སྐྱོ་བྲག་དགའ་དབང་།
འགྲོ་བ་མིའི་སེམས་ཁམས་ནི། འཇིག་རྟེན་གྱི་ཁ་དཔེར། མི་ཟེར་ན་རྣམ་རྟོག་གི་ཕུང་པོ་རེད། བྱ་ཟེར་ན་སྒྲོ་ཡི་ཕུང་པོ་རེད། ཟེར་སྲོལ་ཡོད་པ་བཞིན་རྣམ་རྟོག་གི་ཕུང་པོ་ཡིན་ཕྱིར། ཤེས་བྱ་སྣ་ཚོགས་ཤིག་ཡོད་དགོས་འདུག་ལ། ཆོས་ལུགས་སྣ་མང་ཡང་བྱུང་བ་རེད།
ང་ཚོ་བོད་ཡུལ་པ་རྣམས་ནི་གཙོ་བོ་ནང་ཆོས་ཀྱིས་སེམས་ཁམས་དབང་སྒྱུར་བྱས་ཤིང་། རི་གྲོང་ཕལ་མོ་ཆེ་ལ་དགོན་པ་རེ་ཡོད་པའང་། གྲོང་ཆུང་ལྟག་གི་དགོན་ཆུང་དེ། མེ་ཏོག་ཕོག་པའི་ལྷ་སྐལ་ཡིན། ཟེར་སྲོལ་ཡོད་པ་བཞིན་དོན་ལའང་གནས་པ་སྟེ། ཆོས་དགེ་བའི་ཉམས་ལེན་བྱེད་ས་ཙམ་དུ་མ་ཟད། ཡུལ་སྤྱི་པའི་སྐྱིད་ན་ཐུགས་སྤྲོ་གཏོང་ས་དང། སྡུག་ན་སྨྲེ་ངག་འདོན་ས། ན་ན་སྐུ་རིམ་སྒྲུབ་ས། ཤི་ན་གཤིན་ཆོག་བྱ་ས་སོགས་ཀྱང་ཡིན་པ་རེད།
ཤི་དགེ་གསོན་རིམ་གྱི་ལག་ལེན་འགའ་རེ་ཆོ་མེད་འདྲ་བར་སྣང་ནའང་། རྣམ་རྟོག་གཏོ་བཅོས་ལའང་སྨན་རྫས་ཀྱི་ནུས་པ་བཞིན། ང་ལ་མ་ཕན་ནའང་ཁོ་ལ་ཕན་པ། ཁ་རྩང་མ་ཕན་ནའང་དེ་རིང་ཕན་པ་ལྟ་བུའི་མངོན་སུམ་གྱི་མྱོང་བ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་གནའ་ནས་ད་བར་དུ་གནས་ཐུབ་པ་བྱུང་བ་རེད། ཅི་སྟེ་རྟོག་སད་པ་དག་གིས་བཤད་པ་བཞིན་ཕན་ཐོགས་རྩ་བ་ནས་མེད་པ་ཞིག་ཡིན་ན་རྒྱུན་གནས་ཡོང་གི་མ་རེད། གང་ཡིན་ཞེ་ན། མི་ཚང་མ་ལྐུགས་པ་ཁོ་ནར་མིན་པས། ང་ཁྱོད་སུ་ལའང་ཕན་ཐོགས་མེད་པའི་ལས་ཀ་ནི་ག་ལེར་འཇོག་ཤོག་གི་རེད། དེ་ལས་མི་ཚང་མ་ང་འདྲ་བ་རེད་ལ། མི་ཚང་མས་ང་ལྟར་དུ་བྱ་དགོས་པ་རེད། ཟེར་བ་ནི་ཅི་འདྲའི་ལྐུགས་པ་ཞིག་རེད་ཨང་།
གང་ལྟར་དགོན་པའི་སྟངས་འཛིན་སེར་མོ་བས་བྱེད་ཀྱིན་ཡོད་ནའང་། དགོན་པའི་བདག་པོ་ངོ་མ་ནི་ཡུལ་པ་སྤྱི་ཡིན་པ་ལས་གང་ཟག་ཁ་ཤས་ཤིག་ལ་དབང་བ་ཞིག་མིན་ཕྱིར། སྤྱི་པའི་འདོད་མོས་ལྟར་བདག་སྐྱོང་བྱ་འོས་པ་ལས་སོ་སོའི་རང་སྣང་གང་ཤར་བྱས་ན་ག་ལ་འགྲིག །
དིང་སང་དགོན་པའི་ལས་སྣེར་གཏོགས་པ་ཅོལ་ཆུང་འགའ་རེས། སྒོར་མོ་གང་འཚམས་རེ་ཐོབ་ཅིང་། ད་དུང་ཡང་མི་ཉུང་བ་འཐོབ་པའི་རེ་བས། རྒྱ་རྒན་མ་འབྱོར་ལྡན་འགའ་རེ། གྲྭ་དམངས་ཀྱི་གོང་གི་ཁྲི་ཐོག་ལ་བཞག་པའི་ཉེར་ལེན་ལ་བརྟེན་ནས། རྒྱ་མོ་ལ་སྒོར་ཡོད་ན་དགོན་པའི་ཁྲི་ལ་བདག་པོ་མེད། ཟེར་བས་ཕྱི་ནང་ཡོངས་ལ་ཁྱབ་ཀྱིན་གདའ།
གནས་ཚུལ་འདི་ཚོས་ཕན་ཐོགས་པ་ནི་ཆེས་དཀའ་བ་སྟེ། དཔལ་འབྱོར་གྱིས་དགོན་པ་སྟོང་སོང་བ་ནི། འཛམ་གླིང་ཤར་ནུབ་ཀུན་ལ་ཆེས་མང་ཞིང་། དཔལ་འབྱོར་གྱིས་དགོན་པ་བསྐྱབས་ཡོང་བ་ནི་སྲིད་མཐའ་ཙམ་རེད། གནོད་པ་ནི་ཧ་ཅང་ཆེ་བ་སྟེ། སྤྱི་ཚོགས་ཀྱི་མཐོང་སྣང་ལ་དགོན་པ་ཆོ་མེད་དུ་སོངས་ཏེ། མྱུར་དུ་ཉམས་པའི་རྐྱེན་རྩ་བྱེད་ཀྱིན་འདུག །
གལ་ཏེ་དགོན་པ་ཉམས་པར་གྱུར་ན་ནི་རང་ཡུལ་གྱི་བུ་རབས་ཚ་རྒྱུད་ཀྱི་སེམས་གསོའི་ཤེས་བྱའི་བསྟི་གནས་ཤིག་མེད་སོང་བ་ཡིན་པས། འདིའི་ཐད་སྡེ་དགོན་སྤྱིས་སེམས་ཁུར་བྱས་ཏེ། ལེགས་སྤེལ་ཉེས་འགོག་བྱ་གལ་ཆེ་བ་ཡིན། དཔེར་ན། སེམས་པ་དུས་ཐུང་རེའི་སྐྱིད་པོ་ཡོང་རེས་ཀྱང། འཁྲབ་སྟོན་ཁང་དང་། གློག་བརྙན་ཁང་སོགས་ལ་སྒོར་མོ་མང་ཐག་ཆོད་རེ་སྤྲད་ནས་འགྲོ་བཞིན་ཡོད་ན། མི་རབས་ཚ་རྒྱུད་ཀྱི་སྐྱིད་སྡུག་གང་གི་སྐབས་ནའང་སེམས་གསོ་བྱ་ཐུབ་པའི་ཆོས་རིག་གཞུང་ལ་ཐུན་མོང་གིས་དོ་སྣང་བྱ་དགོས་པ་ནི་སྨོས་མེད་ཡིན་ནོ། །