གཡག་རྫི། (རྫོང་སར།)
ཐོག་མའི་སྐད་ཆ།
སངས་རྒྱས་ལ་ཕྱག་འཚལ་ལོ། །ད་ལོ་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོ་ཡོངས་སུ་མྱ་ངན་ལས་ནས་མི་ལོ་དྲུག་བརྒྱ་འཁོར་བའི་དུས་དྲན་“རྒྱལ་སྤྱིའི་ཙོང་ཁ་པའི་ལོ་’’སྲུང་བརྩི་ཞུ་བཞིན་པའི་ཆ་ཤས་སུ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸ཀིརྟི་སྐྱབས་མགོན་རིན་པོ་ཆེའི་བླ་ན་མེད་པའི་ཐུགས་བསྐྱེད་འོག་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དང་། ཀིརྟིའི་དགེ་རྩ་ཚོགས་པ་ཐུན་མོང་ནས་བཀོད་སྒྲིག་གནང་བ་ལྟར། <གཞོན་ནུ་ཕོ་མོ་སུ་ཞིག་རབ་ཏུ་བྱུང་བའི་ཉིན་མོ་ནས་བཟུང་ཚེ་འདིའི་མི་ཚེའི་མདུན་ལམ་དང་གཏན་གྱི་མདུན་ལམ་ཇི་ལྟ་བུ་ཞིག་ཏུ་གཏན་ཁེལ་ཟིན་པའིི་ངོས་འཛིན་གསལ་པོ་ཡོང་བའི་བསམ་བློའི་སློབ་གསོ་སྤྲོད་སྟངས་>ཞེས་པའི་བརྗོད་གཞིའི་བགྲོ་གླེང་གི་ཆ་ཤས་སུ་བདག་གི་བསམ་ཚུལ་ཉུང་ཉུང་ཞིག་འབུལ་རྒྱུ་ཡིན།
དེ་ཡང་རབ་ཏུ་བྱུང་བ་དག་གི་མི་ཚེ་ལེགས་ལམ་དུ་ཇི་ལྟར་དཀྲི་བའི་ཐབས་ལམ་གྱི་སྐོར་ལ་བསམ་གཞིགས་བྱ་རྒྱུ་ནི་རབ་བྱུང་ཕོ་མོ་རྒན་དར་གཞོན་གསུམ་ཐམས་ཅད་དང་། དགོན་སྡེའི་དབང་འཛིན་པ། བླ་མ། སྤྲུལ་སྐུ། མཁན་པོ། དགེ་བཤེས་སོགས་མདོར་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། ལྷག་པར་དུ་སེར་མོ་བའི་སྤྱི་ཚོགས་དང་དམ་ཆོས་འདུལ་བའི་བསྟན་པ་ལ་ཤ་ཞེན་ཡོད་མཁན་དང་། དགའ་མོས་བྱེད་ཤེས་མཁན་ཐམས་ཅད་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཅིས་ཀྱང་འདོར་དུ་མི་རུང་བ་ཞིག་ཡིན་པར་ངོས་འཛིན་གྱི་ཡོད། དུས་རབས་ཉེར་གཅིག་པ་འདིར་དཔལ་འབྱོར་འཕེལ་རྒྱས་དང་། ཚན་རིག་ཡར་ཐོན། ཐོབ་ཐང་འགྲན་རྩོད་སོགས་ཀྱི་རྙོག་འཛིངས་ཆེ་བའི་སྤྱི་ཚོགས་འདིའི་ཁྲོད་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་དགོན་སྡེའི་སྤྱི་ཚོགས་དང་རབ་ཏུ་བྱུང་བའི་སྡེ་ལ་རག་ལས་པས་ད་ལྟའི་དུས་སུ་ང་ཚོ་རང་ཉིད་ནས་མགོ་བརྩམས་ཏེ་ཁ་ཚ་དགོས་གཏུགས་ཀྱིས་མ་གླེང་ཀ་མེད་དེ་བོད་ཀྱི་རབ་བྱུང་བའི་སྡེའི་ལས་དབང་དང་མདུན་ལམ་ཡིན་པར་འདོད། དེས་ན་འདིར་དགོན་སྡེའི་སྟོང་ཆ་དང་ལེགས་བཅོས་བཅས་དོན་ཚན་གཉིས་ཀྱི་ཐོག་ནས་དེའི་སྐོར་ལ་བསམ་གཞིགས་བྱ་ན་སྙམ།
ཐོག་མར་དེ་རིང་གི་ང་ཚོའི་མིག་སྔར་ཡོད་པའི་དགོན་སྡེ་དག་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་དངོས་ཐོག་བདེན་འཚོལ་གྱིས་འཚོལ་ཞིབ་ཡང་དག་པ་ཞིག་བྱས་ཏེ་དེར་ལེགས་སྤེལ་ཉེས་འགོག་གིས་བོད་ཀྱི་དགོན་སྡེའི་སློབ་གསོ་དང་ཤེས་ཡོན་ལམ་ལུགས་ཀྱི་ཁོར་ཡུག་དང་རབ་བྱུང་བའི་མི་ཚེ་ལ་གོ་བ་ཡང་དག་ཅིག་བླངས་ཏེ་བོད་ཀྱི་དགོན་པ་དང་རབ་བྱུང་བའི་སྡེ་རྒྱུན་འཁྱོང་ཡོང་ཐབས་ལ་འབད་དགོས་པར་འདོད།
དང་པོ་དགོན་སྡེའི་ལམ་ལུགས་ཀྱི་སྟོང་ཆ།
༡) དགེ་རྒན་དང་སློབ་ཁྲིད་ལམ་ལུགས་ཀྱི་སྟོང་ཆ།
སྤྱིར་བོད་ཀྱི་དགོན་སྡེ་ཁག་དང་དེ་རིང་གི་ང་ཚོའི་ཁོར་ཡུག་(བཙན་བྱོལ་ནང་)ན་མཐོང་བཞིན་པའི་བོད་ཀྱི་དགོན་པ་དག་ནི་བོད་བརྒྱུད་ནང་བསྟན་ནམ་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་གནས་སའི་གཞི་ལྟ་བུ་ཡིན་ཞེས་བཤད་དགོས་པར་འདོད། དགོན་པ་དེ་དག་གི་ན་བཞུགས་པའི་བླ་སྤྲུལ་མཁན་གསུམ་གྱིས་གཙོས་པའི་དགེ་འདུན་གྱི་སྡེ་ནི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་ཟེར་བ་དེར་ངོས་འཛིན་བྱེད་དགོས་པ་ལས་གཞན་དུ་བསྟན་འཛིན་གྱི་སྐྱེས་བུ་ཟེར་བ་ཞིག་གང་དུ་འཚོལ་ཨང་།
དེས་ན་འདས་པའི་དགོན་སྡེ་དང་རབ་བྱུང་བའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཕྱིར་རྟོག་གིས་ལེགས་ཆ་བླངས་ཏེ། ད་ལྟའི་ གནས་བབ་ལ་རྟོག་ཞིབ་ཡང་དག་པ་ཞིག་བགྱིས་ནས། མ་འོངས་པའི་མདུན་ལམ་འཚོལ་དགོས་ཞེས་ཀུན་གྱིས་བཤད་བཞིན་པ་འདི་རེད། འདིར་བཙན་བྱོལ་(རྒྱ་བལ་འབྲུག་གསུམ་)ནང་དུ་ཡོད་པའི་དགོན་པ་ཁག་གཞི་ལ་བཞག་ནས་བཤད་ན་དེ་རིང་གི་དགོན་སྡེ་ཁག་གི་ནང་དུ་བཞུགས་པའི་དགེ་འདུན་པའི་སྡེ་རྣམས་ལོ་རེ་ནས་ལོ་རེ་བཞིན་གྲངས་ཀ་ཇེ་ཉུང་དང་སྤུས་ཀ་ཇེ་ཞན་ཡིན་པའི་སྣང་ཚུལ་ཞིག་ངང་གིས་མངོན་ཡོང་གི་འདུག །
ད་ཡོད་བོད་ཀྱི་དགོན་པ་མང་ཆེ་བ་ཞིག་གི་ནང་དུ་ཕྱོགས་ཡོངས་ནས་མ་ལག་ཚང་བའི་གནའ་དེང་གང་གི་ཤེས་ཡོན་གྱི་གཞི་རྩ་བརྟན་པོ་ཞིག་ཚུགས་མེད་པ་དང་། ཤེས་ཡོན་གྱི་གཞི་ཅུང་ཙམ་ཡོད་མཁན་དག་གི་ནང་དུ་ཡོད་པའི་དགེ་འདུན་པ་མང་པོ་ཞིག་མི་ཚེ་དགོན་པར་བསྡད་ཀྱང་ཤེས་ཡོན་གྱིས་མ་འདང་བ་དང་། ཀུན་སྤྱོད་ཀྱིས་མ་འདང་བ། སློབ་སྦྱོང་གི་གྲུབ་འབྲས་མ་ལོན་པ་སོགས་མང་པོ་ཡོང་གི་ཡོད་པ་རེད།
བོད་ཀྱི་དགོན་པ་མང་ཆེ་བར་ཆོས་ལུགས་རིག་གནས་ཀྱི་རྨང་གཞི་སྤུས་དག་ཅིག་བཙུགས་ཐུབ་མེད་པ་ནི་གཙོ་བོ་དགེ་རྒན་གྱི་སྤུས་ཚད་དང་སློབ་ཁྲིད་ཀྱི་བཟང་ངན་ལ་འབྲེལ་བ་ཡོད་པར་འདོད། ལྷག་པར་དེང་སྐབས་དགོན་པ་ཁག་གི་ནང་དུ་དགེ་རྒན་གྱི་ཚད་གཞི་སྐྱོ་རུ་ཕྱིན་ཅིང་སློབ་ཁྲིད་ཀྱི་ཐབས་ལམ་སྡུག་ཏུ་འགྲོ་བཞིན་ཡོད་པར་སེམས། གཅིག་ནས་སློབ་སྦྱོང་གི་ཚད་མ་ལོང་ན་ཡང་དགེ་རྒན་གྱི་ལས་ཀར་ཞུགས་རྒྱུར་འདོད་པ་ཡོད་མཁན་མང་བ་དང་། གཉིས་ནས་སློབ་གསོའི་ལག་ལེན་དང་སློབ་ཁྲིད་ཀྱི་ཉམས་མྱོང་སོགས་གང་ཡང་མེད་ནའང་མཁན་པོ་དང་དགེ་བཤེས་སོགས་ཀྱིས་མཚན་གནས་ཡོད་ཙམ་གྱིས་དགེ་རྒན་གྱི་ས་མིག་འཛིན་མཁན་མང་བ། གསུམ་ནས་དགེ་རྒན་རང་ཉིད་འཁྲིད་བྱའི་གཞུང་གང་ལ་སྦྱངས་པ་ཡོད་པ་དེས་སློབ་མ་ལ་ཕན་ཅི་ཐོགས་ཀྱི་བསམ་བློ་མི་གཏོང་བར་ངེས་ཆ་མེད་ཅིང་གོམས་འདྲིས་ཆུང་བའི་གཞུང་ཆེན་ཁག་ལ་ལག་པ་འཆང་སྟེ་སློབ་ཕྲུག་རྣམས་རང་ཉིད་ཀྱིས་སྦྱོང་བརྡར་བྱ་སའི་གཞི་ལྟ་བུར་བཟུང་ནས་དུས་ཚོད་ཆུད་ཟོས་སུ་གཏོང་མཁན་ཡོད་པ། ད་དུང་སློབ་སྦྱོང་འཐུས་ཤོར་དང་ཤེས་ཡོན་རྗེས་ལུས་སུ་གྱུར་པ་ཐམས་ཅད་རྒྱུན་དུ་སློབ་ཕྲུག་གིས་མ་འཇོན་པ་དང་སྤྱི་ཚོགས་ཀྱིས་མ་འགྲིགས་སོགས་གཞན་ལ་ཁ་གཡར་ཞིང་ཁག་འགེལ་ས་འཚོལ་བ་ལས་རང་ཉིད་ལ་མཛུབ་མོ་བཙུགས་ནས་འགྲིགས་ཡོད་མེད་ཀྱི་རྟོག་དཔྱོད་བྱེད་མཁན་མེད་པ་ལྟ་བུ་རེད། གཞན་ཡང་འཛིན་ཁང་ནང་སློབ་ཁྲིད་ཀྱི་དུས་ཚོད་གཅིག་པུ་ལས་གཞན་དུ་སློབ་མ་ཚོའི་ཀུན་སྤྱོད་དང་ཤེས་ཡོན་ལ་འགན་ཅི་ཡང་མི་ཁུར་བ། སློབ་མ་རྣམས་བརྩི་བཀུར་དང་གཅེས་སྐྱོང་བྱེད་མི་བྱེད་པ། གློག་བརྙན་ཁང་དང་། རྩེད་ཐང་ར་བ། རྒྱན་པོ་འགྱེད་ས་སོགས་སུ་རང་ཉིད་ཀྱིས་སྣེ་ཁྲིད་དེ་འགྲོ་བ། ཆོས་ཀྱི་གཞུང་ལུགས་ཅི་ཞིག་བསླབས་ཀྱང་སློབ་གྲྭའི་ནང་ནས་ཤེས་ཡོན་རིག་གནས་སློབ་པའི་འདུ་ཤེས་ཙམ་ལས། སློབ་མའི་རྒྱུད་ལ་ཆོས་ཀྱི་ཀུན་སློང་དང་དགེ་བའི་བག་ཆགས་གང་ཡང་བསྐྱེད་ཐབས་ལ་མི་འབད་པ། ལུས་ངག་གི་ཀུན་སྤྱོད་ཀྱི་སྟེང་ནས་སློབ་མ་ལ་མིག་དཔེ་བཟང་པོ་གང་ཡང་སྟོན་མི་ཐུབ་པར་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ། མིའི་གཉུག་གཤིས་སུ་རང་བཞིན་གྱིས་ཡོད་པའི་སྨྲ་བརྗོད་ཀྱི་ནུས་པ། བྱམས་བརྩེའི་ས་བོན། བསམ་གཞིགས་དང་། གསར་གཏོད། འཇོན་ཐང་གི་ནུས་པ་སོོགས་གསོ་སྐྱོང་བྱེད་པའི་ཐབས་ལམ་དང་སློབ་གསོའི་ལག་ལེན་གང་ལའང་མི་བརྩོན་པར་མི་མང་པོ་ཞིག་གི་གཞོན་དུས་ཀྱི་རིན་ཐང་ཆེ་བའི་དུས་ཚོད་དག་རང་དགར་འཕྲོ་བརླག་ལ་གཏོང་བཞིན་ཡོད་པའི་སྣང་བ་སྟེར་ཡོང་གི་འདུག །
༢) དགོན་སྡེའི་སློབ་གསོའི་ལམ་ལུགས་ཀྱིས་མ་འདང་བའི་སྟོང་ཆ།
གཅིག །བོད་ཀྱི་རབ་བྱུང་བ་དག་ལ་དགོན་སྡེའི་སློབ་གསོའི་ཁྲོད་དུ་རབ་ཏུ་བྱུང་བ་ཞེས་པའི་གོ་དོན་དང་དེའི་མི་ཚེའི་ཕུགས་འདུན། རབ་ཏུ་བྱུང་བའི་དགོས་པ་དང་དེའི་འཚོ་བ་སྐྱེལ་སྟངས། རབ་ཏུ་བྱུང་བའི་སྤྱི་ཚོགས་དང་ཁྱིམ་པའི་སྤྱི་ཚོགས་ཀྱི་བསམ་བློ་གཏང་ཕྱོགས་དང་འདངས་རྒྱག་ཕྱོགས་ཀྱི་ཁྱད་པར་སོགས་མང་པོ་ངོ་འཕྲོད་མེད་པའམ་ངོས་འཛིན་གསལ་བོ་ཞིག་ཐོབ་མེད་པ་འདི་བོད་ཀྱི་དགོན་སྡེའི་སློབ་གསོའི་ཕམ་ཁ་ཆེ་ཤོས་ཤིག་ཡིན་པར་འདོད།
སློབ་གསོའི་སྟོང་ཆ་དང་ཤེས་ཡོན་གྱིས་མ་འདང་མ་བའི་ཆ་དེ་དག་གི་རྐྱེན་པས་དགེ་འདུན་པའི་སྤྱི་ཚོགས་སུ་དགོན་སྡེའི་ལམ་ལུགས་ལ་ཕན་མེད་དུ་ལྟ་བ་དང་། རབ་ཏུ་བྱུང་བའི་མི་ཚེའི་རིན་ཐང་ལ་སྙིང་པོ་མེད་པར་ལྟ་བ། མུ་མཐུད་ནས་དགོན་པའི་ནང་དུ་བཞུགས་འདོད་མེད་པ། དགོན་སྡེའི་ཤེས་ཡོན་དགོས་མེད་དུ་ལྟ་བ། མི་ཚེ་རབ་བྱུང་གི་འཚོ་བས་བསྐྱལ་འདོད་མེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་ལ། ཐ་ན་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་ལངས་ཕྱོགས་ལ་ཡང་གྲུབ་འབྲས་མེད་པར་ལྟ་མཁན། རང་ཉིད་སེར་མོ་བའི་སྤྱི་ཚོགས་སུ་ཡོད་བཞིན་དུ་ས་སྐྱ་བོའི་སྡེ་ཁག་དག་གི་ནང་རྐང་རྐྱོང་ལག་རྐྱོང་བྱེད་པ། རབ་བྱུང་བའི་ཆ་ལུགས་འཛིན་བཞིན་ཁྱིམ་པའི་ལས་རིགས་གཉེར་མཁན། རབ་བྱུང་གི་སྡེའི་ཐོབ་ཐང་ལེན་པ་ལས་འགན་འཁྲི་འཁུར་འདོད་མེད་པ། རང་ལྟ་མཆོག་འཛིན་ཆེ་བ། ཆོས་བརྒྱུད་ཀྱི་ཕྱོགས་ཞེན་དང་གྲུབ་མཐའི་འཐེན་འཁྱེར་བྱེད་ཤེས་པ་ཙམ་ལས་ཆོས་ཀྱི་ཉམས་ལེན་ཅི་ཡང་མེད་མཁན་ལྟོས་འཇོག་གིས་བཤད་ན་ཉུང་ཉུང་ཞིག་གཏན་ནས་མ་རེད། དེས་རྐྱེན་པས་མང་ཚོགས་ཀྱི་མིག་ལམ་དང་སེམས་ནང་དུ་ལོ་རེ་ནས་ལོ་རེ་བཞིན་རབ་ཏུ་བྱུང་བའི་སྡེའི་རིན་ཐང་ལྟ་བ་ཇེ་ཆུང་དུ་སོང་ནས་མཐར་རང་བྱུང་བའི་སྡེའི་གྲངས་ཀ་ཉུང་དུ་འགྱུར་བའི་རྐྱེན་དུ་འགྲོ་བཞིན་པ་ཚོར་གྱི་འདུག །
གཉིས། གདན་ས་དང་བཤད་གྲྭ་གཙོས་པའི་བོད་ཀྱི་དགོན་སྡེ་མང་པོ་ཞིག་གི་ནང་དུ་ནང་དོན་རིག་པའི་གཞུང་ལུགས་ཁག་ལ་ལོ་མང་རིང་སློབ་སྦྱོང་བྱེད་པའི་ལམ་ལུགས་སྔ་མོ་ནས་ད་ལྟའི་བར་དུ་ཡོད་ན་ཡང་། དེ་དག་སུ་ཞིག་གི་ཆེད་དུ་སྦྱོང་གི་ཡོད་པའམ་ཅིའི་ཕྱིར་དེ་དག་ལ་སློབ་སྦྱོང་བྱེད་ཀྱི་ཡོད། དེ་ལ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ངོ་མ་དེ་གང་ཞིག་ཡིན་མི་མང་པོ་ཞིག་གིས་ངོས་མ་ཟིན་པ་དེ་ཡང་བོད་ཀྱི་དགོས་སྡེའི་སློབ་གསོའི་ནུས་པས་མ་འདང་བ་འམ་འཐུས་ཤོར་ཆེན་པོ་ཞིག་ཡིན་པར་འདོད།
དེ་འདྲའི་འཐུས་ཤོར་གྱི་རྐྱེན་པས་ལ་ལ་ཞིག་ལ་དམིགས་ཡུལ་ཅི་ཡང་མེད་པར་ཕ་མ་སོགས་གཞན་གྱི་རེ་འདུན་ཙམ་པོ་དང་དུ་བླངས་ཏེ་ཨུ་ཚུགས་ཀྱིས་དགོན་པར་སྡོད་པ་དང་། ཡང་མི་མང་པོ་ཞིག་གིས་དགོན་པའི་ནང་ནས་དཔེ་ཆ་སྦྱངས་པ་ནི་ཡིག་རྒྱུགས་ཀྱི་ཆེད་དུ་དང་། ལག་ཁྱེར་གྱི་ཆེད་དུ། ལས་གནས་ཀྱི་ཆེད་དུ། ད་དུང་མཁན་པོ་དང་། དགེ་བཤེས། སློབ་དཔོན། དགེ་རྒན་སོགས་ཀྱི་མཚན་གནས་ཙམ་དམིགས་ཡུལ་དུ་བཟུང་ནས་སློབ་སྦྱོང་བྱེད་ཀྱི་ཡོད་པའི་སྣང་བ་སྟེར་ཞིང་། མཐར་མང་པོ་ཞིག་གིས་དམིགས་ཡུལ་དེ་དག་མ་འགྲུབ་ན་དགོན་པའི་ནང་ནས་བསྡད་པ་དུས་ཚོད་ཆུད་ཟོས་དང་། ནང་ཆོས་ལ་སློབ་གཉེར་བྱས་པ་ནི་དཀའ་ངལ་འཕར་མ་ཞིག་ཡིན་པའི་ངོས་འཛིན་བྱེད་པ་ལས། ནང་བསྟན་མཚན་ཉིད་རིག་པའི་གཞུང་ལ་ཐོས་བསམ་བྱས་པའི་འབྲས་བུར་ནང་པ་སངས་རྒྱས་པའི་འཇིག་རྟེན་ལྟ་ཚུལ་དང་། རྒྱུ་འབྲས་ཀྱི་རྣམ་གཞག །ཚེ་སྲོག་གི་ངོས་འཛིན། རྟེན་འབྱུང་གི་ལྟ་བ། བྱམས་བརྩེའི་གོམས་གཤིས། གཞན་ཕན་གྱི་བསམ་བློ་སོགས་རང་ཉིད་ཀྱི་མི་ཚེའི་རྒྱན་དུ་འཁྱེར་ཤེས་ཧ་ཅང་མཁན་དཀོན་པར་སྣང་།
༣) དགོན་སྡེའི་བསླབ་གཞི་དང་སློབ་དུས་ཀྱིས་མ་སྙོབ་པའི་སྟོང་ཆ།
དགེ་འདུན་པ་དག་དགོན་པར་བསྡད་དེ་ཅི་ཞིག་བྱེད་དགོས་པ་རེད་ཟེར་ན། དགོན་པ་ནི་རབ་ཏུ་བྱུང་བ་དག་གི་ཁྱིམ་གཞིས་དང་སློབ་གྲྭ་གཅིག་ལྕོགས་དེ་ཡིན་པས་སློབ་གྲྭ་ལ་བསྡད་ནས་མི་ཚེ་གང་བོར་སློབ་སྦྱོང་བྱ་རྒྱུ་དང་སློབ་སྦྱོང་གི་དམིགས་འདུན་འགྲུབ་ཐབས་ལ་བརྩོན་རྒྱུ་དེ་ཡིན། གནའ་སྔ་མོ་ནས་བོད་ཀྱི་དགོན་པ་མང་ཆེ་བ་ཞིག་གི་དགེ་འདུན་པའི་བསླབ་གཞིའམ་བསླབ་དེབ་ནི་ཆོ་ག་ཕྱག་ལེན་སོགས་འདོན་ཆོག་སྐོར་ཡིན་ལ། དེའི་སྟེང་དུ་དེང་སང་དགོན་པ་འགའ་རེར་མི་རིགས་གཞན་པའི་སྐད་ཡིག་དང་སུམ་རྟགས་སྙན་གསུམ་སྐོར་ཅུང་ཙམ་རེ་སྦྱོང་ཚན་བྱས་ཡོད།
གདན་ས་ཁག་དང་བཤད་གྲྭ་ཁག་གི་བསླབ་གཞི་ནི་གཞུང་ཆེན་བཀའ་པོད་ལྔའམ་དྲུག་ཡིན། དེ་དག་ནི་བོད་ཀྱི་དགོན་སྡེ་ཁག་གི་གཞི་རིམ་ནས་མཐོ་རིམ་བར་གྱི་བསླབ་བྱའི་གཞུང་ངམ་སློབ་ཚན་རེད། ཆོས་བརྒྱུད་སོ་སོའི་མཁས་པ་དག་གིས་བརྩམས་པའི་གཞུང་ལུགས་ཁག་དང་གདན་ས་སོ་སོའི་ཡིག་ཆ་ཕྱོགས་རེ་བ་དག་གཙིགས་སུ་འཛིན་པ་ལས་རྒྱ་གཞུང་འགྲེལ་ཆེན་དག་ལ་ཐོས་བསམ་སློབ་གཉེར་བྱེད་མཁན་དཀོན་པ་དང་། དེ་བཞིན་དུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱིས་མཚོན་པའི་གདམས་ངག་གི་གཞུང་ལ་ཐོས་བསམ་ཕྱོགས་མེད་གནང་མཁན་ཉུང་བ། བསྟན་འཛིན་གྱི་རྣམ་ཐར་དང་། བསྟན་པའི་ཆགས་འཇིག །གྲུབ་མཐའི་བྱུང་འཕེལ་གྱིས་མཚོན་པའི་ཆོས་ལུགས་ལོ་རྒྱུས་རིག་པའི་སློབ་ཚན་ཆ་ཚང་ཞིང་ཁུངས་འཕེར་བ་ཞིག་སྦྱང་རྒྱུ་མེད་པ་དང་།
སློབ་ཚན་གྱིས་མ་འགྲིགས་པ་ཡིན་ནམ། སློབ་ཚན་བསླབ་ཚུལ་གྱིས་མ་རེད་པ་ཡིན་ནམ། སློབ་དུས་ཀྱིས་མ་འདང་བ་ཡིན་ནམ་གང་ལྟར་མང་པོ་ཞིག་གིས་གང་བསླབས་པ་དེ་ཡག་པོ་ཞིག་ཤེས་ཀྱི་མེད་ལ། གང་ཤེས་པ་དེས་མི་མང་པོ་ཞིག་ལ་སོ་སོའི་མི་ཚེ་དང་བསམ་བློ་ལ་ཅི་ཡང་ཕན་གྱི་མེད་པའི་སྣང་བ་སྟེར་གྱི་ཡོད། ད་དུང་འདོན་ཆོག་སྦྱོང་མཁན་གྱི་དགོན་པའི་གྲྭ་བ་དག་གི་ཁྲོད་དུ་དཔེ་ཆ་ཤེས་མཁན་ཉུང་ལ་དཔེ་ཆ་ཤེས་མཁན་གྱི་ནང་ནའང་ཆོ་ག་ཕྱག་ལེན་ཤེས་མཁན་དཀོན་པས་ཤེས་ཡོན་ཆ་མ་སྙོམས་པ་དང་། དགོན་པ་ལ་ལའི་ནང་ནས་གཞུང་བཀའ་པོད་ལྔའམ་དྲུག་ལོ་ཁ་ཤས་ཀྱི་ནང་དུ་ཡོངས་སུ་རྫོགས་པར་ཁྲིད་ཅིང་། དགོན་སྡེ་ལ་ལའི་ནང་དུ་ལོ་མང་རིང་བསྡད་ནའང་གཞུང་ལུགས་ཕྱོགས་རེ་ལས་སྦྱངས་མི་ཐུབ་པས་དུས་ཚོད་ཆ་མ་སྙོམས་པ། དགོན་པ་དག་གི་ནང་ནས་ལོ་མང་རིང་སློབ་གཉེར་བྱས་པའི་རབ་ཏུ་བྱུང་བ་མང་པོ་ཞིག་དགོན་པ་ནས་ཕྱིར་ཐོན་ཉིན་ད་དུང་བླང་དོར་གྱི་ལྟ་བ་མེད་ཅིང་། བསམ་གཞིགས་ཀྱི་ནུས་པ་ཆུང་བ། ནང་བསྟན་ཆོས་ལུགས་ཀྱི་གཞུང་ནས་གསུངས་པའི་བྱམས་བརྩེ་དང་དྲང་བདེན། འདོད་ཆུང་ཆོག་ཤེས་སོགས་ཀྱི་བག་ཆགས་སྲབ་ཅིང་། རང་གི་ལངས་ཕྱོགས་བརྟན་པོ་མེད་པ་དང་ཕྱི་ནང་གི་གནོད་ཤུགས་ཅུང་ཟད་ཙམ་ཡང་བཟོད་མི་ཐུབ་པ་དེ་འདྲ་མང་པོ་ཞིག་སྤྱི་ཚོགས་སུ་སླེབས་ཡོང་གི་ཡོད་པ་དངོས་ཡོད་རེད།
༤) དགོན་སྡེའི་སྒྲིག་གཞི་གཏན་མ་ཁེལ་ཞིང་ཆ་མ་སྙོམས་པའི་སྟོང་ཆ།
གནའ་ནས་ད་ལྟའི་བར་དུ་བོད་ཀྱི་དགོན་པ་ཆེ་མ་ཆུང་གསུམ་གང་ཡིན་རུང་དགོན་སྡེ་རེ་རེར་བཅའ་ཡིག་གམ་སྒྲིག་གཞིའི་ཡིག་ཆ་རེ་མེད་མཁན་ཞིག་ཧ་ལམ་མེད་ངེས་རེད། དགོན་པ་དག་གི་བཅའ་ཡིག་མང་ཆེ་བའི་ནང་དོན་ནི་འདུལ་བའི་ལག་ལེན་དང་མཐུན་མིན་ཇི་ལྟར་ཡང་དགོན་པ་དེ་གའི་ནང་གི་དགེེ་འདུན་པ་དག་གིས་ཅིག་མི་ཆོག་ཉིས་མི་ཆོག་ཟེར་བ་སོགས་མ་མི་མིན་མེད་མང་པོ་ཡོད་པའི་ཡི་གེ་དག་རེད།
གང་ལྟར་དགོན་པའི་ཡི་གེ་དེ་དག་གི་ནང་དོན་ཅི་ཞིག་ཡིན་མིན་ལ་མ་ལྟོས་པར་དེ་རིང་གི་དུས་སུ་སླེབས་དུས་རབ་ཏུ་བྱུང་བའི་སྤྱི་ཚོགས་ཆུང་ཆུང་བོ་འདིའི་ནང་དུའང་དགོན་པའི་བཅའ་ཡིག་དང་། འདུལ་བའི་སྒྲིག་ཁྲིམས་གང་ལ་ཡང་མི་གནས་པའི་སེར་ཆས་ཅན་དང་། གྲྭ་གོས་ཅན་མང་དག་ཅིག་གང་སར་མཐོང་རྒྱུ་ཡོད་པ་དཔེར་ན། རབ་བྱུང་བའི་སྤྱི་ཚོགས་ཁྲོད་ན་ཁྱིམ་ཚང་སྐྱོང་མཁན་དང་། ཚོང་ལས་གཉེར་མཁན། ནག་ཚོང་རྒྱག་མཁན། སྤྱི་ཚོགས་ལྷིང་འཇགས་མེད་པར་བཟོ་མཁན། མི་མང་མགོ་སྐོར་གཏོང་མཁན། མདོར་ན་རྒྱུད་ལ་སྡོམ་ཁྲིམས་གང་ཡང་མེད་ན་ཡང་ཡོད་མདོག་གིས་དགོན་སྡེའི་ནང་དུ་འཛུལ་ཏེ་ཐོབ་ཐང་བླངས་ནས་སྡོད་མཁན་མཐོ་བ་བླ་སྤྲུལ་མཁན་གསུམ་གྱི་མིང་ཡོད་མཁན་དང་། དགོན་སྡེའི་དབང་འཛིན་པའི་ཚོགས་པ་ནས་བཟུང་སྟེ་དམའ་བ་གྲྭ་རྐྱང་དཀྱུས་མའི་གཟུགས་བཟུང་སྟེ་འཚོ་བ་རོལ་མཁན་གྱི་བར་ན་མི་ཉུང་བ་ཞིག་ཡོད་པ་རེད། དེ་དག་གཙང་སེལ་བྱེད་པའི་ཐབས་ལམ་དགོན་སྡེའི་བཅའ་ཁྲིམས་ཀྱི་མདུད་པ་ཇེ་ལྷོད་དུ་གྱུར་ཅིང་། དགོན་སྡེའི་སྒྲིག་འཛུགས་དོ་དམ་བྱེད་མཁན་འཛིན་སྐྱོང་སྡེ་ཁག་གི་ཁ་སྟབས་ཇེ་གཉོམ་དུ་འགྲོ་བཞིན་པ་འདིས་ནི་དགོན་པ་དང་དགོན་སྡེའི་སྒྲིག་འཛུགས། སྒྲིག་འཛུགས་དོ་དམ་བཅས་ཀྱི་རང་སྟེང་ནས་ནུས་པ་ཤོར་གྱིན་ཡོད་པ་མཚོན་ཞིང་། ད་དུང་མུ་མཐུད་ནས་འདི་ལྟར་སོང་ཚེ་རིང་པོ་མི་ཐོགས་པར་རབ་ཏུ་བྱུང་བའི་སྤྱི་ཚོགས་ཀྱི་ངོ་བོ་གཞན་ཞིག་ཏུ་འགྱུར་འགྲོ་བ་གདོན་མི་ཟ་སྙམ།
གཉིས་པ་དགོན་སྡེའི་ལམ་ལུགས་ལེགས་བཅོས།
དེས་ན་རབ་ཏུ་བྱུང་བ་ཞིག་གི་མི་ཚེ་ཐག་ཆོད་ཇི་ལྟར་བྱ་དགོས་མིན་དང་། དེའི་མི་ཚེའི་རིན་ཐང་ཇི་ཙམ་རྙེད་མིན་ནི་དགོན་སྡེའི་སློབ་གསོའི་སྤུས་ཚད་དང་དགོན་སྡེའི་ཤེས་ཡོན་ལམ་ལུགས་ལེགས་མིན་ལ་རག་ལས་པར་འདོད་ཀྱི་ཡོད། གལ་ཏེ་རབ་ཏུ་བྱུང་བ་ཞིག་གི་མི་ཚེ་དེ་མཛེས་སྡུག་ལྡན་པའི་འོད་སྣང་ཅན་ཞིག་དང་། ཡིད་དུ་འོང་བའི་འབྲས་བཟང་གཡུར་དུ་ཟ་བ་ཅན་ཞིག་སྐྱེད་བསྲིང་བྱ་དགོས་ན་དང་པོར་དེ་ལ་དེ་མཚུངས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་ཁོར་ཡུག་གཙང་མ་ཞིག་དང་། ལམ་ལུགས་ཡག་པོ་ཞིག་ངེས་པར་དུ་བཞེངས་སྐྲུན་བྱེད་དགོས། དགོན་སྡེའི་ཁོར་ཡུག་ནི་རབ་ཏུ་བྱུང་བ་དག་གི་མི་ཚེའི་དོན་སྙིང་སྨིན་སའི་ཞིང་ས་ལྟ་བུ་ཡིན་ལ། དགོན་སྡེའི་སློབ་གསོ་ནི་རབ་ཏུ་བྱུང་བ་དག་གི་མི་ཚེའི་ལེགས་ལམ་འཚོལ་བའི་ལམ་ཡིག་ལྟ་བུ་ཡིན་པས་ཐོག་མར་དེ་གཉིས་ཐག་གཅོད་ཡག་པོ་ཡོང་ཐབས་ལ་འབད་པ་བྱེད་དགོས།
སྤྱིར་དགོན་པ་ཞིག་གི་ཡག་བཙོག་གམ་བཟང་ངན་ནི་དགོན་པའི་ཆེ་ཆུང་དང་། གྲྭ་བའི་མང་ཉུང་། དཔལ་འབྱོར་གྱི་མཐོ་དམན་སོགས་ཀྱིས་གཞལ་རྒྱུ་མ་ཡིན་པར། དགོན་པ་དེ་གའི་ནང་དུ་ཡོད་པའི་དགེ་འདུན་པའི་སྡེའི་སྤུས་ཚད་ལེགས་མིན་གྱི་སྟེང་ནས་གཞལ་དགོས་ལ། དགེ་འདུན་པ་རེ་རེའི་སྤུས་ཀ་ཡང་དགོན་སྡེའི་སློབ་གསོའི་ལམ་ལུགས་དང་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་དམ་ཟབ་ཡོད་པར་འདོད། སྤྱིའི་ཆ་ནས་བཤད་ན་དགོན་སྡེའི་སློབ་གསོའི་ཁ་ཕྱོགས་དང་ཤེས་ཡོན་ལམ་ལུགས་གང་འདྲ་ཞིག་ཏུ་བསྐྱོད་མིན་དང་། སློབ་གསོའི་སྤུས་ཁ་བཟང་ངན། སློབ་གསོ་ཇི་ལྟར་ལག་ལེན་བསྟར་མིན་ནི་དགོན་སྡེའི་འཛིན་སྐྱོང་དང་སྒྲིག་འཛུགས་དོ་དམ་ལ་རག་ལས་པས་འདི་ལ་དགོན་སྡེའི་དབང་འཛིན་པ་གཙོ་བོར་གྱུར་པའི་ལས་ཀྱི་སྣེ་མོ་བ་དག་གིས་ཐུགས་བསམ་ནན་མོ་ཞིག་བཞེས་དགོས་པར་འདོད།
དེས་ན་ང་ཚོས་ཐོག་མར་དགོན་སྡེའི་སློབ་གསོའི་སྐོར་ལེགས་ལམ་ཡིན་མིན་དང་། དེའི་སྤུས་ཚད། དེ་ལ་ཐེ་བྱུས་གནང་མཁན་གྱི་འཛིན་སྐྱོང་གི་ངོ་བོ་བཅས་ལ་བསམ་གཞིགས་ནན་མོ་བྱེད་དགོས།
དེ་ལ་རབ་ཏུ་བྱུང་བ་ཁོ་ན་འཚོ་སའི་ཁོར་ཡུག་ཡིན་པའི་དགོན་སྡེ་ཞིག་ལ་མཚོན་ན་དེའི་སློབ་གསོ་དང་དེའི་འཛིན་སྐྱོང་གི་སྒྲིག་གཞི་ཇི་ལྟར་ཐག་གཅོད་བྱ་དགོས་མིན་ནི་གཅིག་ནས་སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས་ཞལ་ནས་གསུངས་པའི་དམ་ཆོས་འདུལ་བ་ལ་ལྟོས་དགོས་པས། ཆོས་འདུལ་བའི་བཅས་མཚམས་དང་མི་འགལ་བ་ཞིག་གཙོ་བོར་འཛིན་དགོས་པ་སྨོས་མེད་ཐོག །གཉིས་ནས་ཡུལ་དུས་ཁོར་ཡུག་ལ་ལྟོས་དགོས་པས། དེང་དུས་དང་འཚམས་པའི་སློབ་གསོའི་ལམ་ལུགས་ལག་བསྟར་གནང་སྟེ་དུས་རབས་ཉེར་གཅིག་པའི་ཆོས་པའམ། དབང་རྣོན་ཆོས་ཀྱི་རྗེས་འབྲང་བ་ཞིག་ཡོང་ཐབས་ལ་འབད་དགོས་པར་འདོད།
དགོན་སྡེ་ནི་དགེ་འདུན་པ་རེ་རེའི་མི་ཚེ་བསྐྱལ་སའི་ཁྱིམ་གཞིས་དང་། འཚོ་བ་རོལ་སའི་སྤྱི་ཚོགས། གཏན་གྱི་འདུན་མ་འཚོལ་སའི་འཇིག་རྟེན་ཞིག་ཡིན་པས་འབགས་བཙོག་གིས་མ་ལྷད་པའི་དགོན་སྡེའི་ཁོར་ཡུག་གཙང་མ་ཞིག་ཡོང་བ་ལ་ང་ཚོ་ཐུན་མོང་གི་ངོས་ནས་ཧུར་ཐག་བྱེད་དགོས། དགོན་སྡེའི་ནང་དུ་འཛུལ་ཞུགས་བྱེད་པའི་དགེ་འདུན་པ་ཞིག་ལ་མཚོན་ན་ཉི་མ་དེ་ནས་བཟུང་སྟེ། དེའི་མི་ཚེའི་མདུན་ལམ་མམ། མི་ཚེ་གང་གི་སྐྱིད་སྡུག་དགོན་པ་ལ་བཅོལ་ཟིན་པས་གང་ཟག་དེའི་མི་ཚེའི་སྒྲོམ་གཞི་འམ། མི་ཚེའི་ལམ་རིམ་གང་འདྲ་ཞིག་བྱས་ནས་བགྲོད་དགོས་མིན་དགོན་སྡེའི་སློབ་གསོའི་ལམ་ལུགས་དང་། དགོན་སྡེའི་འཛིན་སྐྱོང་གི་སྒྲིག་གཞི་བཅས་ལ་རག་ལས་པར་འདོད།
དགོན་སྡེའི་སློབ་གསོའི་ལམ་ལུགས་ནི་རབ་ཏུ་བྱུང་བ་དག་གི་ཕྱི་ལུས་ངག་གི་ཀུན་སྤྱོད་དང་། ནང་བསམ་བློའི་འཁྱེར་སོ་སོགས་ཕྱོགས་གང་ཐད་ནས་ལེགས་ལམ་དུ་འཁྲིད་པར་བྱེད་པའི་ལམ་ལུགས་ཚད་ལྡན་ཞིག་ཡིན་འོས། བྱིས་པ་རྣམས་མི་བཟང་པོ་ཞིག་ཏུ་ཇི་ལྟར་འགྱུར་བ་དང་། བྱིས་པ་ཚོའི་རྒྱུད་ཀྱི་ཤེས་རབ་དང་། བྱམས་བརྩེ། འཇོན་ཐང་བཅས་གོང་འཕེལ་དུ་བཏང་སྟེ་མ་འོངས་པར་མཁྱེན་བརྩེ་ནུས་གསུམ་ལྡན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཞིག་གསོ་སྐྱོང་བྱེད་པ་ནི་དགོན་སྡེའི་སློབ་གསོའི་དམིགས་ཡུལ་མཐར་ཐུག་ཡིན་འོས་སྙམ།
ཆ་ལུགས་དང་ཀུན་སྤྱོད། བསམ་བློ་དང་ཁོར་ཡུག །འོས་བབས་དང་འགན་འཁྲི། ཐ་ན་བཟའ་བཏུང་གི་རིམ་པ་ཚུན་ཆད་ནས་རབ་ཏུ་བྱུང་བའི་སྤྱི་ཚོགས་ནི་དམིགས་བསལ་བ་ཞིག་ཡིན་པས་ཁྱིམ་པའི་སྤྱི་ཚོགས་ཀྱི་ཤེས་ཡོན་སློབ་གསོའི་བརྒྱུད་རིམ་དང་། ཁོར་ཡུག་གི་གནས་སྟངས་སོགས་ལ་གཤིབ་བསྡུར་དང་འབྲེལ་འདྲེས་མི་བྱ་བར་རང་རང་གི་ལམ་དུ་བསྐྱོད་པའི་བསམ་བློའི་སློབ་གསོ་སྔ་ཚེ་ནས་ངེས་པར་སྤྲད་དགོས།
ད་དུང་རབ་ཏུ་བྱུང་བའི་མི་ཚེ་ནི་དཔལ་འབྱོར་འཚོལ་བ་དང་། ཁེ་ལས་སྒྲུབ་པ་སོགས་གསོག་འཇོག་དང་འགྲན་རྩོད་སོགས་ཀྱིས་འདའ་དགོས་པའི་ཁྱིམ་པ་དག་གི་མི་ཚེའི་བརྒྱུད་ལམ་དང་མི་འདྲ་བར། ཞི་དུལ་དང་། བག་ཡོད། ཚུལ་མཐུན་དང་། བཟོད་སྒོམ། འདོད་ཆུང་ཆོག་ཤེས་ཀྱི་ངང་ནས་བསྐྱལ་དགོས་པས་དེ་མཚུངས་ཀྱི་སློབ་གསོའི་ལག་ལེན་ཡོང་ཐབས་ལ་འབད་དགོས།
དེ་ལྟ་བུའི་རབ་ཏུ་བྱུང་བའི་མི་ཚེ་དེ་ཚད་ལྡན་ཚུལ་མཐུན་ཞིག་ཡོང་བའི་ཐབས་ལམ་ལེགས་པོ་ཞིག་འཚོལ་བ་ལ། དང་པོ་དགེ་བའི་བཤེས་གཉེན་གྱི་ཆ་རྐྱེན་དང་། གཉིས་པ་བསླབ་བྱའི་གནས་གཞུང་ལུགས་ཀྱི་ཆ་རྐྱེན། གསུམ་པ་དགོན་སྡེའི་སྒྲིག་འཛུགས་ཀྱི་ཆ་རྐྱེན་བཅས་ཚང་དགོས་པར་འདོད།
དང་པོ་དགེ་བའི་བཤེས་གཉེན་གྱི་ཆ་རྐྱེན།
དགོན་སྡེ་ཁག་ཏུ་ནནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་དག་འཆད་མཁན་ནི་ངེས་དོན་ཆོས་ཀྱི་བཤེས་གཉེན་ཏེ། ཕྱི་ལུས་ངག་གི་ཀུན་སྤྱོད་དང་ནང་བསམ་བློའི་འཛིན་སྟངས་སོགས་དུལ་བ་དང་ཞི་བ་ཉེ་བར་ཞི་བ་སོགས་ཀྱི་ཡོན་ཏན་ཡོངས་སུ་ཚང་བ། བསླབ་བྱའི་གནས་ཅི་ཞིག་བསླབ་ཀྱང་སློབ་ཤེས་པ། གནའ་དེང་གི་སློབ་གསོའི་ཉམས་མྱོང་ཕུན་སུམ་ཚོགས་པ། ལྟ་བ་གུ་ཡངས་ཤིང་། སྤྱོད་པ་ངོས་གཙང་བ། བླང་དོར་གྱི་གནས་ལ་མཁས་ཤིང་། བསམ་གཞིགས་ཀྱི་ནུས་པ་ལྡན་པ། ནང་པ་སངས་རྒྱས་པའི་བསྟན་པ་དང་རབ་ཏུ་བྱུང་བའི་སྤྱི་ཚོགས། ལྷག་པར་དུ་རང་ལ་རེ་ལྟོས་བྱེད་པའི་སློབ་ཕྲུག་དག་གི་ཤེས་ཡོན་དང་། ཀུན་སྤྱོད་སོགས་མི་ཚེའི་མདུན་ལམ་ལ་ཤ་ཚ་ཤེས་ཤིང་འགན་འཁུར་ཐུབ་པ། མི་ལ་བཤད་ཤེས་པ་ཙམ་མ་ཡིན་པར་རང་ཉིད་ཀྱིས་ལག་ཏུ་ལེན་ཤེས་ཤིང་ཐུབ་མཁན་ཞིག་ཡིན་དགོས། དེ་ལྟ་བུ་ཞིག་མ་བྱུང་རུང་། མ་མཐར་ཡང་ཤེས་ཡོན་གྱི་ཆ་ནས་སློབ་མ་ཚོར་བློ་སྐྱེད་སྟེར་ཐུབ་པ་ཞིག་དང་། མི་གཞི་ཀུན་སྤྱོད་ཀྱི་སྟེང་ནས་སློབ་མ་ཚོར་བཟང་ཕྱོགས་ཀྱི་བག་ཆགས་ཡག་པོ་འཇོག་ཐུབ་མཁན་ཞིག་ངེས་པར་དུ་ཡིན་དགོས།
དེས་ན་རབ་ཏུ་བྱུང་བའི་བྱིས་པ་ཚོར་ཐོག་དང་པོ་ནས་དགེ་བའི་བཤེས་གཉེན་བསྟེན་ཚུལ་ཡང་དག་པ་ཞིག་བསླབ་དགོས། “དེའི་རྒྱུད་ལ་ཡོན་ཏན་སྣ་གཅིག་འབྱུང་བ་དང་། དེའི་རྒྱུད་ཀྱི་སྐྱོན་སྣ་གཅིག་འགྲིབ་པ་ཚུན་ཆད་ཀྱང་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ཡིན་པར་„ངོ་ཤེས་པའི་ཐོག་ནས་དགེ་བའི་བཤེས་གཉེན་ལ་དགེ་བའི་བཤེས་གཉེན་དུ་བལྟ་བ་དང་། བྱས་པ་ཤེས་ཤིང་དྲིན་གཟོ་ཇི་ལྟར་བྱ་ཚུལ་གྱི་བསམ་བློའི་འཁྱེར་སྟངས་དང་། ཀུན་སྤྱོད་ཀྱི་ལག་ལེན་ངེས་པར་དུ་བསླབ་དགོས། དེས་རབ་བྱུང་བ་དག་གི་མི་ཚེའི་ནང་དགེ་བའི་བཤེས་གཉེན་ལ་གུས་བཀུར་དང་དེའི་ལམ་སྟོན་ལ་དྲིན་གཟོ་དང་བརྩི་མཐོང་གི་འདུ་ཤེས་ཡོང་བ་ལ་ཕན་ངེས་སྙམ།
དེ་ལྟ་བུའི་ངེས་དོན་ཆོས་ཀྱི་བཤེས་གཉེན་རྣམས་ལ་དམ་ཆོས་འདུལ་བ་ནས་གསུངས་པའི་ཀློག་སློབ་པའི་སློབ་དཔོན་དང་། གནས་ཀྱི་བླ་མ་སོགས་ཇི་ལྟར་འོས་པའི་མཚན་གནས་བཏགས་ནས་ཞུ་དགོས་པ་དང་། དེ་དག་ལ་འདུལ་བ་དང་མཐུན་པའི་གུས་ཞབས་དང་བསྙེན་བཀུར་སོགས་ཚུལ་ལྡན་བཞིན་དུ་ཞུ་དགོས། དགེ་བའི་བཤེས་གཉེན་ནི་རབ་ཏུ་བྱུང་བ་དེའི་མི་ཚེའི་ལམ་སྟོན་གཙོ་བོ་དང་། གཏན་གྱི་འདུན་མ་སྒྲུབ་པའི་བློ་འདྲི་ཡུལ་ངོ་མ་དེ་ཡིན་པས་དེ་ནི་གལ་ཆེ་ཤོས་དང་། མེད་དུ་མི་རུང་བ་ཞིག་ཡིན། རབ་ཏུ་བྱུང་བ་ཞིག་གི་མི་ཚེའི་མདུན་ལམ་བཟང་ངན་གང་འདྲ་ཞིག་ཏུ་བསྐྱོད་མིན་དང་། མི་ཚེ་བདེ་སྡུག་ལམ་ཁ་གང་དུ་འགྲོ་མིན་ནི་དགོན་སྡེའི་སློབ་གསོ་ལ་རག་ལས་པ་དང་། མཐར་གཏུག་ན་དགོན་སྡེའི་སློབ་གསོ་ཟེར་བ་དེ་ཡང་དགེ་རྒན་ནམ་དགེ་བའི་བཤེས་གཉེན་གྱིས་ཤེས་ཡོན་དང་ཀུན་སྤྱོད་ཀྱི་ལམ་སྟོན་ཇི་ལྟར་གནང་མིན་ལ་ཐུག་ཡོད་པར་འདོད།
དགོན་པའི་ནང་དུ་ཞུགས་མ་ཐག་པའི་བྱིས་པ་ཆུང་ཆུང་དེ་དག་གི་སེམས་ཁམས་ལ་མཚོན་ན་ཆེས་དྭངས་གཙང་གི་རས་གཞི་དཀར་པོ་ཡིད་དུ་འོང་བ་ཞིག་དང་མཚུངས་པས། དེའི་སྟེང་དུ་མི་ཚེའི་མདུན་ལམ་གྱི་མཛེས་སྡུག་གི་རེ་བ་བཅང་སའི་བག་ཆགས་ཀྱི་རི་མོ་ཇི་ཞིག་འབྲི་མིན་དང་། ཀུན་སྤྱོད་བཟང་ངན་གྱི་ཚད་གཞི་འཇལ་བའི་མཐོང་སྣང་གི་ཚོན་རྩི་གང་འདྲ་བསྐུ་མིན་ནི་དེ་དག་གི་མིག་མདུན་གྱི་དགེ་རྒན་ནམ་དགེ་བའི་བཤེས་གཉེན་དག་དེ་དག་དང་། དེ་དག་གི་ཁོར་ཡུག་ན་ཡོད་པའི་དགོན་སྡེའི་སློབ་གསོ་དང་སྒྲིག་གཞིས་གསོ་སྐྱོང་གནང་སྟེ་འཚར་ལོང་བྱུང་ཡོང་བའི་ཆོས་གྲོགས་དག་གི་ཀུན་སྤྱོད་མཐོང་ལུགས་དང་། སློབ་གསོ་ཉན་ལུགས་ཀྱིས་ད་གཟོད་བྱིས་པ་དེ་དག་གི་བསམ་བློའི་སྤུས་ཚད་དང་སྤྱོད་ལམ་བཟང་ངན་ཐག་གཅད་ཆོག་གི་རེད།
གཉིས་པ་བསླབ་གཞི་དང་ཁོར་ཡུག་གི་ཆ་རྐྱེན།
༡) བསླབ་གཞི་ལེགས་བཅོས།
གཅིག །རབ་ཏུ་བྱུང་བ་ཞིག་ལ་མཚོན་པ་ཡིན་ན་དགོན་པའི་ནང་དུ་འཛུལ་བའི་ཉིན་མོ་ནས་བཟུང་སྟེ། མི་ཚེ་རྫོགས་རག་བར་གྱི་དུས་ཚོད་ཡོད་ཚད་རབ་བྱུང་གི་འཚོ་བས་བསྐྱལ་དགོས་ལ་དགོན་སྡེའི་འཚོོ་བ་དང་ཤ་འདྲེས་པགས་འདྲེས་བྱས་ནས་འདུག་པ་དང་། གཉེན་ཉེ་དུ་འཁོར་ལོངས་སྤྱོད་སོགས་འཇིག་རྟེན་ཁྱིམ་པའི་ཕྱོགས་ཀྱི་ཟང་ཟིང་གི་ཁོར་ཡུག་ལ་སྙིང་པོ་མེད་པར་བལྟས་ཏེ་ཟུར་དུ་བཞག་ནས་དགོན་པ་ཟེར་བའི་ཁོར་ཡུག་དམིགས་བསལ་ཞིག་དང་། ཁེར་རྐྱང་གི་འཚོ་བར་གདོང་གཏད་ཕོད་པའི་སྙིང་སྟོབས་ཅན་གྱི་རབ་བྱུང་བའི་སྡེ་ཟེར་བའི་དམིགས་བསལ་གྱི་སྤྱི་ཚོགས་ཤིག་ནས་ལྷིང་འཇགས་ཀྱི་འཚོ་བར་རོལ་ཏེ་མི་ཚེ་བསྐྱལ་དགོས།
དེ་ལྟར་བྱེད་དགོས་དོན་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བའི་ལམ་ནས་རང་ཉིད་ཀྱི་མི་ཚེའི་མཛེས་སྡུག་དང་། ཚེ་སྲོག་གི་རིན་ཐང་འཚོལ་ནས། མི་ཚེའི་དོན་སྙིང་རྙེད་པར་འདོད་པའི་ཡིན། གསལ་པོར་བཤད་ན་འཁོར་བ་མཐའ་དག་སྡུག་བསྔལ་གྱི་འབྱུང་གནས་སུ་མཐོང་སྟེ་སྙིང་པོ་ཅི་ཡང་མེད་པར་མི་ཚེ་འདི་དང་ཚེ་རབས་གཞན་དུ་འཁོར་བ་ལ་ངེས་འབྱུང་སྐྱེས་ཏེ་ཐར་པའི་ལམ་སྣ་ཟིན་པའི་ཐབས་ལ་འབད་འདོད་པའི་ཡིན་འོས་པར་སྙམ།
དེས་ན་དེ་ལྟ་བུའི་བྱིས་པ་ཆུང་ཆུང་ཚོར་བསླབ་གཞིའི་གཞུང་ལུགས་སམ། སློབ་ཚན་འཐུས་སྒོ་ཚང་ཞིང་། མ་ནོར་བ། གོ་རིམ་ཡོད་པ། རྒྱས་བསྡུས་འཚམས་པ་ཞིག་ངེས་པར་དུ་ཆོས་བརྒྱུད་སོ་སོའི་དགོན་སྡེ་ཁག་གིས་བསྒྲིག་དགོས། དེ་ཡང་དང་པོ་ཀ་མད་སྦྱོར་ཀློག་གི་དུས་ཀྱི་སྦྱང་བྱའི་སློབ་ཚན་(བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་སོགས་གང་བསླབ་ཀྱང་རུང་)ནས་བཟུང་སྟེ། སློབ་དེབ་ཀྱི་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་གང་གི་ཆ་ནས་ཀྱང་དམ་ཆོས་འདུལ་བ་གཙོ་བོར་གྱུར་པའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ལུགས་ལས་བྱུང་བའི་མིང་དང་ཐ་སྙད་གང་ཐུབ་ཀྱིས་བསླབ་དགོས། དཔེར་ན་སུམ་རྟགས་དག་གསུམ་གྱི་ཚིག་སྒྲུབ་བྱེད་ལུགས་ནས་སྙན་ངག་མངོན་བརྗོད་ཀྱི་དཔེར་བརྗོད་འབྲི་ལུགས་ཚུན་ཆད་ཚིག་སྦྱོར་དང་ནང་དོན་ཚང་མ་ཆོས་འདུལ་བའི་བརྡ་ཆད་དང་། ནང་དོན་རིག་པའི་གཞུང་ལུགས་ཁག་གི་ཐ་སྙད་ཀྱི་སྟེང་ནས་བསླབ་ཐུབ་ན་ཧ་ཅང་བཟང་།
གཉིས། གཞུང་ཆེན་ཁག་ཏུ་གྲུབ་མཐའ་སོ་སོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རྒྱས་པར་བཤད་ཡོད་ན་ཡང་ལས་དང་པོ་བ་ཚོའི་ཐོག་མའི་བསླབ་གཞིར་མདོ་ཕྱོགས་ནས་གྲུབ་མཐའ་སྨྲ་བ་བཞི་དང་། སྔགས་ཕྱོགས་ཀྱི་རྒྱུད་སྡེ་བཞི་སོགས་གྲུབ་མཐའ་སྨྲ་བ་ཁག་གི་གཞི་ལམ་འབྲས་གསུམ་གྱི་སྐོར་མ་འདྲེས་པར་ཟུར་དུ་བཀར་ཏེ། དཔེར་ན་བྱེ་བྲག་སྨྲ་བའི་གཞིའི་སྐབས་ཀྱི་ཐ་སྙད་དང་དེ་བཞིན་དུ་ལམ་དང་འབྲས་བུའི་སྐབས་ཀྱི་བརྡ་ཆད་གཙོ་བོ་རྣམས་བཏོན་ནས་བསླབ་པ་དང་། དེ་བཞིན་གྲུབ་མཐའ་གཞན་གྱི་སྐོར་དེ་བཞིན་དུ་བསླབ་ཐུབ་ན་རྗེས་སུ་གཞུང་ཆེན་པོ་དག་ལ་འཇུག་སྐབས་ཕན་ཐོགས་ཆེན་པོ་འབྱུང་བར་འདོད།
གསུམ། སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་རྣམ་འདུལ་བ་ལུང་དང་། མདོ་སྡེ་ལས་བརྒྱ་བ། སྐྱེས་རབས་སོགས་ནས་བྱུང་བ་ཁག་དང་། ལས་འབྲས་ཀྱི་རྣམ་གཞག་དང་། བྱམས་སྙིང་རྗེ་སོགས་གཞན་ཕན་གྱི་བསམ་བློ་བརྗོད་བྱར་སྟོན་ཅིང་ངོ་མཚར་བའི་གཏམ་རྒྱུད་དག་གཙོ་བོར་གྱུར་པའི་འཕགས་བོད་ཀྱི་བླ་མ་གོང་མ་རྣམས་དང་། ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱི་རྣམ་ཐར་རྒྱས་བསྡུས་རན་པ། ཚིག་སྦྱོར་གཟུང་སླ་ལ་ནང་དོན་གོ་བདེ་བ་ལྷག་པར་དུ་འདུལ་བ་འཛིན་པའི་སྐྱེས་བུ་ཆེན་པོ་དག་གི་སྐུ་ཚེ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱིས་བསྐྱལ་ཞིང་འདོད་ཆུང་ཆོག་ཤེས་ཀྱིས་འདས་པའི་རྣམ་ཐར་དང་། རྟོགས་བརྗོད་སོགས་བསླབས་ཏེ་མི་ཚེ་རབ་བྱུང་གི་ལམ་ཁར་འཁྲིད་ཇི་ཐུབ་བྱས་ན། དེས་བྱིས་པ་ཚོའི་སེམས་ཁམས་ལ་རབ་བྱུང་བའི་སྡེའི་ཡ་རབས་བཟང་སྤྱོད་དང་། མི་ཚེ་རིན་ཐང་། བསམ་བློའི་སྙིང་སྟོབས་སོགས་ངོས་ཟིན་ཅིང་། སོ་སོའི་མི་ཚེའི་བརྒྱུད་རིམ་ཁྲོད་ལས་འབྲས་ལ་ཡིད་ཆེས་ཤིང་གཞན་ཕན་གྱི་བསམ་བློ་ངང་གིས་འབྱུང་བ་དང་དགེ་བའི་བག་ཆགས་གཏིང་ཟབ་འཇོག་པ་ལ་ཕན་ཐོགས་ངེས་ཅན་ཡོད་པར་སྙམ།
བཞི། སྤྱིར་ཆོས་ལུགས་སྣ་ཚོགས་ཀྱི་བྱུང་རབས་དང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཆགས་འཇིག །གྲུབ་མཐའི་བྱུང་འཕེལ། བསྟན་པའི་དར་རྒུད། སྟོན་པ་དང་བསྟན་འཛིན་གྱི་སྐྱེས་བུ་འཕགས་བོད་ཀྱི་བླ་མ་གོང་མ་དག་གི་རྣམ་ཐར་ཕྱོགས་དང་རིས་སུ་མ་ཆད་པ། གནའ་གཏམ་དང་ལྷ་སྒྲུང་ལྟ་བུ་མིན་པར་གནས་ལུགས་དང་མཐུན་ཞིང་དོན་དངོས་དང་འཚམས་པའི་ལོ་རྒྱུས་དག་སློབ་ཚན་དུ་བསྒྲིགས་ཏེ་བསླབ་ན། དེས་རབ་བྱུང་བ་ཚོས་འདས་ཟིན་པའི་ལོ་རྒྱུས་ཁྲོད་ཀྱི་བསྟན་པ་དེ་འཛིན་དང་བཅས་པའི་རང་བཞིན་ངོས་ཟིན་པ་དང་། ད་ལྟའི་སྤྱི་ཚོགས་ཁྲོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་གནས་བབ་ལ་བསམ་གཞིགས་དང་། རང་ཉིད་ལ་ཅི་ཞིག་གི་འགན་འཁྲི་ཡོད་པ། མ་འོངས་པར་སངས་རྒྱས་བསྟན་པའི་ཁ་ཕྱོགས་གང་ཞིག་འཚོལ་དགོས་པ་སོགས་ལ་བསམ་བློ་འཁོར་བར་ཕན་ཐོགས་ངེས་སྙམ།
ལྔ། རབ་ཏུ་བྱུང་བ་དག་ལ་ཆུང་དུས་ནས་འདོན་དབྱངས་རྟ། ཐིག་རྡུལ་ཚོན། མར་རྒྱན་གཏོར་བཟོ། འབུད་རྡུང་བཀྲོལ་གསུམ་སོགས་སངས་རྒྱས་རྡོ་རྗེ་འཆང་གིས་རྒྱུད་སྡེ་གོང་འོག་དག་ནས་བསྟན་པའི་དཀྱིལ་འཁོར་ཆེན་པོ་རྣམས་སྒྲུབ་ཅིང་མཆོད་པའི་ཆོ་ག་དང་། བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་འཁྲུལ་མེད་དག་ཚད་དང་ལྡན་པར་བསླབ་དགོས། དེས་རབ་བྱུང་བའི་མི་ཚེའི་ནང་རང་དོན་དུ་ཚོགས་གསོག་སྒྲིབ་སྦྱོང་དང་། གཞན་དོན་དུ་གཤིན་པོ་རྗེས་འཛིན་དང་། གསོན་པོའི་རིམ་གྲོ་སོགས་འགྲོ་དོན་ཕྱོགས་མེད་དུ་མཛད་པ་ལ་དགོས་ངེས་ཀྱི་ཆ་རྐྱེན་ཞིག་དང་། སྒྲུབ་པ་ཉམས་ལེན་བྱེད་པ་ལ་ངེས་པར་དགོས་པའི་ལག་ལེན་རྨད་དུ་བྱུང་བ་ཞིག་ཡིན་པ་མ་ཟད། ཆོ་ག་ཕྱག་ལེན་སྐོར་གྱི་རིག་གནས་འདིས་དགོན་སྡེ་དག་རང་ཁ་རང་གསོའི་ཕྱོགས་ལ་གཞོག་འདེགས་ཀྱི་ཕན་པ་རླབས་ཆེན་སྒྲུབ་ཐུབ་པ་དང་། དགོན་གྲོང་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏང་ཞིང་དད་ལྡན་མང་ཚོགས་ཀྱི་བསམ་བློའི་སྟོང་ཆ་བཀང་བ། གསང་སྔགས་ཀྱི་རྒྱུད་སྡེ་དང་འབྲེལ་བའི་དགོན་པ་སོ་སོར་གནའ་ནས་ཡོད་པའི་སྲོལ་རྒྱུན་གྱི་རིག་གཞུང་གལ་ཆེན་ཞིག་རྒྱུན་འཛིན་ཐུབ་པ་སོགས་ཀྱི་དགེ་མཚན་ཡོད་པར་གོར་མ་ཆག་སྙམ།
༢) སློབ་སྦྱོང་གི་ཁོར་ཡུག །
གཅིག །དཔེ་ཀློག་གི་གོམས་གཤིས་འཇགས་བཅུག་དགོས། མི་ཞིག་གི་མི་ཚེའི་ནང་དཔེ་ཀློག་གི་གོམས་གཤིས་བཟང་ངན་གྱིས་མི་དེའི་མི་ཚེའི་ལས་དབང་ལ་བསྒྱུར་བཀོད་ནུས་པར་བཤད་ལ། དཔེ་ཀློག་གིས་ཤེས་རྟོགས་གོང་མཐོར་གཏང་ཞིང་སེམས་རྒྱ་དང་མིང་རྒྱང་བསྐྱེད་ནུས་པར་བཤད། ལྷག་པར་དུ་རབ་བྱུང་བ་ཞིག་ལ་མཚོན་ན་ཀློག་པ་ཐོས་བསམ་ནི་ཆེས་མེད་དུ་མི་རུང་བའི་མི་ཚེའི་ཆ་ཤས་གལ་ཆེན་ཞིག་ཡིན་པ། སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་དགྲ་འཇོམས་མཚོན་ཆ་ཡིན། ། ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་འཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཞེས་གསུངས། ཆུང་དུས་ནས་དཔེ་ཀློག་གི་གོམས་གཤིས་འཇགས་མིན་ཡང་གང་དུ་འཚར་ལོང་འབྱུང་སའི་ཁོར་ཡུག་དེའི་དཔེ་ཀློག་གི་ཆ་རྐྱེན་དང་། ཁོར་ཡུག་དེའི་མི་དག་གི་དཔེ་ཀློག་གི་འདུ་ཤེས། དཔེ་ཀློག་གི་རིན་ཐང་ལྟ་ཚུལ་སོགས་ཀྱིས་བྱིས་པ་ཆུང་ཆུང་དག་གི་སེམས་ངོར་དཔེ་ཀློག་གི་བག་ཆགས་སྲབ་འཐུག་ཅི་ཙམ་འཇོག་དང་། བག་ཆགས་དེའི་སྤུས་ཚད་ལ་འབྲེལ་བ་ཡོད་པར་འདོད། མི་རྣམས་ཀྱི་མི་ཚེའི་བརྒྱུད་རིམ་དང་བསམ་བློའི་ཕུགས་འདུན་མི་འདྲ་བས་རང་རང་གི་བྱ་བ་དང་མཐུན་པའི་དཔེ་ཀློག་གི་ཁོར་ཡུག་རེ་དང་། ཁོར་ཡུག་དེས་བསྐྱེད་པའི་འདུ་ཤེས་འཛིན་སྟངས་རེ་ཅིས་ཀྱང་ཡོད་པར་འདོད།
རབ་ཏུ་བྱུང་བ་དག་གི་མི་ཚེའི་འཚོལ་སྙེག་གམ་དམིགས་ཡུལ་ནི་ཐར་པ་དོན་གཉེར་དང་། འཇིག་རྟེན་ཞི་བདེ། བདག་བས་གཞན་གཅེས་སོགས་ཡིན་པས་དེ་དག་ནི་འཇིག་རྟེན་ཀུན་ཁྱབ་ཀྱི་བྱམས་བརྩེ་དང་། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་སོགས་རླབས་ཆེན་གྱི་བསམ་བློ་མང་པོ་ཞིག་ལ་བརྟེན་ནས་འབྱུང་རྒྱུ་ཡིན་པ་ལས་རང་དགར་ཡོང་རྒྱུ་ཞིག་གཏན་ནས་མིན་ཚོད་རེད། དེ་བས་བསམ་བློ་དེ་དག་བརྗོད་བྱར་སྟོན་པའི་དཔེ་ཆའི་ཁོར་ཡུག་གི་མཐུན་རྐྱེན་བསྐྲུན་པ་དང་། དཔེ་ཆ་དེ་དག་ཀློག་པའི་དཔེ་ཀློག་གི་གོམས་གཤིས་འཇགས་སུ་འཇུག་དགོས། དེ་ཡང་དགོན་པར་ཞུགས་པའི་བྱིས་པ་ཆུང་ཆུང་ཚོའི་ན་ཚོད་ཀྱི་འགྲོས་དང་བསྟུན་ཞིང་བསམ་བློའི་འཕེལ་རིམ་དང་འཚམས་པའི་ནང་བསྟན་ཆོས་ལུགས་དང་འབྲེལ་བའི་ཡིག་ཆ་དག་དཔེ་ཀློག་བྱེད་པའི་གོམས་གཤིས་ཡག་པོ་ཞིག་འཇགས་ཐུབ་ན། དེས་རབ་བྱུང་བ་ཞིག་གི་མི་ཚེའི་ནང་ནང་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གོང་འཕེལ་དུ་འགྲོ་བའི་རམ་འདེགས་བྱེད་པ་དང་། གཞུང་ལུགས་ཁག་ནས་གསུངས་པའི་མཆོག་གསུམ་ལ་དད་པ་དང་། ལས་འབྲས་ལ་ཡིད་ཆེས། རྟེན་འབྱུང་ལ་མོས་པ་སོགས་མེད་པ་ནས་ཡོད་པ་ཡོད་པ་ནས་ཇེ་ཆེ་ལ་འགྲོ་བའི་གྲོགས་སུ་འགྱུར་ངེས་པར་གདོན་མི་ཟ་སྙམ།
གཉིས། སངས་རྒྱས་ཀྱི་བསྟན་པ་ནི་བཤད་སྒྲུབ་གཉིས་ཀྱིས་འཛིན་དགོས་པས་བཤད་པའི་སྡེ་གཅིག་པུ་ཡོད་པ་ཙམ་གྱིས་མི་ཆོག་པར་སྒྲུབ་པའི་སྡེ་ཡང་དགོས་པས་ན། བཤད་གྲྭ་ཁག་གིས་ཟུར་དུ་སྒྲུབ་པའི་སྡེ་འམ་སྒྲུབ་གྲྭ་བཙུགས་ཏེ་གཞུང་ལུགས་ཁག་ལ་སློབ་གཉེར་གང་འཚམས་བྱས་ཟིན་པའམ། བསླབ་པ་རྒན་པ་གནས་བརྟན་རྣམས་དང་སྒྲུབ་པ་ལྷུར་ལེན་པ་ལ་མོས་པ་ཡོད་མཁན་དག་ལ་རྒྱུད་སྡེ་རིན་པོ་ཆེ་དྲི་མ་མེད་པ་རྣམས་ལས་གསུངས་པའི་ཡི་དམ་གྱི་ལྷའི་བསྙེན་མཚམས་ལ་བཞུགས་ས་དང་། གཞན་ཡང་སྒོམ་སྒྲུབ་ཉམས་ལེན་བྱ་སའི་བསྟི་གནས་རེ་མེད་ཐབས་མེད་ཅིང་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་པར་སྙམ།
དགོན་པར་ཞུགས་པའི་བྱིས་པ་ཆུང་ཆུང་ཚོར་གཞོན་དུས་ནས་སྒོམ་སྒྲུབ་ཉམས་ལེན་གྱི་ཕྱོགས་ལ་བློ་ཁ་ཕྱོགས་པའི་ཐབས་ལ་བརྩོན་དགོས། དེ་ཡང་སྒོམ་གྱི་ཐོག་མ་དབུགས་འབྱུང་རྔུབ་དང་། དྲན་པ་ཉེར་གཞག་ལྟ་བུ། ཞི་གནས་སོགས་ཏིང་ངེ་འཛིན་གྱི་སྐོར་གྱི་རྒྱུན་ཤེས་གལ་ཆེན་དག་གི་མིང་ཚིག་བློར་འཇགས་བཅུག་པ་དང་། དུས་ཡུན་ཐུང་ཐུང་རེ་ལས་མ་བྱུང་ཡང་སྒོམ་གྱི་ཉམས་ལེན་ལ་ངེས་པར་དོ་སྣང་ཡོད་པ་ཞིག་གི་སློབ་གསོའམ་སློབ་སྦྱོང་ངེས་པར་དུ་སྤྲད་དགོས།
༣) ཀུན་སྤྱོད་ལེགས་བཅོས།
གཅིག །རབ་ཏུ་བྱུང་བ་དག་གི་མི་ཚེ་ནི་ཆོས་སྤྱོད་ཀྱིས་འདའ་དགོས་པས་ཆུང་དུས་ནས་བཟུང་སྟེ་གཞུང་ལུགས་སློབ་གཉེར་གྱི་གེགས་སུ་མི་འགྱུར་བར་སློབ་སྦྱོང་གི་ཐུན་མཚམས་སུ་མང་ཉུང་འཚམས་པའི་ཁ་ཏོན་དགེ་སྦྱོར་ལ་འབད་དུ་འཇུག་དགོས། དེས་ན་གཞོན་རབ་བྱུང་བ་དག་གི་རྒྱུད་ལ་ཆོས་ཀྱི་གོམས་གཤིས་འཇགས་པ་དང་དགེ་བའི་ལས་ལ་གོམས་ཏེ་མི་གཤིས་ཆོས་དང་འདྲེས་ནས་མི་ཚེ་ཡང་དག་པའི་ལམ་ལ་འགྲོ་བར་ཕན་འདོགས་ངེས་ཅན་ཡོད་པར་འདོད།
གཉིས། དགོན་པའི་ནང་དུ་འཛུལ་ཞུགས་བྱས་ཏེ་རབ་ཏུ་བྱུང་བའི་ཉིན་མོ་ནས་བཟུང་མི་ཚེ་འདིར་ཆོས་པ་རྣལ་མ་ཞིག་ཨེ་ཡོང་གི་བསམ་བློ་རྒྱུད་ལ་སྐྱེ་ཐབས་དང་། བསམ་བློ་དེ་རྒྱུན་འཁྱོང་ཡོང་བའི་ཐབས་ཤེས་ཡོད་དགུ་འཚོལ་དགོས་པ་ནི་སྨོས་མེད་རེད་ལ། ཆོས་པ་ཞིག་ཡོང་བ་ལ་མི་བཟང་པོ་ཞིག་དགོས་པ་མ་མཐའི་ཆ་རྐྱེན་ཡིན་ངེས། དེས་ན་དགོན་པའི་ནང་གི་བྱིས་པ་ཚོར་ཆུང་དུས་ནས་ཡ་རབས་བཟང་སྤྱོད་དང་། ལྷག་བསམ་རྣམ་དག །དྲང་བདེན་སོགས་མི་གཞི་བཟང་པོ་ཅན་ཞིག་ཨེ་ཡོང་ལ་རེམ་དགོས་པ་མ་ཟད། རབ་བྱུང་བའི་མི་ཚེ་ནི་འཚོ་བ་གཞན་བརྟེན་གྱིས་བསྐྱལ་དགོས་ལ་དེ་ནི་རང་ངོས་ནས་ངོ་ཚ་དགོས་པ་ཞིག་དང་། མི་སྔུན་ནས་ངོ་གནོང་དགོས་པ་ཞིག་མ་ཡིན་པར་སྟོན་པ་ཐུགས་རྗེ་ཅན་གྱིས་རྗེས་སུ་གནང་ཞིང་། སྔོན་གྱི་དམ་པ་གོང་མ་དག་གིས་ཉམས་སུ་བཞེས་ནས་ཡོང་བའི་རབ་བྱུང་བའི་འཚོ་བ་སྐྱེལ་སྟངས་དངོས་དེ་ཡིན་པས་རབ་བྱུང་ན་གཞོན་ཚོར་ཆུང་དུས་ནས་འཚོ་བ་རྒྱས་སྤྲོས་དང་། བག་མེད་ལོངས་སྤྱོད། དཔལ་འབྱོར་གསོག་འཇོག་སོགས་ཀྱི་ཐད་ནས་གསོ་དཀའ་ཞིང་དགང་རྒྱུ་མེད་པར་སྤྱི་ཚོགས་ཀྱི་ཁུར་བོ་ཞིག་ཏུ་མི་འགྱུར་བའི་འགན་འཁུར་ཤེས་མཁན་ཞིག་དང་། བག་ཡོད་ཚུལ་མཐུན་གྱི་སྤྱོད་པ་དང་། འདོད་ཆུང་ཆོག་ཤེས་ཀྱི་བསམ་བློ་ཅན་ཞིག་ཡོང་བའི་ཐབས་ལ་འབད་དགོས་པར་འདོད།
གསུམ། རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་འཆང་བ་ནི་ཆོས་རྗེ་ས་པཎ་གྱིས། ཞིང་གི་གྲབས་བཞིན་ཚུལ་ཁྲིམས་ལ། །གུས་པའི་རྒྱུ་རུ་གསུངས་པར་ཟད། །ཅེས་གསུངས་པ་ལྟར་རང་གི་རྒྱུད་ཀྱི་བསླབ་པ་རིན་པོ་ཆེ་ལ་གུས་བཀུར་དང་གཅེས་སྤྲས་བྱེད་པ་ཞིག་ཡིན་པ་མ་ཟད། རིག་གཞུང་ཞིག་གི་མཚོན་རྟགས་དང་། ཚོགས་སྡེ་ཞིག་གི་དར་ཆ་ལྟ་བུ་ཡིན་པས་ཅིས་ཀྱང་འདོར་མི་རུང་ཞིང་འཆང་བར་འོས། རབ་ཏུ་བྱུང་བའི་ཉིན་མོ་ནས་བཟུང་སྟེ་རྟགས་དང་ཆ་ལུགས་ཡོངས་སུ་བརྗེ་ཟིན་པ་ཡིན་པས་དེ་ནས་བཟུང་རབ་ཏུ་བྱུང་བའི་ཆ་ལུགས་ལས་གཞན་ཁྱིམ་པའི་ཕྱོགས་ཀྱི་རྟགས་འཆང་བ་དང་ཆ་ལུགས་འཛིན་པ་སོགས་མི་བྱེད་པའི་ཐབས་ལམ་དགོན་སྡེ་སོ་སོའི་སྒྲིག་གཞི་དོ་དམ་པའི་ངོས་ནས་ལྟ་རྟོག་ནན་མོ་བྱེད་དགོས་ལ། བྱེད་པའི་ཐོབ་ཐང་དང་འགན་འཁྲི་གཉིས་ཀ་ཡོད་པས་དགོན་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་རྣམ་པས་དེའི་ཕྱོགས་ལ་ཅིས་ཀྱང་དོ་གལ་ཆེན་པོས་གཟབ་དགོས་སྙམ།
ཡུལ་དུས་ཀྱི་དབང་གིས་ན་བཟའ་སྦུ་གུ་ཅན་དང་གོང་བ་ཅན་ལ་སོགས་པ་ཡོངས་སུ་སྤངས་ཏེ་འདུལ་བའི་གཞུང་ཇི་ལྟ་བ་བཞིན་རབ་ཏུ་བྱུང་བའི་ཆ་ལུགས་དུས་སྐབས་ཀུན་ཏུ་འཆང་མི་ཐུབ་ན་ཡང་དགོན་སྡེ་སོ་སོའི་སྒྲིག་འོག་ན་ཡོད་ཅིང་། རབ་ཏུ་བྱུང་བའི་ཐོབ་ཐང་ལེན་མཁན་ཞིག་ཡིན་ཕྱིན་ཡུལ་ལུང་གང་དུ་ཕྱིན་ཡང་རྒྱུན་དུ་ད་ལྟ་བོད་ཀྱི་དགེ་འདུན་པ་དག་གིས་སྤྱོད་བཞིན་པའི་གྲྭ་ཆས་གཙང་མ་ཞིག་དང་ཁ་འབྲལ་མི་རུང་བའི་སྒྲིག་གཞིའམ་ལམ་ལུགས་དམ་པོ་ཞིག་ངེས་པར་དུ་ཡོད་ན་འདོད།
༣) སློབ་དུས་གཏན་འཁེལ།
སློབ་གཉེར་ལ་ཆོག་ཤེས་དང་ཐོས་བསམ་ལ་ཚོད་འཛིན་མི་བྱེད་པར་མི་ཚེ་སློབ་སྦྱོང་གིས་བསྐྱལ་ཐུབ་པའི་ལམ་ཁ་ཞིག་ངེས་པར་བཟོ་དགོས། དེ་ཡང་དཔེར་ན་རབ་ཏུ་བྱུང་བ་ཕོ་མོ་ཚོ་ལོ་བདུན་ནས་བཅོ་ལྔ་བར་དུ་ཐུན་མོང་རིག་གནས་སྐད་ཡིག་དང་ཨང་རྩིས་རིགས། སུམ་རྟགས་དག་གསུམ། སྙན་ངག་མངོན་བརྗོད། རྩོམ་རིག་འབྲི་སྦྱང་། གློག་རྡུལ་ཚན་རིག །རྩོད་པའི་རིགས་ལམ། གཞུང་ཆེན་ཁག་གི་སྔོན་འགྲོ་གྲུབ་དོན་ས་གསུམ་ལྟ་བུ་དང་། འདོན་ཆོག་དང་འབྲེལ་བའི་དགོན་སྡེའི་རྨང་གཞིའི་རིག་གནས་ཁག་བསླབ་པ་དང་། དེ་ནས་གཞུང་བཀའ་པོད་དྲུག་སོགས་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་དང་། དེ་རྗེས་གསང་སྔགས་ཀྱི་གཞུང་རྒྱུད་སྡེའི་གཞུང་ལུགས་ཁག་དང་། དེ་ནས་ཆེད་སྦྱོང་སོགས་གོ་རིམ་ཡོད་པའི་སློབ་ཚན་ནམ་བསླབ་བྱའི་གཞུང་དག་ལེགས་པར་བསྒྲིགས་ཏེ། དེ་ལ་སློབ་དུས་ཤིག་ངེས་པར་གཏན་འཁེལ་དགོས།
གསུམ་པ་དགོན་སྡེའི་སྒྲིག་འཛུགས་ཀྱི་ཆ་རྐྱེན།
གཅིག །རྒྱུ་འབྲས་དྲང་སྙོམས་ཀྱི་སྒྲིག་གཞི་དོ་དམ་ནི་ཆེས་གལ་འགང་ཆེ་བའི་གནད་དོན་ཞིག་ཡིན་པར་འདོད། སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་ཐུན་མོང་གི་འཚོ་བ་མཉམ་དུ་རོལ་ཞིང་ཐུན་མོང་གི་བྱ་བ་མཉམ་སྒྲུབ་བྱ་དགོས་པ་ནས་བཟུང་སྟེ་དེ་ལ་ཐུན་མོང་གིས་བརྩི་འཇོག་བྱ་ས་ཞིག་ངེས་པར་དགོས་པས་དེ་ནི་ཐུན་མོང་གིས་ཁས་ལེན་པའི་སྒྲིག་གཞི་ཞིག་ལ་གཞི་བཅོལ་ན་སྒྲིག་འཛུགས་དོ་དམ་བྱེད་སླ་བ་དང་། སྤྱི་ཚོགས་དེ་གང་ཟག་གིས་དབང་སྒྱུར་བ་མ་ཡིན་པར་ཁྲིམས་ཀྱི་དབང་སྒྱུར་འོག་འགྲོ་བས་འཛམ་གླིང་རྒྱལ་སྤྱིའི་དེང་རབས་ཀྱི་འགྲོ་ལུགས་དང་མཐུན་པ། སྤྱི་ཚོགས་རྒྱུན་འཁྱོང་ཡོང་བ་ལ་ཕན་པ་སོགས་དགེ་མཚན་ཅི་བས་ཆེ་བ་ཡོད་པར་བཤད།
གཉིས། སྒྲིག་གཞིའམ་ཁྲིམས་ལུགས་ཀྱིས་ནི་སྤྱི་ཚོགས་ཀྱི་བདེ་འཇགས་དང་གང་ཟག་སྒེར་གྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཅིང་། མི་དང་མིའི་བར་དང་མི་དང་རང་བྱུང་ཁོར་ཡུག་བར་གྱི་མཐུན་ལམ་བཟང་དུ་གཏང་ཞིང་། འགྲོ་བ་མིའི་རིགས་ཀྱི་བསམ་བློ་དང་ཀུན་སྤྱོད་བཟང་ཕྱོགས་སུ་འཁྲིད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན་པར་བཤད། དགོན་སྡེའམ་རབ་བྱུང་བའི་སྡེ་ཡང་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས་ཐུན་མོང་གིས་གཞི་བཅོལ་སའམ། ཀུན་གྱིས་བརྩི་འཇོག་བྱ་སའི་སྒྲིག་གཞི་ཞིག་དགོས་པ་སྨོས་མེད་རེད། དེ་ཡང་དགོན་སྡེ་སྤྱི་ཚོགས་སམ་སེར་མོ་བའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་ལེགས་ལམ་དུ་དཀྲི་བའི་ལམ་ལུགས་སམ། སྒྲིག་གཞིའམ་ཁྲིམས་ལུགས་ནི་ཆོས་འདུལ་བ་དང་མཐུན་དགོས་པ་གཞིར་བཞག་ལ། དེ་རིང་གི་ཡུལ་དུས་ཁོར་ཡུག་དང་མཐུན་པའི་གུ་ཡངས་དཀྱེལ་ཆེ་ཡི་རྣམ་པ་ཡོད་པ་ཞིག་ཡིན་དགོས་པར་སྙམ།
གསུམ། སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་རབ་བྱུང་བའི་སྡེ་འཚོ་གནས་བྱ་སའི་དགོན་པ་དག་ནི་ཅིས་ཀྱང་ཕྱི་གཙང་ནང་གཙང་ཞིག་ཡིན་དགོས་པས། དགོན་སྡེའི་ཁྲིམས་ལུགས་ནི་རབ་ཏུ་བྱུང་བའི་སྡེ་རྣམས་གཙང་མར་ཉར་ཚགས་བྱེད་ཐུབ་པ་ཞིག་ཡིན་དགོས། དགོན་སྡེའི་སྒྲིག་གཞིས་རབ་བྱུང་བའི་སྡེའི་ཐོས་བསམ་སྒོམ་གསུམ་ལ་རམ་འདེགས་བྱེད་ཅིང་། དགེ་འདུན་པ་རེ་རེའི་བསམ་བློའི་ཤེས་ཡོན་དང་ཀུན་སྤྱོད་ཀྱི་སྤུས་ཚད་གོང་མཐོར་གཏང་ཐུབ་དགོས། དགོན་པའི་སྒྲིག་ཁྲིམས་ནི་དགེ་འདུན་པ་ཡོངས་ནས་མང་མོས་སམ་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ཞིག་ལས། དབང་འཛིན་པ་གང་ཞིག་གིས་རང་འདོད་ཀྱིས་བཙན་བཀའ་ཕབ་པ་ལྟ་བུའམ་སྤྲུལ་སྐུ་དང་བླ་བྲང་ལྟ་བུ་གང་ཟག་བྱེ་བྲག་པ་དང་ཚོགས་སྡེ་བྱེ་བྲག་པ་ཞིག་གི་ཁེ་ཕན་གཙོར་བཟུང་གིས་གཏན་ལ་ཕབ་པ་ཞིག་ཡིན་མི་འོས།
བཞི། མདོར་ན་དགོན་སྡེའི་སྒྲིག་གཞི་ནི་དགོན་པ་དེ་གའི་དོན་གྱི་བདག་པོ་དགེ་འདུན་པ་སྤྱིའི་ཆེད་དུ་ཡིན་འོས་པ་ལས། དགོན་སྡེའི་དབང་འཛིན་པའི་གཙོས་མི་ཆེན་དཔོན་ཆེན་དང་སྦྱིན་བདག་ཕྱུག་པོ་སོགས་སུ་ཞིག་གི་ཆེད་དུ་ཡིན་མི་དགོས། རབ་བྱུང་བའི་བཅའ་ཁྲིམས་ནི་དགོན་པ་དེའི་དགེ་འདུན་པ་རྣམས་ཀྱི་བསླབ་པ་སློབ་གཉེར་གྱི་གྲོགས་སུ་འགྱུར་ཞིང་། དགེ་འདུན་པ་དག་ཐུགས་མཐུན་ཁྲིམས་གཙང་ཡོང་བ་ལ་གེགས་སུ་མི་འགྱུར་བ་ཞིག་ངེས་པར་དུ་ཡིན་དགོས།
མཇུག་གི་གཏམ།
ངེས་དོན་ཆོས་ཀྱི་བཤེས་གཉེན་མཚན་ཉིད་དང་ལྡན་པ་དག་བསྟེན་ཏེ། དགོན་སྡེའི་སློབ་གསོ་ཡང་དག་པ་ཞིག་མྱངས་ཤིང་། དགོན་སྡེའི་བསླབ་གཞི་ཚད་ལྡན་ཞིག་སྦྱངས་ནས། དགོན་སྡེའི་སྒྲིག་གཞི་སྤུས་དག་ཅིག་གི་འོག་ནས་འཚར་ལོངས་བྱུང་ཡོང་བའི་དགེ་འདུན་པའི་སྡེ་དག་ནི་ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་ཆུང་བ་ཤ་སྟག་ཏུ་བཞེངས་ཐུབ་པའི་རེ་བ་བྱེད་ཆོག་ལ། དེ་ལྟར་བྱུང་ཚེ་ད་གཟོད་ང་ཚོོས་རེ་བ་བརྒྱབ་པ་ནང་བཞིན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཟེར་བ་དེ་གསོ་སྐྱོང་བྱེད་ཐུབ་སོང་བ་རེད་ལ། དགོན་སྡེའི་སློབ་གསོའི་དམིགས་ཡུལ་དང་དགོན་སྡེའི་སྒྲིག་གཞིའི་ལས་དོན་ཡང་འགྲུབ་པ་རེད། དགེ་འདུན་པ་རྣམས་ཀྱིས་ཀྱང་མི་ཚེར་དགོན་པར་བསྡད་ནས་ཐོས་བསམ་སྒོམ་གསུམ་ལ་འབད་འབུངས་བྱས་པའི་དོན་པོར་མི་ཚེའི་དོན་སྙིང་དང་ཚེ་སྲོག་གི་རིན་ཐང་རྙེད་པ་རེད་ཟེར་ན་ཆོག་པར་འདོད། དེ་ལྟར་རང་ཉིད་ཀྱིས་གང་ཞིག་བཤད་པ་དེ་དག་ནི་ང་རང་མི་སྒེར་བ་ཞིག་གི་བསམ་ཚུལ་དང་ལྟ་ཚུལ་ཙམ་ཞིག་ཞུས་པ་ཡིན་པས་མ་འགྲིགས་པ་དང་འགལ་བའི་ཆ་མཆིས་ན་བཟོད་གསོལ་ཞུ་བ་དང་། དགེ་བའི་ཆ་རེ་ཡོད་ཚེ་བསྟན་པ་རིན་པོ་ཆེ་དར་ཞིང་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་པའི་རྒྱུ་རུ་འགྱུར་བའི་རེ་སྨོན་ཞུ། ཕྱི་ལོ་༢༠༡༩ཟླ་༡༠ཚེས་༡༠ལ་ཕུལ།
དགོན་པའི་ནང་ལ་འཛུལ་མཁན་མང་པོ་ཞིག་སྤྲུལ་སྐུ་དང་བླ་མ་དབང་འཛིན་པ་ཉུང་ཤས་ཤིག་གི་ཚ་བོ་དངསྤུན་མཆེད་ཡིན་ལ་དེ་དག་རྣམས་དགོན་པའི་སྒྲིག་འཛུགས་མི་བསྲུང་མཁན་ཡིན་པ་དང་། བླ་བྲང་དང་གྲྭ་ཚང་ཁག་གི་མན་ཇུ་ཊི་ལར་མགྲོན་ཁང་བཙུགས་དེ་དག་ནང་འཆལ་སྤྱོད་གང་བྱུང་བྱེད་སར་གྱུར། ཚོང་པ་ལ་དངུལ་སྐྱེད་བརྒྱ་ཆ་ཆེན་པོ་བླངས་ནས་ཁྲིམས་འགལ་གྱི་ལས་སྣ་ཚོགས་དགོན་པ་ཚོས་བྱས། ཁང་སྟོང་མང་པོ་གསར་རྒྱག་གིས་སྒ྄ོ་འབྱེད་བྱས་ན་བསྟན་པ་འཛིན་ཁུལ་བྱས། འདི་དག་ལ་བརྟེན་ནས་གྲྭ་དམངས་ནང་གྲྭ་པའི་སྤུས་ཚས་ཞན་ཅིང་ཁ་ཤས་ཡོད་པ་རྣམས་གཡོག་བསྐུལ་ས་དང་དབང་འཛིན་པ་དག་ལ་ཕན་ཐོག་དང་གོ་ཆོད་མིན་ཙམ་དང་མང་ཆེ་བ་ལྟོ་གོས་ལ་དཀའ་ངལ་ལམ་ཕལ་ཆེ་བ་འཇིག་སྐྱོབ་ལེགས་མོས་ལས་དངོས་སུ་ངེས་འབྱུང་ཡོད་མཁན་ཆེས་ཉུང་ཞིང་མེད་པ་རེད་བརྗོད་ནའང་འཐུས། དེའི་སྟེང་ད་ལྟ་བོད་རྣམས་འཚོ་བའི་གནས་སྟངས་ལེགས་པས་དགོན་པར་འཛུལ་མཁན་ཉུང་དུ་འགྲོ་བ་ལ་ལྟོས་ན་གྲྭ་པ་བྱེད་རྒྱུ་འདི་འཚོ་ཐབས་ཤིག་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་མིན་པ་གསལ་པོ་རེད། གལ་ཏེ་དགོན་པར་བསྡད་ནའང་འདུལ་ཁྲིམས་བསྲུང་མཁན་ནི་ཉི་མོའི་སྐར་མ་རང་རེད། མཐའ་ན་ཕྱི་དྲོའི་ཁ་ཟས་ཙམ་ཡང་སྤང་ལུགས་མེད་པའི་བླ་མའི་ཆོས་ལུགས་པ་དག་ད་དུང་ཚན་རིག་ལ་ཁ་ཕྱོགས་སྟང་འདིས་རང་ཚང་གསལ་པོ་བསྟན་པ་འདི་མཐོང་བ་མངོན་དུ་གྱུར་ཏོ། ན་ལེཎྜའི་ཆོས་བརྒྱུད་འཛིན་སྟངས་འདི་འདྲ་ཨ་ཡིན་ན་སྙམ།