དྲི་མེད་ལྷག་བསམ།
ཀི་སྒྲས་གནམ་ས་འགེང་བའི་རྨི་ལམ་གྱི་དབང་ཕྱུག །
ཁུ་ཚུར་མཐའ་ལ་ཕྱར་བའི་འཇིགས་བསྐུལ་ཙམ་མིན་པར། །
གུ་གུལ་བདུག་པར་མཚུངས་པའི་གེགས་སེལ་གྱི་ཞལ་གདམས། །
ངུ་མ་དགོད་ཀྱིས་སོར་བཅུའི་སྙིམ་པ་ལ་འཛིན་ནོ། །
ཅི་ཡང་རུང་བའི་མི་ཚེ་སྐད་ཅིག་མའི་ནང་དུ། །
ཆུ་བུར་ལྟ་བུའི་རྣམ་རྟོག་གློ་བུར་དུ་རྡོལ་བ། །
ཇི་སྙེད་འཕྱར་ལ་དགའ་བ་བློ་ཆུང་གི་ངང་ཚུལ། །
ཉུང་ཟད་དྲ་བར་སྤེལ་བ་ཆོས་དབྱིངས་སུ་རོལ་ཅིག །
ཏིང་འཛིན་སྦྱོར་སྒྲོལ་རྒྱལ་བཀའ་ཚད་མ་རུ་བཞག་ན། །
ཐི་བྱ་ཚང་དུ་འཇུག་བཞིན་རེ་དོག་རང་མེད་མོད། །
དུ་ཁས་གཟིར་བའི་སྐྱེ་འགྲོའི་བདེ་ཐབས་སུ་བཞེད་ན། །
ནུ་བོས་དཀར་ཟས་འགོག་པའི་ལུང་རིགས་རྣམས་སྐྱུང་ཆོག །
པི་ཝང་ལྷ་མོ་དཀར་ཟས་ཕུལ་པ་ལ་སྤྲོ་མོད། །
ཕུར་བའི་ལྷ་ཚོགས་དམར་མཆོད་བཞེས་པ་ལ་མཉེས་པས། །
བུ་ངས་རྩ་གསུམ་དགྱེས་པའི་མཆོད་སྤྲིན་ཞིག་མ་རྙེད། །
མུ་མཐའ་མེད་པའི་ཀློང་ཆེན་ཡངས་པ་ལ་དགའ་འོ། །
ཙི་ཙིའི་རྐུ་སེམས་བྱི་ལའི་གསོད་སེམས་གྱི་ཕུག་འདུན། །
ཚུར་མཐོང་འགྲོ་བའི་ལྷན་སྐྱེས་ལས་སྣང་དུ་བཞེད་དེ། །
འཛུལ་ས་འཛུག་ས་འཚོལ་བའི་ཁེ་ཕན་གྱི་ལྟ་གྲུབ། །
ཝུ་བའི་གྲོང་གི་བྱིས་པའི་གཏན་སྲིད་དེ་མིན་ནམ། །
ཞི་བ་ཆེན་པོའི་མདོ་སྔགས་ཟུང་འཇུག་གི་གསུང་རབ། །
ཟུར་དུ་བཞག་ནས་རང་འདོད་ལྟ་གྲུབ་ཞིག་སྤེལ་དུས། །
འུ་ཐུག་ཐབས་ཟད་བདེན་པའི་ངུ་སྐད་ཅིག་ཤོར་བ། །
ཡུལ་གྱལ་དྭ་ཕྲུག་འཆི་ཁའི་སྐད་འབོད་དུ་འགྱུར་ཉེ། །
རི་བོ་གང་བའི་རི་དྭགས་སྙིང་དབུས་ན་རྩིས་ཆེ། །
ལུང་པ་ཁྱབ་པའི་རྟ་ཕྱུག་གཅེས་ཕྲུག་དང་ཁྱད་མེད། །
ཤུལ་ལུས་རྩ་ཆེའི་སྐྱེ་དངོས་སྲུང་བ་ལ་དགའ་མོད། །
སུ་དག་རྒྱལ་གསུང་དགོངས་པ་ལོག་འགྲེལ་དེས་སུན་བྱུང་། །
ཧི་མ་ལ་ཡི་མཁས་གྲུབ་ཐམས་ཅད་ལ་གུས་ཤིང་། །
ཨིན་ཇིའི་ཡུལ་གྱི་རྨི་ལམ་དབང་ཕྱུག་ལ་དུང་པས། །
ཨེ་མ་ད་ནི་བསམ་མི་ཁྱབ་པ་ལ་དམིགས་དེ། །
ཧུ་སྒྲ་འདོན་པའི་ཞིབ་བཤད་ཆུ་ཀླུང་དུ་སྐྱེལ་ལོ། །
ཅེས་པའང་དཔལ་དགྱེས་པ་རྡོ་རྗེའི་ཕན་པ་ལྷུར་ལེན་པའི་གླུ་དབྱངས་མཐོང་བའི་མོད་དཀར་ཟས་ལ་དགའ་ཞིང་།དཀར་ཟས་ལ་རོལ་བའི་རྒྱལ་ཁམས་པ་དྲི་མེད་མིང་གིས་ཤར་མར་བྲིས་ཏེ་ཕུལ། །
ཀི་སྒྲས་རྒྱ་དམར་གཉིད་གསོད་ཅིག །
ཁུ་སྒྲས་གཟུངས་སྔགས་མང་ཐོནད་ཅིག །
གེ་སར་བློ་སེང་རྒྱབ་སྐྱོར་གྱིས། །
ངོ་གསོ་ཡོད་པའི་ལས་དོན་རྩོམས། །
བཅོས། ཁུ་ཚུར་མཁའ་ལ་ཕྱར། རེ་དོགས་རང་མེད་མོད།
དྲི་མེད་ལྷག་བསམ་ལགས་ཀྱིས་བྲིས་པ་དང་དགོངས་པར་ཉན་ན་ངའི་ཕ་སྤུན་དམ་པ་མདའ་ཚན་པ་དྲན་ནི་ཟིག་རེད།
སྐུ་གཤེགས་རྒན་མདའ་ཚན་པ་མགོན་པོ་ཚེ་རིང་ནི། རྒྱུད་དྲང་། གུ་ཡངས། བློ་བཟང་། གཟུ་བོ། དྲང་བདེན། བློས་ཐུབ། ལ་རྒྱ། སྙིང་སྟོབས། ཤེས་ཡོན། ཚུགས་ཐུབ་སོགས་མཁས་པ་དང་ཡ་རབས་དྲ་མའི་རང་གཟུགས་འབུར་དུ་ཐོན་པ་ཞིག་ཡིན་པས་ཕྲན་གྱིས་གུས་པར་བྱ་བའི་ཡུལ་ལོ། །