ཤིག་རེད་མ་གཏོགས་བྱ་བ་མི་ལེགས་པ་དེ་འདྲ་བྱེད་ས་མ་རེད། ཁྱེད་རྣམ་པ་མཁན་པོ་དང་སྤྲུལ་སྐུ་དེ་བཞིན་བླ་མ་གྲྭ་བ་བཅས་ཚང་མ་དགེ་ཚུལ་སློང་ཤ་སྟག་རེད། ཕྱིན་ཆད་གནས་ཚུལ་འདི་རིགས་མིི་འབྱུང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན་ཞེས་རིན་པོ་ཆེས་གསུང་ཆ་དེ་སྦ་གསང་མེད་པར་བཤད། མཚམས་དེར་མཁན་པོ་ལགས་ནི་གཡག་རྒན་ཞིག་གི་རྭ་ལ་རྡོ་བརྒྱབ་པ་ནང་བཞིན་མོག་འཐོམ་འཐོམ་དུ་གྱུར། ཕར་བལྟ་ཚུར་བལྟ་བྱས་ནས་སྤྱན་མིག་ཟུམ་ཟུམ་ངང་བསམ་བློ་ཞིག་གཏོང་གྱིན་ཡོད་པ་ཤེས། སྤྲུལ་སྐུ་དེས་སྐད་ངག་ཤུབ་ཤུབ་ཅིག་གི་ངང་ནས་གཏམ་ཁ་ཤས་ཤིག་བཤད་ཁུལ་བྱས།
ང་རང་བལ་ཡུལ་དུ་བླ་མ་ཆེ་གེ་མོའི་རྩར་དགོན་པ་ག་གེ་མོའི་ནང་ལ་བསྡད་མྱོང་ཡང་། ཉིན་གཅིག་ལའང་ཚོགས་འདུ་དེ་འདྲ་རག་མ་མྱོང་ཟེར། དེ་མིན་འབྲུག་པ་བླ་མ་དང་གྲྭ་བ་གཞན་རྣམས་ནི་ངོ་གདོང་དམར་པོར་ཆགས་ཏེ་ངག་བཅད་བྱས་ནས་བཞུགས་པ་མ་གཏོགས་སྐད་ཆ་ཚིག་གཅིག་ཤོད་མ་ཐུབ། སྐབས་དེར་མཁན་པོས་ཅི་ཞིག་རྟོགས་སོང་བ་བཞིན་སྐད་གསང་མཐོན་པོའི་ངང་ནས། དབྱིན་བླ་དེ་ལ་འདི་ལྟར། ལྟད་མོ་དེ་རྣམས་ལྟ་ཡ་ལ་བཟོས་པ་མ་རེད་པས་ཞེས་སྐད་ཆ་དྲིས། དེ་ལ་དབྱིན་བླ་དེས་རེད་ལགས་ཡིན་ནའང་རིན་པོ་ཆེས་དགོན་པ་ནང་ནས་ལྟད་མོ་དེ་འདྲ་བལྟས་ན་ཡག་པོ་ཡོད་མ་རེད་ཅེས་གསུང་སོང་ཞེས་ལན་བཏབ། མཁན་པོས་ཧོར་འདུག་ཅིག་བྱས་ནས་གད་མོ་དགོད་བཞིན་དུ། འོ་རེད། དེས་ན་དགོན་པ་ནང་ནས་དངོས་སུ་འཁྲིགས་པ་སྤྱོད་ན་ག་འདྲ་ཡོད་རེད། རིན་པོ་ཆེས་དགོན་པའི་ནང་ན་འཁྲིགས་པ་སྤྱོད་ཀྱི་ཡོད་རེད་པས། ཁྱེད་རང་གིས་དགོན་ནང་ན་འཁྲིགས་པ་སྤྱོད་ཀྱི་ཡོད་དམ། ཞེས་དྲིས་པ་ན། དབྱིན་བླ་དེ་དག་ཙམ་སྟབས་མ་བདེ་བའི་ངང་ནས་ལགས་ཡོད་རེད་ཡོད་ལགས་ཞེས་ལན་བཏབ།
དེ་ལ་མཁན་པོས་ཡང་སྐྱར་ཁྱོད་ཚོས་དགོན་པ་ནང་ནས་དངོས་སུ་འཁྲིགས་སྤྱོད་བྱས་ན་བཙོག་པ་དང་མི་ལེགས་པ་མེད་ན། ང་ཚོས་གཟུགས་བརྙན་ཞིག་ལ་བལྟས་པ་ཙམ་གྱིས་དེ་འདྲ་ཉེས་པ་ཆེན་པོ་དང་ཡག་པོ་མེད་པ་ཞིག་ཡིན་པའི་རྒྱུ་མཚན་ཅིའི་ཕྱིར་ཡིན། ལྟད་མོ་བལྟས་པ་ཡིན་ང་ཚོ་ཚང་མས་བལྟས་པ་ཡིན། ལྟ་ཟེར་མཁན་ང་ཡིན། ལྟད་མོ་དེ་རྣམས་ཚང་མ་ཁྱོད་ཚོ་ཨ་རི་བས་བཟོས་པ་རྐྱང་རེད། ང་ཚོ་ཨ་རི་ལ་སླེབས་དུས་ཨ་རིའི་ལྟད་མོ་ལོས་ལྟ། དགོན་ནང་ནས་རྒྱོ་བརྒྱབ་ཆོག་ན་ལྟད་མོ་བལྟ་མི་ཆོག་པའི་ཁྲིམས་དེ་སུས་བཟོས་པ་རེད་ཅེས་གསུང་པས། དབྱིན་བླ་དེ་ཧ་ལས་ཤིང་ཡིད་ཙམ་ལ་སྐད་ཆ་ཡང་མི་ཐོན་པར་བསྡད། དེ་ནས་དབྱིན་བླ་དེས་ལགས་སོ་ལགས་སོ། ང་ལ་རིན་པོ་ཆེས་གསུང་ཆ་བསྐུར་བ་ཙམ་མ་གཏོགས་གཞན་ཅི་ཡང་ཧ་མི་གོ་ཞེས་མིག་གཉིས་ཧྲིག་གེར་ཐད་ཀའི་རྡོར་སེམས་ཡབ་ཡུམ་གྱི་ཐང་ག་ཅིག་ཡོད་པ་དེ་ལ་ཅེར་ནས་བསྡད། དེ་ནས་མཁན་པོས་སྐད་ངག་ལྷོད་པོའི་ངང་ནས། ཡ་ཡ་འོ་ན། ད་ཁྱེད་ཕར་ཕེབས་ནས་རིན་པོ་ཆེ་ལ་འདི་ལྟར་ཞུ་རོགས་གནང་། དགོན་པའི་ནང་དུ་དགོན་བདག་གི་དབུ་བྱས་ནས་དངོས་སུ་འཁྲིགས་སྤྱོད་བྱེད་ཆོག་ན། ང་ཚོ་གནས་སྐབས་ཀྱི་མགྲོན་པོ་ཁ་ཤས་ཀྱིས་འཁྲིག་སྤྱོད་གློག་བརྙན་ཞིག་ལ་བལྟ་མི་ཆོག་པ་ག་རེ་ཡིན་ནམ། གལ་ཏེ་རིན་པོ་ཆེའི་ཐུགས་ལ་ཕོག་པ་ཡིན་ན། ང་ཚོ་ཚང་མ་ཡར་རིན་པོ་ཆེའི་སྐུ་མདུན་ལ་བཅར་ནས་ལྷ་དགོངས་དྭངས་ཐབས་ལ་འབད་ཆོག །དེ་མིན་ང་ཚོས་འཁྲིགས་སྤྱོད་ཀྱི་ལྟད་མོ་རེ་བལྟ་ཡ་ཙམ་མ་གཏོགས་དངོས་སུ་འཁྲིག་སྤྱོད་བྱེད་པའི་སྔགས་ལམ་ལ་ནི་ཞུགས་འདོད་མེད་ཅེས་ཞུ་རོགས་མཛོད་ཅེས་དབྱིན་བླ་ཕར་རིན་པོ་ཆེའི་སྐུ་མདུན་ལ་བརྫངས་སོ། །
༠༧/༣༡/༢༠༡༣
ཧཧཧཧཧཧ
མཁན་པོ་དེ་སུ་ཡིན་ནམ།
སྒྲུང་སྙན་པོ་བྱུང་། ཁྲིག་སྤྱོད་རང་བཞིན་གྱིས་འབྱུང་བ་ཞེག་ཡིན་པས། ཡ་རབས་ཅན་ཁྱིམ་པའི་ཀྱི་ཕ་མ་གཉིས་ཀྱིས་འཁྲིག་པ་སྥྱོད་ཀྱང་། དེ་
འདྲ་བའི་གློག་བརྙན་ལ་མི་ལྟ་བས། མཁན་པོ་དེའི་གསུང་ལ་རྒྱབ་སྐྱོར་བྱེད་པོ་དང་། དེ་ལ་ངོ་རྒོལ་བྱེད་མཁན་མང་ཉུང་ཇི་ལྟར་འདུག་གཟིགས་དགོས་སོ།
ཧ་ཧ་ཧ། དངོས་གནས་ད་ལབ་འདུག་སྤྲུལ་སྐུ་དེ་དབང་ཆེན་ཁྱེད་རང་མ་རེད་དམ་!!! ངོ་མ་ངོ་ཚ་ཉོས་ཡོད་པ་འདྲ་ཧཧཧ
འཁྲིག་པ་སྤྱོད་པ། ཉེས་པར་དགོངས་ན། སེམས་ཅན་ཁམས་རྣམས་སྟོང་པར་འགྱུར་བས། རེ་ཞིག ང་ཚོ་ཚང་མས། འཁྲིག་པ་སྤྱོད་དོ།
ཆོས་ཁྲིམས་མེད་ས་ལ་སྐྱག་ཁྲིམས། ཨ་རི་བ་འདི་ཚོ་ཇུས་གཏོགས་ཚ་བ་དཔེ་ཡོད།
གད་མོ་ཤོར་བའི་སྒྲུང་ཞིག་འདུག ཆགས་སྤྱོད་ཀྱི་ལྟད་མོ་ལ་ལྟ་འདོད་མེད་མཁན་ཞིག་དཀོན་པོ་ཡིན་ནམ་སྙམ། གང་ཡིན་ཅེས་ན་དེ་ལ་མི་དགའ་བ་ཞིག་ཡོད་དམ། དྲྭ་གྲོགས་ཚོ་ལགས། ནམ་ཡང་སྤང་མི་ཐུབ་པའི་འདོད་པའི་སྲེད་པ་གསུམ་རེ་རེ་ནས་གསུངས་རོགས་ཞུ།
ཧ་ཧ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ བོད་པའི་དགོན་པར་མཚན་མཐུན་ཆགས་སྤྱོད་ཤིན་ཏུ་དར་ཁྱབ་ཆེན་པོ་ཡོད་བཟོ་འདུག་ག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ལོ་བཅུ་ཕྲག་གཅིག་གི་གོང་ལ་ང་རང་ཆོས་ཚོགས་གཅིག་གི་དགེ་རྒན་བྱས་ནས་བསྡད་དུས། བོད་པ་ཁ་ཤས་ཤིག་དང་མཉམ་དུ་དགོང་ཟས་ཚར་ནས་རྒྱ་གར་གྱི་གློག་བརྙན་ཞིག་ལ་ལྟ་སྐབས། ཆོས་ཚོགས་རང་དུ་གནས་སྡོད་བྱེད་མཁན་ཨ་རིའི་བུ་མོ་ཞིག་ཡོད་པ་དེ་སླེབས་སོང་། ངས་མོ་ལ་ཨོ་ཁྱེད་རང་སླེབས་པ་ཡག་པོ་རེད། ང་ཚོའི་མཉམ་དུ་གློག་བརྙན་ལ་བལྟ་ཞེ་ཟེར་བ་ཡིན། མོས་སྐར་ཆ་ཁ་ཤས་ལ་ལྟོས་ནས་འཐབ་འཛིངས་བྱེད་པ་ལ་ལྟ་རྒྱུ་དགའ་བོ་ཡེ་ནས་མེད་ཟེར་ནས་འགྲོ་སོང་། དེའི་ཕྱི་ཉིན་དེར་མོས་ཆོས་ཚོགས་ཀྱི་འགན་འཛིན་ལ་ཞུ་གཏུགས་བྱས་འདུག ཆོས་ཚོགས་རང་དུ་འཐབ་འཛིངས་ཅན་གྱི་གློག་བརྙན་ལ་ལྟོས་ན་ཡག་པོ་མི་འདུག་ཅེས་བརྗོད་འདུག འགན་འཛིན་གྱིས་མོས་ཞུས་གཏུགས་བྱས་པ་ཚང་མ་ང་ལ་བརྗོད་སོང་། ངས་འགན་འཛིན་ལ་མོ་རང་ངའི་སྡོད་གནས་སུ་མཚན་མོ་ཡོང་བའི་རྒྱུ་མཚན་གང་རེད་ཅེས་བྲིས་པ་ཡིན། །
ངན་སྐྱུག་ཁྲོམ་པ་སུ་ཞིག་་་་་་་་་་་
གཞན་གྱིས་ཉེས་པ་བསགས་ན་ངས་ཀྱང་ཉེས་པ་བསགས་དགོས་ཟེར་བ་ལ་རྒྱུ་མཚན་ཅི་འདུག་ཧ་ཧ་ཧ་ཧ་ཧ་བགད་མོ་ཤོར་ཡ་རང་རེད། མ་གཞི་མཁན་པོ་ཟེར་ན། མ་མཐའ་དམ་པའི་ཆོས་འདུལ་བ་ལ་མཁས་པ་ཅིག་དགོས་རེད། ཆགས་སྤྱོད་གློག་བརྙན་བལྟ་རྒྱུའི་ཐོབ་ཐང་རྩོད་མཁན་གྱི་མཁན་པོ་འདི་ཚོས་ད་དུང་སྤྱང་མདོག་ཁྲབ་གྱིན་འདུག འདིའི་རིགས་ངན་པ་རྒྱ་ཡན་དུ་གཏང་ཁྱོན་ནས་མི་ཉན། ཡིན་ན་ཡང་ཅིག་བྱས་ན་འདི་སྤྲུལ་སྐུ་དབང་ཆེན་ཞེས་པའི་མིང་བརྫུན་འོག་གི་སྤྲུལ་བརྫུན་ཁོ་རང་ཡིན་སྲིད།
ད་དགོན་བདག་བླ་མས་འཁྲིགས་བྱེད་ཆོག་དུས། དགོན་འདབས་གྲྭ་པས་གློག་བརྙན་ཙམ་ལ་ཅིའི་ཕྱིར་ལྟ་མི་ཆོག དགོན་ནང་ཆོས་ཁྲིམས་ཡོད་ན་གཅིག་ལོས་ཡིན།
ཧཧཧཧ། འཇིག་རྟེན་ན་གནས་ཚུལ་ཁྱད་མཚར་པོ་འདི་འདྲ་འདུག
བོད་པས་བཤད་སྲོལ་ལ་བླ་མས་གང་བྱས་མཛད་པ། གྲྭ་པས་གང་བྱས་བཀུར་ཚིགས།
ཞེས་པ་ལྟར་མ་རེད་དམ།
དང་པོ་ང་ཚོའི་ངོས་ནས་ཕྱིའི་མི་ལ་བསམ་བློ་སྔོན་ལ་གཏང་ནས་གཟབ་གཟབ་བྱེད་ནས་འགྲེལ་བཤད་རྒྱབ་རྒྱུ་དེ་གལ་ཆེན་པོ་མཐོང། དཔེར་ན་ང་ཚོ་ནང་པས་ ཐ་མག་མི་ཐེན་ ཆང་མི་འཐུང་ ཤ་མི་ཟ་ རྐུ་མི་བྱེད་ རྐྱག་རྫུན་མི་བཤད་ ཟེ་བ་ལ་སོགས་ དངོས་གནས་བཤད་ན་དེ་ཚོའི་རིགས་ངེ་ཚང་ལ་ཡོད་ནི་རེད་ ཡིན་ན་འང་མི་རིགས་གཞན་དང་སྡུར་ན་ང་ཚོ་ལ་དེ་རིགས་ཉུང་ནི་རེད། དང་པོ་དགོན་པའི་ནང་དུ་འཁྲིག་སྤྱོད་གློག་བརྙན་ལྟ་མི་ཆོག་ཟེར་མཁན་ཡང་ང་རང་ཚོ་རེད་ ལྟ་མཁན་ཡང་ང་རང་ཚོ་ དེ་ལས་ཆོག་དང་མི་ཆོག་དེ་ཉུང་ཙམ་བཤད་ན་བཟང། འདི་ནི་ང་ཡི་བསམ་ཚུལ་ཙམ་ཡིན་པས་གལ་ས྄རིད་ཐུགས་མཚམས་པ་འདྲ་བྱུང་ན་དགོང་འགལ་མེད་པ་ཞུ།
སྔགས་པ་ཆགས་པ་ལམ་འཁྱེར་བྱེད་པ་ལ་ཁ་གཡར་ཏེ་རབ་བྱུང་གིས་དབང་པོའི་སྒོ་བསྡམ་དགོས་དོན་མིན་འདུག་ཟེར་བ་བཅོམ་ལྡན་འདས་ལ་ཧམ་བཤད་བྱེད་པ་གཉིས་སུ་མ་མཆིས།
འཁྲིག་སྤྱོད་བལྟ་ན་ཡག་པོ་འདུག་དང་ དང་པོ་དྲན་པའི་དབང་པོ་ལང་ཀྱང་ཏོག་ཙམ་ནས་ཞེན་པ་ལོག་ནས་གླིག་པ་གཉེད་ཁུག་འདུག། ཧ ཧ ཧ། མ་གཞི་ནས་སྔགས་ཀྱི་སྐུ་ཐང་དེ་ཚོ་གཟིགས་དང་ཅིག་པ་རེད་། ནང་གི་ཉམས་ལེན་ནི་སུ་ཤེས། ཏི་ལོ་དང་མར་པ་སོགས་བཞིན་ནོ།
རང་གི་ཕ་མ་གཉིས་ཀྱིས་འཁྲིག་སྤྱོད་བྱེད་ས་ལ་བུས་ནང་དུ་ཕ་མ་ཡོད་སར་འ྄ཁྲིག་སྤྱོད་ལྟད་མོ་ལྟ་བ་མ་འོས་པ་ག་ལ་ཡིན། འཇིག་རྟེན་མི་ཡུལ་ལ་ཡ་རབས་མ་རབས་ཟེར་བ་གང་ཡང་མེད་པ་འདྲ། གནས་དང་གནས་མ་ཡིན་པ་ཟེར་བ་ཡང་ག་ལ་ཡོད།