ཀུན་དང་མཐུན་པའི་སྤྱོད་པ་མེད་ཀྱང་རང་མགོ་ཐོན་པའི་འགན་འཁུར་དགོས།
ཁ་ལ་ཟ་རྒྱུའི་ཟས་ནོར་མེད་ཀྱང་སྤྲང་པོར་སྦྱིན་པའི་གཏོང་སེམས་དགོས།
ག་པར་འགྲོ་བའི་རྐང་པ་མེད་ཀྱང་རྒྱལ་ཁམས་མཐོང་བའི་མིག་གཉིས་དགོས།
ང་ཚོ་བོད་མིའི་སྒོམ་ཤིས་བཟང་པོ་གཞན་ལ་ཕན་པའི་ཀུན་སློང་དགོས།
ཅ་ཅོ་མང་བས་སྤྱི་ཚོགས་དཀྲུགས་ཀྱང་རང་ཚུགས་བརྟན་པོའི་ལངས་ཕྱོགས་དགོས།
ཆ་རྐྱེན་འཛོམས་ནས་རང་མགོ་ཐོན་ཡང་གཞན་དང་མཐུན་པའི་བཏང་སྙོམས་དགོས།
ཇ་ཆང་ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང་ཟ་མཁས་འཐུང་མཁས་སྟངས་འཛིན་དགོས།
ཉ་ཤ་ཕག་ཤ་སྡིག་པའི་ཁ་ཟས་རྒྱུན་དུ་སྤོང་རྒྱུ་མ་བརྗེད་དགོས།
ཏ་ཐ་གཱ་ཏ་དེ་བཞིན་བཤེགས་པའི་བསྟན་པར་འཇུག་ལ་མ་ནོར་དགོས།
ཐ་དད་ཆོས་ལུགས་དད་གུས་ཙམ་ལས་ཉམས་ལེན་གནད་འགག་མ་འཆོལ་དགོས།
དལ་འབྱོར་མི་ལུས་རིན་ཆེན་ཐོབ་པ་སྐལ་བཟང་ཡིན་པའི་དགའ་བ་དགོས།
ན་རྒྱུ་ཚ་རྒྱུ་འཁོར་བའི་སྡུག་སྔལ་ལས་ཀྱིས་སྦྱིན་པ་ངོ་འཕྲོད་དགོས།
པ་ཕ་ཨ་མས་བྱམས་སྐྱོང་འོག་ཏུ་མི་ལུས་ཐོབ་པ་མ་བརྗེད་དགོས།
ཕ་མས་བཀའ་དྲིན་ནམ་ཡང་མ་བརྗེད་རང་གི་སེམས་སུ་གསལ་བ་དགོས།
བུ་རབས་ཚ་རྒྱུད་ནང་པའི་བསྟན་དང་མཇལ་བའི་དོན་གོ་ཆོད་པ་དགོས།
མ་འགྱུར་སེམས་ཅན་ཀུན་གྱིས་སྡུག་བསྔལ་སེལ་བའི་ཀུན་སློང་བཟང་པོ་དགོས །
ཙ་བ་སེམས་ཞེས་གཟུགས་སྙན་མེད་པའི་སྟོངས་གཟུགས་ཡིན་པ་ཤེས་པ་དགོས།
ཚ་གྲང་ཚོར་བ་ལས་ཀྱི་སྦྱིན་པ་རང་སེམས་འཕྲུལ་བ་ཤེས་པ་དགོས།
ཛ་དྲགས་ཆེ་བའི་འཁོར་ཡུག་སྦག་རྩོག་མི་གི་བཟོས་པ་ཤེས་པ་དགོས།
ཝ་སྤྱང་འདྲ་བའི་ཆོས་མེད་ཀླ་ཀློའི་ལྟ་སྤྱོད་ངན་པ་ཤེས་པ་དགོས།
ཞ་མོའི་ནང་གི་ཆབ་སྲིད་འཐོམ་ཞ་བོད་མིར་སྐོན་པ་ཤེས་པ་དགོས།
ཟ་མའི་ནང་གི་རྟ་ཆག་སྦག་མ་བོད་མིར་སྤྲད་པ་ཤེས་པ་དགོས།
འུར་གཏམ་བསྒྲགས་ནས་བོད་ཡུལ་ཡར་རྒྱས་བཏང་བའི་རྫུན་གཏམ་ཤེས་པ་དགོས།
ཡ་རབས་བོད་མིའི་ལས་དབང་དཀའ་སྡུག་འཛམ་གླིང་ཡོངས་ལ་ངོ་སྤྲོད་དགོས།
རང་ས་མེད་ནས་མི་ཡུལ་ལུང་པར་དཀའ་སྡུག་ཇི་ཡོད་ཤེས་པ་དགོས།
ལ་ལུང་ས་མཐར་མི་ལོ་དྲུག་བཅུ་མི་ཡུལ་ལྷག་པ་ཤེས་པ་དགོས།
ཤ་ཚ་ཡོད་ན་རང་ཡུལ་ལེན་ལ་མཆོད་སེམས་བརྟན་པོའི་དམ་བཅའ་དགོས།
ས་ཕྱོགས་འདི་ནི་ག་ཚོད་སྐྱིད་ཀྱང་མི་ཡུལ་ཡིན་པ་ཤེས་པ་དགོས།
ཧ་ལོ་ཧ་ལོ་ཟེར་ནས་མི་ཚེ་མི་ཡུལ་རྫོགས་པ་ཤེས་པ་དགོས།
ཨ་མས་བུ་རྒོད་ཡིན་ན་རང་ཡུལ་རང་བདག་ཆེད་དུ་བློས་གཏོང་དགོས།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ས་ཕག་གནམ་ལོ་གསར་དུ་བཞད་པའི་ཚེས་ ༢ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།