འཇམ་གཅེས།
བརྡ་འཕྲིན་གྱི་འཇིག་རྟེན་ནམ་དུས་རབས་འདི་ལ་མཚོན་ན། ཆབ་དཔལ་རིག་གསུམ་གྱིས་མདུན་བསྐྱོད་གློག་ལས་མྱུར་བའི་སྒོ་ནས་སྔོན་ཐོན་ནམ་ཡར་རྒྱས་སོང་ཟིན་པ་དང་། འགྲོ་བཞིན་པའི་ཡུལ་ལུང་དག་གི་མི་བུ་ཚོས་ནི་ཉིན་མཚན་དུས་ཀུན་ཏུ་རྒྱལ་ཁབ་དང་མི་རིགས། རང་ཉིད་བཅས་ཀྱི་ཆེད་དུ་ཆུ་ཚོད་སྐར་ཆ་རེ་རེའི་དུས་ཡུན་ཡང་འཕྲོ་བརླག་གམ་ཆུད་ཟོས་སུ་མ་ཤོར་པར། གོ་སྐབས་དམ་འཛིན་ཐོག་ནས་དྲྭ་ལམ་འདྲ་མིན་དུ་ཞུགས་ཀྱིན་ཡོད། རྒྱུ་མཚན་དེའི་ཕྱིར། དྲྭ་ལམ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དཔལ་ཡོན་ནམ་ཐོན་སྐྱེད་ཀྱིས་ཀྱང་མི་རྣམས་བསམ་ཡུལ་ལས་འདས་པར་བྱེད།
འདི་ནི་དུས་འགྱུར་རམ། ཡང་ན་ཚན་རྩལ་འཕེལ་རྒྱས་ཀྱི་དབང་བསྒྱུར་འོག་ནས་ཆབ་དཔལ་རིག་གསུམ་གྱིས་མཚོན་པའི་ཕྱིའི་ཐོན་སྐྱེད་འདྲ་མིན་གྱིས་མི་རྣམས་དབང་བསྒྱུར་བྱེད་འགོ་ཚུགས་པ་ཡིན་ལ། དབང་བསྒྱུར་དེའི་འོག་ཏུ་འཚོ་གནས་བྱེད་མཁན་ནི་ཐོན་སྐྱེད་དེར་བདག་གིར་བྱེད་པོ་སྟེ། འགྲོ་བ་མིའི་རིགས་རྣམས་ཆགས་ཀྱིན་ཡོད། ཡིན་ནའང་ཆེས་ཡ་མཚན་དགོས་པ་ཞིག་ལ། རང་རིགས་མི་ཉུང་བ་ཞིག་གི་བྱ་སྤྱོད་ནི་ཅི་འདྲའི་ཡ་ང་དགོས་པ་དང་། ཡིད་མུག་དགོས་པ་ཞིག་རེད་ཨང་།
ཁོང་ཚོས་ནི་དུས་རྟག་ཏུ་དྲྭ་ལམ་འདྲ་མིན་དུ་མིང་བྱང་དང་མགོ་པར་རྫུན་མའི་འོག་ནས་འགན་ཁུར་གང་ཡང་མེད་པར། རྫུན་གཏམ་དང་འུར་ཤོབ། དགོས་མེད་ཀྱི་འཆལ་གཏམ་དང་། བག་མེད་ཀྱི་བྱ་སྤྱོད་ཁོ་ནས་དུས་འདའ་བར་བྱེད། ཁོང་ཚོས་མི་རིགས་ཀྱི་སྐད་ཡིག་དང་། ཡུལ་ལུང་གི་གནས་སྟངས་ཤེས་བཞིན་པར། དགོས་སར་ཆད་པ་དང་། མི་དགོས་སར་ལྷག་པ། ཟེར་སྲོལ་ལྟར་ཆེ་ས་ནས་ཆོལ་ཁ་ཆོས་ལུགས་དང་། ལུང་ཚན་རིགས་རུས་དབར་དཀྲུགས་ཤིང་སློང་གིན་ཡོད་ལ། ཆུང་ས་ནས་མི་སྒེར་གྱི་མི་གཞིར་ངན་སྨོད་དང་ཁྱད་གསོད་བྱེད་པ་སོགས་ནི་རྒྱུན་ལྡན་གྱི་གོམས་གཤིས་ལྟ་བུར་གྱུར་ཡོད་པ་ལས། མི་རིགས་དང་། རིག་གནས་ལ་སྨན་པའི་ཡིག་ཕྲེང་གཅིག་ཀྱང་བཀོལ་སྤྱོད་བྱེད་ཤེས་ཀྱི་མེད་ལ། དེ་བཞིན་དོན་ལྡན་གྱི་སྐད་ཆ་ནི་སྦྲང་བུའི་སྐད་ཙམ་ཡང་གོ་མ་མྱོང་ཟེར་རུང་ཧམ་བཤད་མིན་པར་འདོད།
ངས་འདི་ལྟར་ཤོད་དུས། འོ་ན། གོང་གསལ་མི་རིགས་གཞན་དག་དང་རང་རིགས་དབར། ཁྱད་པར་འདི་ལྟར་ཤོར་དགོས་པའི་རྐྱེན་རྩ་གང་ཡིན་སོགས་ཀྱི་དྲི་བ་མང་པོ་ཞིག་ཀྱང་རང་ཤུགས་ཀྱིས་ཡོང་ངེས་ཡིན་མོད། དྲི་བའི་ལན་ནི། ཤེས་ཡོན་དང་། མིའི་བསམ་སྤྱོད་གཉིས་ལས། དང་པོ་དང་འབྲེལ་བ་ཡོད་པས་ཡིན་ཞེས་སྨྲས་ན་ནོར་བར་མི་སེམས། རྒྱུ་མཚན་ནི། ཤེས་ཡོན་གྱིས་དབུལ་བའི་མི་སྡེའི་སྤྱི་ཚོགས་ནི་ཀླ་ཀློའི་སྤྱི་ཚོགས་སམ། ཡང་ན་རྐང་གཉིས་ལྡན་པའི་དུད་འགྲོའི་སྤྱི་ཚོགས་ཞེས་བོས་ཀྱང་མི་ཆོག་པ་གང་ཡང་མེད་དེ། དུས་རབས་ཉེར་གཅིག་པ་འདི་ནི་གདོད་མའི་སྤྱི་ཚོགས་དང་ཧ་ཅང་ཁ་ཐག་རིང་པོར་གྱུར་སྟབས། བསམ་སྤྱོད་དང་ཤེས་ཡོན་གྱི་ཆ་ནས་རྗེས་ལུས་ཤོར་ཚེ། ཤ་ཁྲག་རུས་གསུམ་དང་། གཟུགས་དབྱིབས་སོགས་མི་དང་འདྲ་བ་ཙམ་གྱིས་མི་གོ་གཏན་ནས་མི་ཆོད།
ངས་ཀྱང་དེ་རིང་འདི་ནས་འཆལ་གཏམ་ཡིག་གཟུགས་སུ་སྤེལ་དགོས་དོན་ནི། དེང་སྐབས་བལ་ཡུལ་དུ་ས་ཡོམ་རྒྱུགས་ནས་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེན་ཕོག་དུས་སུ། རང་རིགས་མི་བུ་དག་གིས་དགོས་མེད་ཀྱི་རྫུན་གཏམ་ནི་གྲངས་ཀྱིས་མི་ཆོད་པ་ཞིག་སྟེ། དཔེར་ན། རྒྱ་གར་བའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན། ས་མ་ཁ་དང་། ཤ་རུ་ཁ། དེ་བཞིན་བོད་པའི་བླ་སྤྲུལ་ག་གེ་མོ་དག་དང་། མི་སྣ་ག་གེ་མོ་དག་གིས་རོགས་རམ་རྒྱ་ཆེར་བྱས་ཚུལ་སོགས། བདེན་གཏམ་གྱིས་དབེན་པའི་འཆལ་གཏམ་གང་སར་སྤེལ་བ་མཐོང་ཐོས་ལས་ཡིན་ནོ།། །།
“ས་མ་ཁ ཤ་རུ་ཁ ” སྒྲ་སྦྱོར་འདི་ལས་ལག་ཏུ་ལེན་མ་ནུས་པ་ཨེ་ཡིན། ཧ་ཧ་ཧ
དགོས་སར་ཆད། མི་དགོས་སར་ལྷག་པ་རང་རེད། ཧ་ཧ་ཧ
Salman Khan དང་། Shahrukh Khan ཟེར་བ་ཡིན་ནམ། ས་མ་ཁ། ཤ་རུ་ཁ། ངོ་མ་གད་མོ་སློང་གིན་འདུག
གོང་གསལ་མིང་ཚིག་གཉིས་པོར། བོད་ཡིག་གི་ལམ་ནས་དག་ཆ་འདི་ཡིན་ཁ་གསལ་རེ་ཡོད་ན་དགའ་བསུ་ཞུ་ངེས་ཡིན།
རྩོམ་པ་པོ་ལགས། མིང་གི་སྒྲ་གདངས་དང་བསྟུན་ནས་བྲིས་ན། སལ་མན་ཁན། དང་། ཤ་རུག་ཁན། ལྟ་བུ་བྲིས་ན་འགྲིགས་ས་རེད་ལགས།
བལྟས་ཚོད་ལ་ཨ་མཆོག་མ་འདི་ཚོ་རྗེས་འཇུག་རྩིས་མེད་གཏོང་མཁན་གྱི་རིགས་དེ་ཡིན་པ་འདྲ། ན་རོ་རྩིས་མེད་ཡིན་པ་སྔོན་མ་ནས་ཤེས་ཡོད། ཧ་ཧ་ཧ
བསམ་ཚུལ་་གསུངས་བར་བཀའ་དྲིན་ཆེ།
“ལུང་ཚན་རིགས་རུས་དབར་དཀྲུགས་ཤིང་སློང་གིན་ཡོད་ལ། ཞེས་དང་། གོང་གསལ་མི་རིགས་གཞན་དག་དང་རང་རིགས་དབར།”
བར་ཞེས་པར་དབར་ཞེས་ད་སྔོན་འཇུག་མང་པོས་བྲིས་དང་འབྲི་བཞིན་པར་ད་ཡིག་སྔོན་འཇུག་བྲིས་པ་དོན་མེད་པ་ཞིག་མ་ཡིན་ནམ། ཇི་སྐད་དུ་མཁས་་པ་དག་གི་དཔེ་ཆ་ན། བར་དུ་ཚོགས་བསགས། ཞེས་དང ས་རབ་དགའ་བ་ཐོབ་བར་དུ། ཞེས་དང་། བྱང་ཆུབ་སྙིང་པོའི་བར། ཞེས་སོགས་མཆིས་སོ།
ལ་དྭགས་པ་མཆོག་གིས་ཀྱང་བསམ་ཚུལ་གསུངས་བར་ཡག་བྱུང་། ང་ཚོ་ཕྱོགས་ཕན་ཚུན་དབར་བགྲོ་གླེང་མང་ཙམ་བྱུང་ན་ཡག་པོ་འདུག བསམ་བློ་གོ་རྟོག་ནི་མི་དང་མིའི་དབར་བགྲོ་གླེང་ལས་ཡོང་དགོས་ངེས་ཡིན།
གཅིག་ནས་གཉིས་བར་དང་། གཅིག་དང་གཉིས་དབར་གྱི་ཁྱད་པར་ཙམ་འདུག་སྙམ་ལགས།
ལ་དྭགས་་བློ་བཟང་མཆོག་ལ་བཀའ་དྲིན་ཆེ། ག་དུས་ཡིན་ནའང་ལྷག་བསམ་ཆེན་པོས་ཐུགས་ཁུར་གནང་སྟེ་ན་གཞོན་བློགསར་རྣམ་ལ་བློ་བསྐྱེད་གོང་འཕེལ་ཡོང་བའི་ཕན་པོ་ཡོད་འདུག་པས། བཀའ་དྲིན་ཆེ།
དྲང་པོ་ཞུས་ན། དབར་དང་བར་གཉིས་ཀ་བོད་རྒྱ་ཚིག་མཛོད་ཆེན་མོ་གཙོས་པའི་དག་ཡིག་དང་ཚིག་མཛོད་ཧ་ཅང་མངས་པོའི་ནང་དུ་བྲིས་འདུག་ན། ད་ལན་སྐབས་ཅིག་ལ་རྒན་ལ་དྭགས་པ་ལ་ལེགས་སོ་གཏན་ནས་ཞུ་ཐུབ་ས་མ་རེད།
བོད་ཡིག་ཐོག་བྲིས་ན་འདི་ལྟར་འབྲི་དགོས་པར་སེམས། ཁཱན་སལ་མན། ཁཱན་ཤ་རུག ། བྷཱཅན་ཨ་མི་ཏཱ།
༄༅།།དྲྭ་ངོགས་སུ་གང་བྱུང་དཀྲུག་ཤིང་འཕེན་པ་དང་། རྫུན་བཤད་པ། མི་དང་མིའི་དབར་ངན་དམོད་བྱེད་པ་ནི། མི་རིགས་གཞན་དང་ཁྱད་པར་ཤོར་བའི་རྒྱུ་མཚན། གཉིས་ལས་དང་པོ་འདེམས་ན་མི་འོས་པར་འདོད། གཉིས་པ་འདེམས་ན་དག་དག་རེད། གང་ཡིན་ཟེར་ན་ངན་སྤྱོད་ཀྱི་ལས་དེ་དག་ནི་ཀུན་སློང་ངན་པ་ལས་བྱུང་བས་ན་གཉིས་པ་ནི་འོས་ཤིང་རན་པོ་རེད། ཕྱི་གླིང་བའི་དྲྭ་ངོགས་སུ་ངན་སྤྱོད་ཀྱི་རིགས་གང་མང་སྤེལ་གྱི་རེད་བསམ། ཁོང་ཚོའི་སྤྱི་ཚོགས་ནང་རང་རེའི་སྤྱི་ཚོགས་ལས་བརྡབ་འགྱུར་གྱིས་ངན་སྤྱོད་རིགས་མང་པ་མངོན་སུམ་རེད། མཐར་དབར་དང་བར་ལ་བརྡ་གསར་རྙིང་གི་ཁྱད་ལས་ཅི་ཡང་མེད་པར་སེམས།