ཨེ་མ་ཧོ།
བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ།།
༡༽ སངས་རྒྱས་བསྟན་པ་བཤད་སྒྲུབ་ཕྲིན་ལས་དགོས།།
སྲོལ་རྒྱུན་རྒྱལ་ཁབ་སྐྱོབ་པའི་སྐད་ཡིག་དགོས།།
བསྟན་སྲིད་ཆོས་ལ་མཁྱེན་པའི་ཤེས་རབ་དགོས།།
འགྲོ་བ་ཡོངས་ལ་བྱམས་པའི་བརྩེ་བ་དགོས།།
༢༽ བླ་མས་སློབ་མ་འདྲེན་པའི་ནུས་པ་དགོས།།
སློབ་མས་བླ་མ་དད་པའི་དམ་ཚིག་དགོས།།
རྗེ་ཡིས་དམངས་ལ་སྙིང་གི་འདུ་ཤེས་དགོས།།
དམངས་ཀྱི་རྗེ་ལ་མིག་གི་འདུ་བྱེད་དགོས།།
༣༽ བདེན་དྲང་མི་ལ་བསྔགས་བརྗོད་བསྟོད་པ་དགོས།།
གཡོ་རྫུན་རིགས་ལ་ཐེར་འདོན་སྐྱོན་བརྗོད་དགོས།།
མི་སྐྱ་ཡོངས་ལ་ལ་རྒྱ་རྒྱལ་གཅེས་དགོས།།
ནང་པ་ཡིན་ན་སྐྱབས་འགྲོའི་བསླབ་བྱ་དགོས།།
༤༽ རབ་བྱུང་རྣམ་པར་ངེས་འབྱུང་སྡོམ་པ་དགོས།།
བྱང་ཆུབ་སེམས་དཔའ་ཕྱིན་དྲུག་སྤྱོད་པ་དགོས།།
སྔགས་འཆང་ཀུན་ལ་དམ་ཚིག་སྒྲུབ་པར་དགོས།།
སྤྲུལ་སྐུ་ཡང་དག་བཀའ་གཏེར་གདམས་པ་དགོས།།
༥༽ སྐྱབས་རྗེ་ཡོངས་ལ་ཞི་དྲག་ཕྲིན་ལས་དགོས།།
ཆོས་རྗེ་རྣམས་ལ་ལྔ་རིག་མཁྱེན་པ་དགོས།།
སྐྱབས་མགོན་ཚང་མར་སྤྱི་ཕན་ངེས་པར་དགོས།།
རྗེ་འབངས་ཡངས་ལ་ཆིག་སྒྲིལ་མཐུན་ལམ་དགོས།།
༦༽ སངས་རྒྱས་དངོས་ལ་སྟོབས་བཅུ་ཡོན་ཏན་དགོས།།
དགོས་པའི་གོ་སླ་གདམས་ངག་ཉེར་གཅིག་པ།།
འབུམ་རམ་རིན་ཆེན་སྐུལ་ངོར་མ་ལྡོག་ཕྱིར།།
བྷན་གྷོར་གཙུག་ལག་ཁང་ནས་ཤྲཱིས་ཕུལ།།
དགེ་བཙུན་ཡོངས་ལ་བོད་ཕན་སྨོན་ལམ་དགོས། །
ལས་བྱེད་ཡོངས་ལ་ལས་འཁུར་ཧུར་ཐག་དགོས། །
མི་མངས་ཡོངས་ལ་མང་གཙོའི་འགན་འཁུར་དགོས། །
དྲྭ་གྲོགས་ཡོངས་ལ་སྨྱུག་གུའི་སྨྱུག་རྩལ་དགོས། །
རྒྱ་མིན་བོད་མིན་བོད་པའི་འཐབ་རྩོལ་ལ་མི་དགོས།།
སྐྱ་མིན་སེར་མིན་དགོན་པའི་གྲྭ་རྒྱུན་ལ་མི་དགོས།།
ཆོས་མིན་སྲིད་མིན་དམངས་གཙོའི་ལམ་ལུགས་ལ་མི་དགོས།།
ཤེས་མེད་འཇོན་མེད་འཛིན་སྐྱོང་དཔོན་པོ་ལ་མི་དགོས།།
དགྲ་དགའ་གཉེན་སྡུག་གྲོས་ཀྱི་ཚོགས་ར་ནས་མ་བཤད།།
འཆི་ཁའི་ཁ་ཆེམས་ཉལ་ཁའི་ཇ་བཞིན་དུ་མ་མང་།།
ལ་རྒྱའི་དཔའ་གཏམ་ཕུ་ནུའི་ནང་ཁུལ་ལ་མ་འཐེན།།
རིགས་ཀྱི་ཞེན་ཁོག་ཡ་ཐོད་ཁ་སྒོ་ནས་མ་བཤད།།
རྩོལ་རྙོག་འཐེན་འཁྱེར་ཆོས་རྒྱུད་བླ་རྒྱུད་ཀྱིས་གནང་བས།།
མགོ་ནག་བོད་འདི་མུན་ནག་དོང་ཞབས་ལ་ལྷུང་སོང་།།
རང་བཙན་འཐབ་རྩོལ་ཁ་སྟོང་ཚིག་སྟོང་གིས་སྒྲུབ་པས།།
རང་རིགས་རྒྱལ་ཁབ་ཨ་ཞང་རྒྱ་རྒན་དེས་ཟས་སོང་།།
ས་མཐའི་གོ་མེད་དགེ་བོ་མགོ་རིས་ཚོའི་ཁ་ཡིས།།
ས་སྟེང་འདི་ཀོ་ཕུ་དཀྲུག་མདའ་དཀྲུག་ཏུ་བཏང་སོང་།།
ས་རྒྱ་ཆོད་པའི་ཨ་མའི་བུ་རྒོད་རེ་ཡོད་ན།།
ས་མཐོ་གངས་རིའི་ལྗོངས་ལ་བསམ་བློ་རེ་གཏོང་རོགས།།