རྫ་ཚེ་རིང་བཀྲ་ཤིས།
༡༽གོང་གི་དཔར་འདི་ནི་ད་ལྟ་དབྱིན་ཇིའི་སྐད་གྲགས་ཆེ་ཤོས་ཀྱི་དངོས་མང་བཤམས་སྟོན་ཁང་ཞིག་ཏུ་བཞུགས་ཤིང་། སངས་རྒྱས་དགུང་ལོ་བཞི་བཅུ་ཞེ་གཅིག་གི་སྐབས་ཁོང་གི་སློབ་མ་དགྲ་བཅོམ་པ་གང་པོས་བྲིས་པར་གྲགས་པ་ཞིག་རེད། ༢༽འོག་བསྟོད་པ་འདི་ནི་ངས་འཇིག་རྟེན་བཞུགས་པའི་སྐད་གྲགས་ཅན་གྱི་སངས་རྒྱས་ཀྱི་འདྲ་བྲིས་གྱི་སྐུ་པར་འདི་འཇལ་བའི་སེམས་ཚོར་དངོས་ཡིན། དེ་ཡང་གུས་པ་བོད་གྱི་རྫ་ཨ་རིག་བཤད་གྲྭ་ན་ཡོད་དུས་འདྲ་པར་འདི་འདྲ་ཞིག་ལག་ཏུ་བསླེབས་ཤིང་དེ་དུས་བསྟོད་པ་འདི་ཡང་བྲིས་པ་དང་། འདྲ་པར་འདི་ངའི་གྲྭ་ཁང་གི་གདུང་མའི་སྒང་ལ་དཔར་སྒྲོམ་ཆུང་ཆུང་ཞིག་བཟོས་ནས་བཀལ་ཡོད་པས་ཆོས་གྲོགས་ཚོས་ཚེ་བཀྲའི་སྟོན་པ་རལ་པ་ཅན་ཟེར་ནས་སྐུ་རྩེད་གནང་གིན་ཡོད། དེ་ནས་ངའི་ཐོག་ཏུ་རླུང་འཚུབ་གཡུག་པའི་དུས་རིམ་གཞན་པ་ཞིག་གི་ནང་སྐུ་པར་དེ་དང་ཡང་ང་ཁ་བྲལ་བ་རེད།
དེ་ནས་ལོ་བརྒྱད་ལ་ཉེ་བའི་ཁར་ཉིན་ཉི་མ་གཅིག་ལ་ཐའེ་ཝན་ལྷོ་མའི་གྲོང་ཁྱེར་ཀའོ་གཤོང་གི་རྒྱ་དགེ་བསྙེན་སང་ཞིག་གི་མཆོད་ཁང་ནས་སྔར་གྱི་དཔར་དེ་དང་གཅིག་པ་ལ་དེ་ལས་ཀྱང་གསལ་བའི་དཔར་འདི་མཇལ་ཞིང་། ཧ་ཅང་དགའ་ཚོར་ཆེན་པོའི་རྣམ་པ་བསྟན་ཤོར་བས་ཁོང་ཚང་གིས་ཀྱང་དཔར་དེ་ང་ལ་བྱིན་བྱུང་།
དེ་ནས་ཅུང་མ་འགོར་བའི་རྗེས་ནས་ཐའེ་ལན་ཊར་སྐྱོད་སྐབས་དེ་ཀའི་ནང་པའི་དངོས་མང་བཤམས་སྟོན་ཁང་ཆེན་པོ་ཞིག་ནས་སླར་ཡང་གོང་དང་མཐུན་པའི་པར་འོག་ཏུ་ཐའེ་ལན་ཊའི་ཡི་གེ་བྲིས་པ་འདི་བཤམས་ཡོད་པ་མཇལ་ཞིང་དཔར་ཡང་བླངས་པ་ཡིན། འགྲེམ་སྟོན་ཁང་དེར་དེ་ལས་གཞན་པའི་ཟས་གཙང་མའི་ཡབ་གཞིས་ཀྱི་ནང་མིར་གྲགས་པའི་པར་གཞན་པ་འདི་ཡང་འདུག དེའི་མ་དཔེ་ནི་ད་ལྟ་ཀོ་རེ་ཡ་ན་ཡོད་སྐད།
གང་ལྟར་ངས་སངས་རྒྱས་ནི་མིའི་ཡུལ་དུ་མི་ཉིད་དུ་བྱོན་པ་དང་། དེ་ཡང་འདུལ་བ་ལུང་ཕྲན་ཚེགས་སུ་དེ་བཞིན་གཤེགས་པ་གྱད་ཡུལ་རྩྭ་ཅན་དུ་གཤེགས་པའི་སྐབས། མཐར་གྱིས་ལྗོངས་རྒྱུ་བའི་ཉིན་རེའི་མཛད་པ་དང་ལམ་བར་གྱི་ཉིན་རེའི་གནས་ཚུལ་དག་ཧ་ཅང་ཞིབ་མོས་དེང་སང་གི་ཉིན་ཐོའི་ཟིན་བྲིས་ལྟ་བུར་ཡོད་པ་སོགས་ཀྱི་འཇིག་རྟེན་སྣང་ཚུལ་གྱི་ལུགས་གཙོ་བོར་བྱས་པའི་སངས་རྒྱས་དེ་ནི་ངེས་པར་འདི་འདྲ་ཞིག་ཡོད་ཀྱང་སྲིད་སྙམ་པ་སོགས་ཀྱི་བསམ་བློ་སྣ་ཚོགས་ཀྱིས་རང་གི་རང་ལ་ཡི་མུག་བསླངས་པའི་ཉེར་ལེན་གྱིས་སེམས་ལ་རྒྱུ་མཚན་སྨྲར ་མི་གཏུབ་པའི་དགའ་སྐྱོ་དང་དུང་བ་མང་པོ་སྐྱེ་རུ་བཅུག་པས་ན་ང་ནི་འདྲ་པར་འདི་ལ་ཧ་ཅང་དགའ་མོས་བྱེད་མཁན་ཞིག་ཡིན།
དེའི་ཕྱིར་འོག་གི་བསྟོད་པ་འདི་ཡང་ཡོངས་སུ་དཔར་འདི་མཇལ་བའི་ཉེར་ལེན་ལས་བྱུང་ཞིང་། དཔར་ཉིད་ལ་ཐད་ཀར་ལྟས་བཞིན་ལྟ་བཞིན་བྲིས་པ་ཡིན་པས་བསྟོད་པ་རང་དུ་ཡང་། ཀྱེ་མ་བསོད་ནམས་བློ་གྲོས་ཉམས། །བདུད་ཀྱིས་བཅོམ་པས་རབ་ཉམས་པས། །སྐལ་བ་ཉམས་པ་བདག་གིས་ནི། །ཐུབ་པའི་ཞལ་བཟང་མ་མཐོང་ངོ་། །
དེ་ཚེ་ཁྲག་དང་མཆིལ་མའི་མཚོ་སྐེམས་ཤིང་། །འཇིག་ལྟའི་རི་འཇོམས་ཉན་ཐོས་གང་པོ་ཡིས། །རང་གིས་མཐོང་བ་ཙམ་གྱི་བདེ་གཤེགས་གཟུགས། །རི་མོར་བྲིས་འདི་མིག་ལ་སྣང་བར་གྱུར། །
འདི་ཡང་བསམ་བཞིན་བསམ་བཞིན་ཐུབ་པའི་སྐུ། །ལྷག་པར་དྲན་པའི་གསོས་སུ་གྱུར་ནས་ཀྱང་། །བལྟས་ཀྱིན་བལྟས་ཀྱིན་ཉིད་ཀྱི་མཛད་པའི་མཐའ། །རྗེས་སུ་དྲན་བཞིན་སྙིང་ལ་གདུ
ང་བ་སྐྱེས། །ཞེས་སོགས་འཁོད་ཡོད།
ཀློག་མཁན་ལགས། ཁྱེད་ལ་དུས་ཚོད་མཆིས་ན་འོག་གི་བསྟོད་པ་ཧྲིལ་པོ་ཚར་གཅིག་ཀློག་རོགས་ཞུ།
༄༅། །སངས་རྒྱས་ཀྱི་བསྟོད་པ་ཚིགས་སུ་བཅད་པའི་མཛོད་ཅེས་བྱ་བ་བཞུགས་སོ། །
སངས་རྒྱས་ཀྱི་བསྟོད་པ་ཚིགས་སུ་བཅད་པའི་མཛོད་ཅེས་བྱ་བ། སངས་རྒྱས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །
ལམ་སྟོན་ཡང་དག་གཟིགས་པ་བཀའ་དྲིན་ཅན། །བདེ་གཤེགས་ཐམས་ཅད་གཟིགས་ལ་གུས་བྱས་ནས། །ཤིན་ཏུ་ཕུལ་བྱུང་གང་གི་ཡོན་ཏན་ལས། །ནུས་པའི་རྗེས་འགྲོ་ཤས་ཙམ་བདག་གིས་བྲི། །
ཨེ་མའོ་ཐུབ་པ་ཐུགས་རྗེ་ཅན། །ཁྱེད་ནི་བདག་གི་མགོན་ཡིན་ཏེ། །མཛད་དཀའི་རྣམ་ཐར་ཕུལ་བྱུང་གིས། །འགྲོ་བ་རྗེས་འཛིན་མཛད་ཕྱིར་རོ། །
གང་ཚེ་ཁྱེད་ནི་ཤིན་ཏུ་གདུང་ལྡན་ནམ། །ཡང་ན་ཆེན་པོའི་རིགས་སུ་སྐྱེས་པས་ཀྱང་། །ངེས་འབྱུང་ཡང་དག་ལམ་ལ་སེམས་བསྐྱེད་པའི། །བྱ་དཀའི་བགྱི་བ་རྒྱལ་བའི་སྔོན་གྱི་རྒྱུ། །
དེ་ནས་མི་འཕྲོག་སྤོབས་པ་ཡིས། །འགྲོ་བའི་དོན་ལ་རབ་གཞོལ་བའི། །དུས་ནི་གྲངས་མེད་བསྐལ་བ་སྟེ། །ཞི་ལ་དགྱེས་པ་ཡོངས་མི་མངའ། །
ནམ་ཞིག་རྫོགས་སྨིན་སྦྱང་བ་མཐར་ཕྱིན་ནས། །གྲངས་མེད་ཞིང་ལ་མཛད་པས་སྣང་བ་ནའང་། །ཆོས་སྐུའི་གནས་ལས་གཡོ་བ་གང་ཡིན་པ། །ཡོངས་ཡེ་མི་མངའ་མཆོག་གི་ཆོས་ཉིད་བརྙེས། །
ཨེ་མའོ་ཐུབ་པ་བཀའ་དྲིན་ཅན། །ཁྱེད་ནི་བདག་གི་སྐྱབས་ཡིན་ཏེ། །རང་གི་བྱ་བ་རབ་གཟིགས་ནས། །མ་འཁྲུལ་ལམ་བཟང་སྟོན་ཕྱིར་རོ། །
བསྐལ་པ་ཚད་མེད་སྔོན་དུ་ཞི་བ་ཡི། །དེ་བཞིན་ཉིད་མཆོག་མཆོག་ཏུ་ཕྲ་བ་ལའང་། །མངོན་གྱུར་ཡེ་ཤེས་བླ་མེད་མིག་བསྒྲུབས་ཤིང་། །བདེ་བར་གཤེགས་པའི་གནས་ལ་བདེ་གཤེགས་ན། །
ཕྱིར་ཞིང་དགའ་བ་བརྒྱ་ལྡན་ལྷ་ཡི་དབུར། །ཞབས་པད་འཇོག་པའི་རྩོལ་བ་ཅི་ལྟར་ཞེས། །ཐེ་ཚོམ་མཚན་མས་འཆིང་འདི་རིགས་མིན་ཏེ། །སྤྲུལ་སྐུའི་རང་བཞིན་རྒྱུན་མི་འཆད་ཕྱིར་རོ། །
སྟོན་པ་བླ་ན་མེད་པ་ཡིས། །གདུལ་དཀའི་ཞིང་ལ་ཆེད་བཞིན་དུ། །ཐུགས་བསྐྱེད་མཛད་པ་ཡོངས་རྫོགས་ཏེ། །མི་ཡི་མིག་ལ་སྣང་བར་བྱས། །
ཡིད་འཕྲོག་མཛངས་འཕྲུལ་སྟོང་གི་ཆོ་ག་ཡིས། །འཇིག་རྟེན་དགེ་བར་བྱེད་པའི་སྒྱུ་འཕྲུལ་མས། །སྔོན་ཞིག་བཏབ་པའི་སྨོན་ལམ་རྨད་བྱུང་གི །འབྲས་བཟང་ལེགས་པའི་ཟླ་བ་དེ་ཚེ་ཤར། །
མི་བསྲུན་ལོག་པའི་སྤྱོད་ལ་རྗེས་ཕྱོགས་ཤིང་། །མི་ཤེས་མཐར་འཛིན་ལྟ་བས་ཡིད་འགྱུར་བའི། །རྨོངས་པས་བསླུས་པའི་དཔལ་ལྡན་འཕགས་པའི་ཡུལ། །ལམ་བཟང་ཉི་མའི་སྣང་བ་འཆར་ལ་ཕྱོགས། །
གང་ཚེ་གྲོང་ཁྱེར་དམ་པ་སེར་སྐྱའི་ཁབ། །དྲང་སྲོང་ཆེན་པོའི་དཔལ་གྱིས་མཛེས་མ་ཐག །སྟོང་གསུམ་རིན་ཐང་བྱེ་བའི་དངོས་པོ་ཀུན། །གཅིག་ཏུ་ཟླུམ་པའི་གཟུགས་བཞིན་ལྟ་ན་སྡུག །
རྒྱལ་བོའི་རིགས་སྐྱེས་རྒྱལ་བོའི་བུ། །དོན་ཀུན་གྲུབ་པ་ཤེས་རབ་ཅན། །འདོད་པ་ཀུན་གྱིས་མཛའ་བྱས་ཀྱང་།།འདོད་ལ་ཕྱིར་ཕྱོགས་ཆགས་བྲལ་བཞིན། །
དེ་ནི་ཡིད་འོང་དངོས་པོ་ལ། །སྡུག་པར་ལྟ་བ་ཡོངས་སྤངས་ནས། །ལྕགས་ཀྱུ་མེད་པའི་གླང་པོ་བཞིན། །རང་ཉིད་གཅིག་པུ་ནགས་སུ་རྒྱུ། །
ཨེ་མའོ་ཐུབ་པ་ཐུགས་རྗེ་ཅན། །ཁྱོད་ནི་བདག་གི་གནས་ཡིན་ཏེ། །བླང་དང་དོར་བྱའི་དེ་ཉིད་ནི། །ཁྱོད་གསུང་ཁོ་ནས་གྲུབ་ཕྱིར་རོ། །
ཐོག་མ་བར་དང་ཐ་མར་སྐྱོན་སྤངས་པའི། །ཞི་བའི་གསུང་མཆོག་ཟླ་མེད་སྟོན་པའི་རྒྱུ། །ཤེས་རབ་རང་བཞིན་བདུད་རྩི་རིན་པོ་ཆེ། །ཤིང་དབང་དྲུང་དེར་སླར་ཡང་མངོན་པར་གསོལ། །དེ་ཡིས་མཐུ་ལས་ནམ་ཞིག་ན། །བདུད་རྩིའི་ཐོག་མ་རབ་བསྟན་པའི། །སྙན་པ་ཡིད་ཀྱི་ལུས་བཞིན་དུ། །ཚངས་རིས་ལས་ཀྱང་བརྒལ་ཏེ་གྲགས། །
མཐོང་ན་དགའ་ཞིང་མཐོང་བས་མི་ངོམས་པའི། །ཡིད་འཕྲོག་ཡིད་ཀྱི་བདུད་རྩི་གང་གི་ཞལ། །མཚན་དཔེ་དཔལ་གྱིས་གང་བའི་ཟླ་བ་ཡིས། །ལྔ་སྡེའི་ཀུ་མུད་ལང་ཚོའི་སྐབས་དང་སྦྱར། །རྡུལ་ཕྲན་བརྩེ་བས་བྲན་པའི་གསུང་གཅིག་གིས། །ཆགས་བྲལ་གནས་ལ་སྦྱོར་དང་ལྷན་ཅིག་ཏུ། །དགག་སྒྲུབ་བཅས་པའི་འོད་སྣང་རིན་པོ་ཆེས། །ཕྱི་མའི་འགྲོ་ལ་ཐུགས་གསང་མཚོན་པར་མཛད། །
མི་བདག་གཡུལ་དུ་འཇུག་པའི་དགྲ་ཐབས་བཞིན། །རྩུབ་མོའི་སྦྱོར་བས་མ་ཡིན་བྱམས་པ་ཡིས། །འགྲོ་ཀུན་བུ་ལྟར་གཟིགས་པའི་མི་མཆོག་ཁྱེད། །འགྲོ་བའི་ནད་གསོའི་ཆོ་ག་རབ་ཏུ་དུལ། །
ཨེ་མའོ་ཐུབ་པ་ཤེས་རབ་ཅན། །ཁྱོད་ནི་བདག་གི་གནས་ཡིན་ཏེ། །རྟག་ཆད་འཛིན་པའི་གནས་རྣམས་ལས། །རྟེན་འབྱུང་རིགས་པས་འདོན་ཕྱིར་རོ། །
ཁྱེད་གསུང་ལེགས་བཤད་ཀུན་གྱི་ཕུལ། །རྟེན་ཅིང་འབྲེལ་བར་འབྱུང་བའི་གནས། །བལྟ་བར་དཀའ་བའི་རང་བཞིན་ཏེ། །མཐར་འཛིན་ལྟ་བ་འཇིག་ཕྱིར་རོ། །
ཡོད་པར་མ་གསུངས་མེད་ཅེས་མ་སྨྲས་ཏེ། །མཐའ་བཞིའི་དམ་བཅས་འཆིང་བར་མ་གྱུར་པའི། །རྣམ་ཐར་སུམ་ལྡན་གཉུག་མའི་རང་བཞིན་ཞེས། །སེང་གེའི་སྒྲ་འདི་སུ་ཡིས་བཟོད་པར་འགྱུར། །
སྣང་བ་མི་དགག་འཛིན་པ་མི་སྒྲུབ་པ། །ཕན་གནོད་མེད་པ་ནམ་མཁའི་མདུད་པ་འདིས། །ས་ཡང་གང་དུ་མ་བཅིངས་མ་བཀྲོལ་ཅེས། །ངེས་པའི་ཕུལ་འདི་སུ་ཡིས་ཆུད་པར་འགྱུར། །
ཀྱེ་མ་ཀྱེ་མ་ཐུབ་པ་ཐུགས་རྗེ་ཅན། །ཁྱོད་གསུང་ལེགས་བཤད་མདོ་སྡེ་རིན་པོ་ཆེ། །ཞི་བསིལ་ཟླ་བ་བདུད་རྩིའི་འོད་རླབས་ལ། །བསྙེན་པའི་གོ་སྐབས་སྙིང་གི་བདུད་རྩིར་གྱུར། །
འདི་ན་ཤེས་རབ་ལྡན་པ་ཀུན། །དངོས་པོའི་གཤིས་ལ་ཉེ་གྱུར་པ། །ཇི་ལྟ་དེ་ལྟར་ཁྱོད་གསུང་ལ། །དང་བའི་བློ་གྲོས་ཆུ་གཏེར་བཞིན། །
ལྐོག་གྱུར་ཤེས་བྱ་གཟིགས་པའི་མཁྱེན་པ་དེས། །གནས་ཚུལ་མ་འདྲེས་འབྱེད་པའི་སྤོབས་པ་ལ། །༼ས་སྟེང་བ་སུ་ཡང་ཆོས་མཐུན་དུ། །༽རྒོལ་བར་མི་བྱེད་སློབ་མའི་བརྟུལ་ཞུགས་འཛིན། །
གནས་ཚུལ་ལོག་པར་མཐོང་བའི་མ་རབས་འགའ། །མ་བརྟགས་སྨྲ་བའི་སྙིང་སྟོབས་སྦོམ་ན་ཡང་། །ཤིན་ཏུ་ཟབ་པ་ཟབ་པའི་དེ་ཉིད་ལ། །རྒྱབ་ཀྱིས་ཕྱོགས་འདི་ཁོ་ནས་ཟབ་པར་གྲུབ། །
རང་བཞིན་རྟག་པ་འགྱུར་མེད་ཅིང་། །མེད་པའང་རྐྱེན་དུ་མི་འགྱུར་བས། །སྒྱུ་མའི་རང་བཞིན་ཆོས་རྣམས་ནི། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ། །
མིག་གིས་གཟུགས་ལ་ལྟ་བ་ལའང་། །རྐྱེན་མེད་མི་སྐྱེ་ཚོགས་མི་ལྡོག །ཚོགས་པའང་རང་བཞིན་མེད་པ་སྟེ། །ལེགས་པར་དཔྱད་ན་ཆུ་ཤིང་འདྲ། །
འགྱུ་བ་དངོས་མེད་སྒྱུ་མའི་གར་མཁན་ལྟའི། །སེམས་ནི་གློག་བཞིན་ཆུ་བཞིན་ནོར་བུ་བཞིན། །སྣ་ཚོགས་སྲིད་པ་ལས་ཀྱི་ཕྱག་རྒྱ་སྟེ། །བཙལ་བས་མི་མཐོང་རྟོགས་པས་རེ་བ་སྐོང་། །
དེ་སྐད་གསུངས་པ་དྲང་སྲོང་ཆེ། །ཁྱེད་ཉིད་ཁོ་ན་བསམས་བསམས་པས། །གུས་པས་སྙན་ངག་བྱེད་པ་ལས། །བདག་གི་རྩོམ་པ་འདོར་མི་འདོད། །
སྡུག་བསྔལ་འཁོར་ལོའི་འདུ་བྱེད་ཉེར་བརྟེན་པའི། །བདག་བཅས་འཁོར་བའི་སེམས་ཅན་ལ་བརྩེ་བ། །ཁྱེད་ཀྱི་སྐུ་ཡི་སྣང་བརྙན་བྲིས་པ་ཙམ། །མངོན་གྱུར་བཞིན་དུ་དེང་སང་འདི་ན་སྣང་། །
ལེགས་བྱས་སྟོབས་སུ་བདོ་བའི་ས་སྐྱོང་ལ། །མི་བདག་མངོན་པར་དགའ་བའི་ལེགས་སྐྱེས་སུ། །རྨད་བྱུང་ཐུབ་པའི་སྐུ་བཟང་བྲིས་པ་ཡིས། །དགེ་སྦྱོང་འབྲས་བུ་བསྩལ་བ་སླར་ཡང་དྲན། །
ཀྱེ་མ་བསོད་ནམས་བློ་གྲོས་ཉམས། །བདུད་ཀྱིས་བཅོམ་པས་རབ་ཉམས་པས། །སྐལ་བ་ཉམས་པ་བདག་གིས་ནི། །ཐུབ་པའི་ཞལ་བཟང་མ་མཐོང་ངོ་། །
དེ་ལྟ་ན་ཡང་དག་པའི་གསུང་ཐོས་ནས། །འདི་ནི་ཐུབ་པ་དམ་པའི་བསྩལ་ཏོ་ཞེས། །ལེགས་པར་སྨྲ་བ་སྙིང་ལ་ངེས་གྱུར་པ། །དེ་ཡིས་ཁྱོད་ཞལ་པདྨ་བལྟ་བར་སྐོམ། །
དེ་ཚེ་ཁྲག་དང་མཆིལ་མའི་མཚོ་སྐེམས་ཤིང་། །འཇིག་ལྟའི་རི་འཇོམས་ཉན་ཐོས་གང་པོ་ཡིས། །རང་གིས་མཐོང་བ་ཙམ་གྱི་བདེ་གཤེགས་གཟུགས། །རི་མོར་བྲིས་འདི་མིག་ལ་སྣང་བར་གྱུར། །
འདི་ཡང་བསམ་བཞིན་བསམ་བཞིན་ཐུབ་པའི་སྐུ། །ལྷག་པར་དྲན་པའི་གསོས་སུ་གྱུར་ནས་ཀྱང་། །བལྟས་ཀྱིན་བལྟས་ཀྱིན་ཉིད་ཀྱི་མཛད་པའི་མཐའ། །རྗེས་སུ་དྲན་བཞིན་སྙིང་ལ་གདུང་བ་སྐྱེས། །
སྔོན་ཞིག་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ། །རིགས་ཅན་གསུམ་གྱི་འཁོར་ལ་བདེན་པ་བཞིའི། །ཆོས་ཀྱི་འཁོར་ལོ་བསྐོར་ནས་ཞིར་གཤེགས་པའི། །ཐུབ་པའི་མཆོག་དེ་ད་ལྟ་གང་ན་ཞེས། །
དྲན་པའི་ཡུལ་དུ་ཡང་དང་ཡང་གྱུར་པས། །སྨྲ་བའི་རྒྱལ་པོའི་ཞལ་བཟང་བདུད་རྩིའི་ཟས། །འདྲེན་བྱེད་དགའ་བའི་དཔྱིད་དུ་མྱངས་མྱངས་པ། །དེས་ནི་ཅིས་ཀྱང་ངོམས་པར་ཡོངས་མ་གྱུར། །
མཛེས་ལྡན་མཐོ་བའི་སྐུ་ཡི་གནས་བདུན་དང་། །དཀར་ཞིང་འཁྱིལ་བ་བ་སྤུའི་འཁོར་ཁྱིམ་ལས། །འོད་ཟེར་དྲ་བ་འབུམ་གྱི་ཆོ་ག་ཞིག །བདག་གི་སྙིང་ལ་ནམ་ཞིག་ཉེ་བར་འགྱུར། །
མཛེས་འཛུམ་བིམ་པའི་མཆུ་སྒྲོས་རབ་གཡོས་ཤིང་། །ཐགས་བཟང་ཚེམས་གྱི་ཕྲེང་བ་གསལ་ཙམ་གྱིས། །འབྲས་བུ་ལུང་དུ་སྟོན་པའི་ཆོས་ཉིད་དེས། །བདག་ལ་ཤིས་པར་གྱུར་ཅེས་སེམས་ལ་བཅངས། །
གང་ལ་དད་པའི་རང་བཞིན་ཉེར་གནས་པ། །ཀུན་ལ་རྗེས་འགྲོ་མཚུངས་མེད་ཐུགས་རྗེའི་གཏེར། །ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི། །རྒྱལ་བའི་ཆོས་ཉིད་གང་ལའང་མཚུངས་པར་འཇུག །
འགྲོ་ལ་སྔོན་དུས་གཟུགས་སྐུའི་རང་བཞིན་སྣང་། །ད་ནི་བཅོས་མའི་དངོས་མ་མགོན་དུ་རེ། །ཀྱེ་མ་འདས་དང་ད་ལྟའི་སློབ་མ་ཡི། །བསོད་ནམས་ཟོང་གི་ལྕི་ཡང་རྟོགས་པར་ནུས། །
དེ་ལྟ་ན་ཡང་དད་ལྡན་ལ། །བཟོ་ཡི་སྤྲུལ་སྐུ་རྒྱལ་བའི་སྐུ། །གཉིས་ཀའང་ཆོས་སྐུའི་རྒྱུ་མཐུན་ཏེ། །གདུལ་འགྲོ་སྨིན་པར་བྱེད་ལ་མཉམ། །
རང་གི་ཉེས་པས་ཐུབ་པ་མ་མཐོང་ཡང་། །ཐུབ་པའི་སྣང་བརྙན་མཇལ་བའི་སྐལ་བཟང་འདིས། །མཛད་པ་དུས་ལས་མི་ཡོལ་ཐུབ་པའི་མཆོག །ཆེད་དུ་སྤྲུལ་པར་ལྟ་ལ་ཅི་ཞིག་ཚོམ། །
ཁྱེད་ནི་རེ་ཞིག་ཞི་བ་ཆེར་གཤེགས་ཀྱང་། །ལུང་གི་ཆོས་མཆོག་ཞལ་ནས་གསུངས་པའི་བཀའ། །གཞལ་མེད་རིན་ཐང་བྲལ་བའི་དངོས་པོ་དེས། །ཐ་མའི་གདུལ་བྱ་སྐྱོང་བ་བདག་གིས་མཐོང་། །
གལ་ཏེ་རྒྱལ་བ་མངོན་སུམ་མཇལ་ན་ཡང་། །ཆོས་ལས་ཐབས་གཞན་གང་གིས་མི་འདྲེན་པས། །ཆོས་ཚུལ་དྲི་མེད་རྒྱལ་བའི་རྒྱལ་བ་སྟེ། །འདི་ཉིད་ཁོ་ན་ཐུབ་པ་བཞིན་དུ་ལྟོས། །
ད་ནི་ཐུབ་བསྟན་ནུབ་ལ་ཉེ་གྱུར་པས། །ཚང་ལ་མ་ནོར་ཐེག་པའི་རྣམ་པ་ཀུན། །རྗེས་བསྟན་གསུང་གི་སྐལ་བར་ཐོབ་དུས་འདིར། །སྨྲེ་ངག་མ་འདོན་དོན་བཞིན་ཉམས་སུ་ལོངས། །
རྒྱལ་བའི་སྐུ་མཆོག་སྐྱོན་བྲལ་མཚན་དཔེའི་གཟུགས། །ཡིད་ལ་བྱེད་པ་དྲན་པའི་ཏིང་འཛིན་གྱིས། །མཉམ་པར་འཇོག་པ་མཆོག་ཏུ་མཉམ་བཞག་ཞེས། །མདོ་སྡེར་གསུངས་པའི་དེ་ཉིད་སུ་ཡིས་བརྗེད། །
ཐུབ་པའི་རྟེན་འབྱུང་གསུང་གི་གཅེས་པ་སྟེ། །གང་གི་དྲན་པས་སངས་རྒྱས་ཞེས་དྲན་ཞིང་། །སྲིད་པའི་རྩ་བ་ངེས་པར་གཅོད་འགྱུར་བས། །གསུང་གི་མཛོད་འདི་ཕྱིར་ཞིང་དྲན་པར་བྱོས། །
བདག་ནི་བག་མེད་སྨྲ་བ་བརྒྱས། །དུས་ཀྱི་རིན་ཐང་བརླགས་གྱུར་ན། །སངས་རྒྱས་བསྟོད་པའི་སྐབས་འདི་ཙམ། །ངག་གི་རང་བཞིན་དོན་ཡོད་གྱུར། །
སྡེབ་ལེགས་ཕྲེང་བས་མཛེས་པའི་སྙན་ངག་དང་། །ཟབ་དོན་ཅི་བཞིན་གླེང་བའི་བློ་མེད་ཀྱང་། །དང་བས་ལེགས་པར་སྦྱར་བའི་ཚིགས་བཅད་འདིར། །ལྷག་བསམ་དགེ་བའི་རིན་ཐང་མ་ཉམས་སོ། །
དེ་ལྟ་ན་ཡང་སངས་རྒྱས་དང་། །དེའི་གསུང་ཤིན་ཏུ་གཏིང་ཟབ་པས། །ཟབ་མོ་ལེགས་པར་བཤད་དོ་ཞེས། །ཁེངས་དང་ང་རྒྱལ་བདག་ལ་མེད། །
འདི་བྲིས་དགེ་བ་དམ་པ་ཡིས། །བདག་བཅས་འགྲོ་བ་ཐམས་ཅད་ཀྱིས། །རྒྱལ་བ་རྣམས་ལ་བསྟོད་བྱེད་ཅིང་། །གསུང་གི་དབང་ཕྱུག་འགྲུབ་པར་ཤོག །
དབུ་མ་སྙིང་པོའི་འགྲེལ་བ་རྟོག་གེ་འབར་བར་ཆོས་སྨྲ་བའི་མཆོག་ཏུ་གསུངས་པར་བཤད་པའི་འཕགས་པ་གང་པོས་བྲིས་པའི་སངས་རྒྱས་ཀྱི་སྣང་བརྙན་དབྱིན་ཇིའི་དངོས་མང་བཤམས་སྟོན་དུ་ཉར་ཚགས་བྱས་པ་ཞིག་གི་ཞུས་པར་མཇལ་བའི་རྐྱེན་གྱིས། ལྕགས་སྤྲུལ་ཧོར་ཟླ་༥བའི་ཚེས་༡གི་ཕྱི་དྲོ་ཨ་རིག་ཆོས་གྲྭའི་གཙུག་ལག་ཁང་དུ་ཀུན་མཁྱེན་དགེ་ལེགས་ཆོས་འཕེལ་གྱི་བཀའ་ཆོས་ཀྱི་བདུད་རྩི་ཉན་བཞིན་བྲིས་པ་པོ་ནི། སངས་རྒྱས་ཀྱི་སློབ་མར་རེ་བའི་བཙུན་གཟུགས་དཔལ་ལྡན་བསོད་ནམས་སམ་ཚེ་རིང་བཀྲ་ཤིས་སོ།། །།
དྲ་གྲོགས་ལགས།
ང་ཡང་དཔར་འདི་འདྲ་བ་ལ་དགའ་། འོན་ཀྱང་དོགས་པ་ཞིག་ཡོད་པ་ནི་དེའི་སྐབས་སུ་འདི་འདྲ་བ་དེང་རབས་ཀྱི་རི་མོ་ཇི་བཞིན་འབྲི་ཐུབ་ཀྱི་ཡོད་དམ། སྙམ་ཡོད། འདི་དེའི་སྐབས་སུ་བྲིས་པ་ཡིན་སྒྲུབ་བྱེད་རེ་རྙེད་ཚེ་གསུང་ན་ཁོ་བོ་ལྟ་བུ་སྟོན་པ་ལ་དད་བྱེད་སྟངས་གཞན་ལས་ཐད་དད་ཡོད་མཁན་རྣམས་ཧ་ཅང་ཕན་པར་འདུག
དངས་བ་ཤུག་དྲག་གིས་བྲིས་པའི་རྩོམས་པ་ ལེགས་པོ་འདུག་ ངས་པར་འདི་མཇལ་ནས་ཟླ་ཤས་སོང་། བྱས་ན་སངས་རྒྱས་ཀྱང་གྲོག་ཁོག་མགོ་མིན་པ་རེད་། མ་གཞི་ཉན་ཐོས་ཚོས་སྐྲ་དང་ཁ་སྤུ་བྲེག་པ་འདི་རིགས་མུ་སྟེག་སོགས་ཆོས་ལུགས་གཞན་དང་བཟློག་ཕྱོགས་བྷབྱས་པ་ཙམ་དུ་སེམས་།
འཇམ་དཔལ་ཚུལ་ཁྲིམ་ཟེར་བ་འདི་དཔྱོད་ལྡན་ཀྱི་གང་ཟག་ཞིག་ཡིན་པ་འདྲ་། ང་གཉིས་མཐུན་ས་ཡང་མང་གི་། ངས་ཁ་ཉིན་ཁྱེད་ཀྱི་རྩོམ་ལ་གོ་ནོར་ཅུང་ཟད་བྷབྱས་འདུག་པར་དགོངས་དག་ཞུ་།
འདི་ན་དགུང་ལོའི་༢༩སྔོན་གྱི་འདྲ་རིས་ཅིག་ཡིན་ཆོག་ཀྱང་། དེ་མིན་གཞན་ཕར་ཞོགས་། འཁརོ་ལྔ་སྡེ་བཟང་པོ་རྮེས་སུ་བཟུང་དཀའ་བར་འདུག གང་ཡིན་ཞེས་ན་འདི་ལ་ཆེ་ཤུ་ཆོསགལུགས་པའི་ཤན་དང་། འབྲོག་པའི་འབྲོག་རྟགས་ཀྱང་ཅུང་ཟད་མངོན་མི་འདུག་གམ། ང་ཡང་འབྲོག་ཕྲུག་ཅིག་ཡིན་ཡང་འདི་འདྲ་འདོད་པར་དཀའ་ཙམ་འདུག ད་དུང་དགྲ་བཅོམ་པ་སུས་བྱས་ཟེར་རམ་་་
ཡང་། དགྲ་བཅོམ་པ་གང་པོས་སངས་རྒྱས་ཁ་སྤུ་ཅན་དང་། སྙན་ཆོག་ཨ་ལོང་ཅན་དུ་མཇལ་མི་སྲིད་ཀྱང་། རྙིང་གསོག་རིང་ལུགས་པས། ཌོ་ལར་ལ་རྔམས་ནས་དེ་ལྟར་མཇལ་མི་སྲིད་པ་མིན་པས་རེད་སྙམ།
ངས་རི་མོ་འདི་འཇར་པན་ལུགས་ཀྱི་འབྲི་སྲོལ་ཞིག་ཡིན་ནམ་སྙམ།
རྒྱུ་མཚན་གཞན་ཅང་མེད་མོད། རི་མོ་འདིར་བྲིས་པའི་སྟོན་པ་ཡིན་ཟེར་བ་ནི་འཇར་པན་གྱི་མི་ཞིག་དང་ཧ་ཅང་འདྲ་པོ་འདུག་སྙམ་སྟེར། རྣམ་པ་ཚོས་ཞིབ་ཏུ་གཟིགས་དང་།
ངས་སྐུ་དཔར་འདི་དང་ཐོག་མཇལ་སྐབས་ཀྱང་དེ་ཙམ་ཡིད་ཆེས་མ་བྱུང་ ཡིན་ན་ཡང་ངས་མཇལ་རྒྱུ་དེ་མཚོན་དཔར་འདི་འདྲ་ཡང་མ་རེད་ ངའི་བསམ་པར་མཚོན་དཔར་འདི་སྐྱ་དཔར་དེ་ལ་དཔེ་བྱས་ནས་གསར་དུ་བྲིས་པ་ཞིག་མིན་ནམ་སྙམས་། ཁོང་གཉིས་འདྲ་ས་ཡང་མང་པོ་འདུག་། འོ་ན་འདི་མུ་སྟེག་པའི་སྟོན་པ་ཞིག་གི་ཡིན་ནམ་། རྣམ་པ་འདྲ་བོ་འདུག་།
ཀ་རྡོ་སོགས་ལ་ཞུ་རྒྱུར།
ཁྱེད་ལ་དོགས་པ་སྐྱེ་བ་ནི་དཔྱོད་ལྡན་གྱི་རྟགས་ཏེ། རྗེས་སུ་ཡི་རང་ཡོད། འོན་ཀྱང་ཁྱེད་ལ་གང་སྐྱེས་པའི་དོགས་པ་འདི་དག་ང་ལ་ཡང་མི་སྐྱེ་བ་ག་ལ་སྲིད་དེ། མ་གཞི་སྐུ་པར་གྱི་མཇུག་གི་ཐའེ་ལན་ལན་ཊའི་ཡི་གེ་མ་ཤེས་ཀྱང་རྒྱ་ཡིག་ཅི་བཞིན་ཕབ་ན་སངས་རྒྱས་ཤཱཀྱ་ཐུབ་པ་དགུང་གྲངས་བཞི་བཅུ་ཞེ་གཅིག་གི་དུས་སུ་སློབ་མ་དགྲ་བཅོམ་པ་གང་པོས་བྲིས་ཤིང་། མ་དཔེ་ད་ལྟ་དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་དུ་བཞུགས། རྒྱལ་ཁབ་ཀྱི་ནོར་བུར་རྩི། ཞེས་འཁོད་འདུག
དེས་ན་གལ་ཏེ་སངས་རྒྱས་ཀྱི་འདྲ་རིས་ཡིན་སྲིད་པའི་དབང་དུ་བཏང་ན་འདི་ལྟར་བསམ་ཆོག་སྟེ།
༡༽སངས་རྒྱས་ཀྱི་སློབ་མ་ཧ་ཅང་མང་པོ་ཞིག་ནི་སྐབས་དེ་དུས་ཀྱི་བཟོ་དང་རྒྱུ་རྩལ་གྱི་མཆོག་ཏུ་ཕྱིན་པ་ཡིན་པ་ད་དྲུག་སྡེ་དག་གི་ལོ་རྒྱུས་ལས་གསལ།
༢༽འདྲ་རིས་བྲིས་པའི་རྟོགས་རྗོད་ནི་དཔག་བསམ་འཁྲི་ཤིང་ཁོ་ནར་ཡང་ཐེངས་གཉིས་འབྱུང་ཞིང་། དེ་ཡང་རིག་འཛིན་སྤྲིན་གྱི་གཞོན་པས་རང་གི་དགའ་རོགས་ཀྱི་གཟུགས་རྡོ་ལེབ་ཀྱི་ངོས་སུ་ཤིང་ཚོན་གྱིས་གཅིག་པ་ལྟ་བུར་བྲིས་པ་སོགས་མང་དུ་འབྱུང་ཤིང་སངས་རྒྱས་ཀྱི་འདྲ་རིས་བྲིས་ནས་ཡུལ་གཞན་ལ་ཕྲིན་གྱི་སྐྱེས་སུ་བསྐུར་བའི་གཏམ་རྒྱུད་ཀྱང་ཡོངས་གྲགས་ཡིན།
༣༽གལ་ཏེ་དགྲ་བཅོམ་པ་ཁོང་ལ་དེ་ལྟར་ལེགས་པའི་འབྲི་རྩལ་ཡོད་ན་སྐབས་དེ་དུས་བྲིས་པ་ནི་འདི་གཅིག་པུ་ཡིན་རྒྱུ་མ་རེད་ལ་ཁོང་གིས་བྱང་ཆུབ་སེམས་དཔའི་རྣམ་པ་ཅན་ཅུང་བློས་བསླངས་དང་འབྲེལ་བའི་སྒོ་ནས་བྲིས་ཀྱང་མི་ཆོག་པ་མེད། ཉེ་དུས་ལེགས་སྨོན་གྱིས་གསེར་རྟ་མཁན་པོ་ཡིད་བཞིན་ནོར་བུ་འདན་སྲས་གྱི་ཆ་བྱད་དུ་བྲིས་པ་ལྟ་བུ་རེད།
༤༽དེ་ལས་གལ་ཆེ་བ་ཞིག་ནི་དབྱིན་ཇིའི་རྒྱལ་ཁབ་ཀྱི་ནོར་བུར་རྩི་བ་ལ་མ་མཐའ་ཡང་རྒྱུ་མཚན་ཞིག་ཡོད་དགོས། དེ་ཡང་ཉེ་བའི་དུས་རབས་སྔ་མ་དག་ཏུ་རྒྱ་གར་གྱི་གནའ་ཤུལ་ཚང་མ་དབྱིན་ཇི་བས་བརྔོགས་འདོན་དང་རྐུ་འཁྱེར་སོགས་བྱས་པ་ནི་འཛམ་གླིང་ཡོངས་གྲགས་རེད་ལ། སྐབས་དེ་དུས་བརྙེད་པའི་དཔེར་ན་དེང་སང་ཡོངས་གྲགས་སུ་སངས་རྒྱས་དང་མཆོག་ཟུང་གི་རང་སྲེལ་སོགས་ཀྱང་མཆོད་རྟེན་སོགས་ཀྱི་གཤིག་རོའི་འོག་ནས་ལོ་སྟོང་ཕྲག་གི་སྔོན་གྱི་ཡིག་རྙིང་གིས་རྒྱས་བཏབ་ནས་རྙེད་པས་ཡིད་ཆེས་སུ་རུང་བ་ཡོད་ཚུལ་སོགས་དགེ་ཆོས་ཀྱིས་གསུངས་པ་ལྟར་ལས་འདིར་ཡང་དེ་འདྲའི་ཡིད་གཏོན་ཕེལ་བའི་རྒྱུ་མཚན་རེ་ཡོད་སྲིད་ངེས་ཡིན་པ་དེར་དོ་སྣང་བྱེད་ཆོག
༥༽ད་དུང་དོགས་པ་གཞན་ཞིག་ནི་སངས་རྒྱས་ཀྱི་སྐུ་བརྙན་ཚང་མའི་གཙུག་གཏོར་ནག་པོ་ཡིན་པ་དང་མ་ཟད་སྐུ་བརྙན་རྙིང་པ་མང་པོར་གཡས་འཁྱིལ་གྱི་སྐྲ་ཚོམ་རྡོག་རྡོག་རིལ་མ་བཞིན་སྤུངས་ནས་ཡོད་པ་འདིས་ཀྱང་སྤྱིར་དབུ་སྐྲ་སྐྱེ་སྟངས་ཙམ་མཚོན་མོད་སྐབས་རེར་སངས་རྒྱས་ཀྱི་དབུ་སྐྲ་དེ་སྤྱིར་བཏང་གི་རབ་བྱུང་བ་ཚོ་དང་འཇོག་སྟངས་མ་འདྲ་བ་ཞིག་མེད་དམ་ཡང་སྙམ་མོད་འདི་ནི་དེང་སང་གི་བསམ་སྟངས་ཙམ་ཡིན་པས་རྒྱུ་མཚན་གྱིས་མི་འདང་། འོན་ཀྱང་འདུལ་བ་ལུང་སོགས་ལས་སངས་རྒྱས་ཀྱིས་རྒྱུན་གྱི་དབུ་སྐྲ་ཇི་ལྟར་བསིལ་བའི་ཚུལ་གང་བྱུང་བ་མ་ངེས། དང་པོ་ངེས་པར་འབྱུང་སྐབས་སྐྲ་བཅད་པ་ནི་ཡོངས་སུ་གྲགས་མོད། དེས་ནི་མི་ངེས་པ་ཡིན།
གང་ལྟར་ང་ལ་ནི་ཁྱད་པར་མེད་དེ། ང་རང་ལ་ང་རང་གི་བསམ་སྟངས་ཤིག་ཡོད་དོཧཧཧཧཧཧ།
བདག་ཅག་གིས་སྟོན་པའི་འདྲ་གཟུགས་ལ་བཟོ་བཅོས་བརྒྱབ་ནས་མིག་ལ་མཛེས་པོ་ཞིག་ཏུ་བགྱིས་ཡོད་པ་རེད། དེ་མ་གཏོགས་དོན་ངོ་མར་འདྲ་པར་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམ་ཀི
སྟོན་པའི་གཟུགས་བརྙན་འབྲི་སྟངས་འདྲ་མིན་ཡོད་པ་ལས་གདུལ་བྱ་སོ་སོའི་དད་པ་འདྲེན་སྟངས་དང་། ཡང་གཟིགས་སྣང་མ་འདྲ་བའི་དབང་གིས་འདྲ་མིན་ཡོངས་ཆོག་པ་ཞིག་སྟེ། རྒྱ་ནག་དང་ཀོ་རི་ཡ་སོགས་རྒྱ་བརྒྱུད་ནང་བསྟན་དར་ས་ཚང་མར་སྟོན་པའི་སྐུ་གཟུགས་རྒྱགས་པ་བཞེངས་ལ། བལ་ཡུལ་དང་བོད། སོགས་པོ་སོགས་བོད་བརྒྱུད་ནང་བསྟན་དར་ས་མང་ཆེ་བར་རྒྱགས་པ་མིན་ལ་སྐམ་པོ་ཡང་མིན་པ་བྱོན་གང་ལེགས་ལེགས་བྱས་ནས་བཞེངས། འོན་ཀྱང་རྒྱ་གར་དང་པ་ཀི་སི་ཐན་སོགས་ན་སྟོན་པའི་སྐུ་ཤིན་ཏུ་སྐམ་པོ་སྐུ་རུས་ཚང་མ་འབུར་དུ་ཐོན་ཡོད་པ་དེ་འདྲ་མང་པོ་བཞེངས་སྲོལ་འདུག པ་ཀི་སི་ཐན་(Lahore Museum)ནང་དུ་ཡོད་པའི་སྟོན་པའི་སྐུ་བརྙན་རུས་ཀོང་འབུར་དུ་ཐོན་པ་ཞིག་ཡོད་པ་དེ་ནི་ལོ་ཉིས་སྟོང་ལྷག་གི་སྔོན་ལ་བཞེངས་པ་ཞིག་ཡིན་པར་བཤད་འདུག
སྟོན་པའི་མཛད་རྣམ་ཁག་ན་དགོང་ལོ་ཉེར་དགུ་ལ་རབ་ཏུ་བྱུང་བ་ནས་བཟུང་ལོ་དྲུག་གི་རིང་ལ་ཉིན་རེར་ཚི་གུ་རེ་ལས་མཆོད་མེད་པར་གསུངས་འདུག་པ་ལྟར་ན། ཉེར་དགུ་ནས་སོ་ལྔ་བར་དུ་རྒྱགས་པ་ཆགས་པའི་རྒྱུ་རྐྱེན་ཨེ་ཡོད་ན་བསམ། གོང་གི་དཔར་དེ་ཡང་དགོང་ལོ་བཞི་ཅུ་ཙམ་ལ་ཡིན་ན་དེ་འདྲའི་རྒྱགས་པ་ཞིག་འེ་ཡིན་ནམ་སྙམ།
འོ་ཡ། གོང་གི་སྐུ་བརྙན་གསུམ་པ་དེས་ནི་ཡེ་ཤུ་མ་ཤི་ཀ་ལྟ་བུ་ཞིག་སེམས་ལ་དྲན་ཡོང་པ་མ་གཏོགས། སྟོན་པའི་གཟུགས་བརྙན་ལྟ་བུ་ཞིག་གི་ཚོར་བ་སྟེར་མི་ཐུབ་ཀི
གཅན་བཟོད་རྒྱམ་གྱིས་བཤད་པ་བཞིན་་་ཤར་ཨེ་ཤ་ཡ་་ཉི་ཧོང་པ་ཚོའི་བཞིན་རས་དང་འདྲ་བ་ལས་་་་་་ལྷོ་ཨེ་ཤ་ཡའི་རྒྱ་གར་བའི་མི་ཞིག་གི་གཟུགས་རས་དང་འདྲ་ཡི་མི་འདུག་་་་་་གང་ཡིན་ནི་མི་ཤེས་་་་་་་་
སྟོན་པའི་སྐུ་བརྙན་དུ་མཁས་བླངས་པ་ལ་ཡ་མཚན་དུ་ཅི་ཡང་མེད་ཀྱང་། དགྲ་བཅོམ་པ་གང་པོས་བྲིས་པའི་དགུང་ལོ་༤༡རབ་འབྱུང་གི་རྣམ་པའི་སྟོན་པའི་སྐུ་བརྙན་དུ་འདོད་པ་འདི་ལ་ཁུངས་བཙུན་དཀའོ། །གཞན་ཡང་ཡི་ཤུ་མ་ཤི་ཀ་ཡང་ཤིང་གི་རྒྱ་འགྲམ་སྟེང་ལ་འཆི་བ་མ་ཡིན་པར་དེ་ནས་བྲོས་བྱོལ་དུ་ཕེབས་ནས་མཐར་དགུང་ལོ་༨༠ཙམ་ཁ་ཆེའི་ཡུལ་དུ་སྐུ་མྱ་ངན་འདས་ཚུལ་བསྟན་པའི་གསུངས་ཚུལ་ཤིན་ཏུ་མི་མཐུན་པ་འདི་འདྲ་ཡང་འདུག
སྟོན་སྐུའམ་མི་སྐུ་ཡིན་པ་འདི་ཉིད་མཐོང་བས་ངའི་སེམས་སུ་དབང་མེད་པ་སངས་རྒྱས་ནི་མི་ཡིན་ཞིང་མི་ནང་ནས་མི་ཡག་པོ་ཞིག་ཡིན་ཡང་། ཡུལ་གྲུ་ཆེན་པོ་བོད་ཀྱི་ས་ཆ་འདི་བརླགས་པའི་ཁོང་དང་འབྲེལ་བ་ཡོད་པ་དྲན་པས་སེམས་ལ་མངའ་སྐྱུར་འབྲེལ་མའི་བྲོ་བ་ཞིག་འགོག་མེད་དུ་སྐྱེས། འགོག་མེད་དུ་སྐྱེས་བའི་སེམས་འཚོར་དེ་ཡི་ཐོག་ཏུ་བཀོད་པ་ཡིན།
ཉན་ཐོས་པ་ཞིག་ལ་སྐྲ་དང་ཁ་སྤུ། མ་ཚད་གསེར་དངུལ་གྱི་རྣ་ལུང་ཞིག་བཅས་མཇལ་ན་ཉེས་ལྟུང་གི་ཕུང་པོ་ཅན་ཞིག་མཐོང་བ་རེད། དེ་འདྲ་སྟོན་པ་ཕྱི་རོལ་བ་འམ་འཇིག་རྟེན་ཐུན་མོང་བ་ལྟར་རེད། ཡེ་ཤུ་སྟོན་པ་ལ་ཡང་འདི་འདྲའི་དད་པ་བཞག་ཆོག་ས་མང་པོ་ཡོད་པར་སྣང་ངོ་། །ཉན་ཐོས་གུང་གིས་རྒྱ་གར་མི་རིགས་ལས་འཇར་པན་ལ་དགའ་ཞེན་ཆེ་བར་སྣང་ངོ་།
བདེ་བར་གྱིས་ཤིག ཞེ་མཐུན་པ།
མིག་ཟུང་ལས་མཆི་མ་ཞིག་ལྷུང་ལ་ཁད
མགྲིན་པ་ལས་སྐད་ཆ་ཞིག་བཤད་ལ་ཁད
བཤད་ལ་ཁད་ཀྱི་སྐད་ཆ་འདི
ལྷུང་ལ་ཁད་ཀྱི་མཆི་མ་འདི
ཁྱོད་འགྲོ་ཁའི་རྣམ་དག་གི་སེམས་པ་ཡིན
དཀར་བོང་བོང་གི་དྭངས་གཙང་གི་སེམས་པས
ཞི་འཇ་མ་གྱིས་ཁྱོད་ལ་རེག་རེག་བྱེད་བཞིན
ཁྲ་རིལ་རིལ་གྱི་མིག་ཟུང་གི
གཉོམ་ཆུང་གིས་ཁྱོད་ལ་ཡང་ཡང་ལྟ་བཞིན
ལྷུང་ལ་ཁད་ཀྱི་མཆི་མ་འདི་ཁྱེར་ནས
བཤད་ལ་ཁད་ལ་ཀྱི་སྐད་དེ་སྦྲུམ་ནས
ཁྱོད་ལ་འཐམས་པའི་ལག་འཇུ་དལ་གྱིས་ལྷོད་བྱུང
བདེ་བར་གྱིས་ཤིག ཞེ་མཐུན་པ
རུས་རྐང་གི་འགུལ་བསྐྱོད་མ་འཐོར་ན
ཟུང་ཁྲག་གི་རྒྱུ་བ་མ་འགག་ན
ལག་ཟུང་འདི་ཡང་བསྐྱར་སྦྲེལ་བའི་ཉི་མ་ཞིག་ལོས་ཡོད
2011.5.1ཉིན།
ཨ་ཇིན་ཏ་དང་ཨ་ལོ་རར་བཞུགས་པའི་སྡེབས་རིས་ཁག་དང་པར་རྙིང་ཤས་ཤིག་ཏུ་གྲགས་པའི་སྟོན་པ་ཆུ་རིས་མའི་བྲིས་སྐུ། ད་ལྟ་ལ་ཧོར་འགྲེམས་སྟོན་ཁང་དུ་བཞུགས་པའི་སྟོན་པའི་དཀའ་སྤྱད་བརྐོས་རིས་སོགས་དང་། དེ་མིན་འཇའ་པན་གྱི་ལྷ་ཁང་ཁག་ཏུ་བྲིས་པའི་སྟོན་པའི་སྐུ་པར། རྒྱ་ནག་གི་ལུགས་སུ་བྲིས་པའི་སྟོན་པའི་བྲིས་སྐུ་སོགས་དང་ཞིབ་ཅིང་བསྡུར་བ་ན། འདི་ནི་ཅུང་དེང་རབས་ཅན་གྱི་འཇའ་པན་གྱི་རོ་མོ་ཞིག་ལས་སངས་རྒྱས་ཞལ་བཞུགས་དུས་ཀྱི་བྲིས་སྐུ་ཞིག་ཏུ་མ་མཐོང་། གང་ལ་ཞེ་ན། སྟོན་པ་ཆུ་རིས་མ་དེ་རི་མོར་ཕབ་པའི་སྟོན་པའི་བྲིས་སྐུ་ཐོག་མ་ཡིན་པའི་ལོ་རྒྱུས་བདེན་ན། རི་མོ་དེ་དང་འདི་གཉིས་ཀྱི་མི་སྣའི་རྣམ་པ་རྦད་དེ་མི་འདྲ་བ་དེ་རེད། མ་གཞི་ནས་ཡ་མཚན་པ་ཞིག་ལ་ཉི་ཧོང་བ་རྣམས་ཀྱི་ལྷ་ཁང་མང་ཆེ་བར་བྲིས་པའི་སྟོན་པ་ལ་ཁ་སྤུ་ཕྲ་མོ་རེ་བྲིས་ཡོད་སྟབས། ནམ་རྒྱུན་ང་ཚོའི་སེམས་སུ་ཁ་སྤུ་མེད་པའི་སྟོན་པའི་སྐུ་བརྙན་མྱོང་གོམས་ལ་སོང་ཡོད་གཤིས། ཉི་ཧོང་ལུགས་ཀྱི་སྟོན་པའི་སྐུ་བརྙན་ཁ་སྤུ་ཅན་དེ་ཚོ་དང་ཐོག་ཅུང་མཇལ་མི་བདེ་བ་ཞིག་ཏུ་མི་འདུག་གམ། གང་ལྟར་ཁོ་བོས་ནི་རི་མོ་འདི་འབྲི་མཁན་རྒྱ་གར་གྱི་རི་མོ་བ་མ་རེད། ཉི་ཧོང་བ་ཞིག་གམ་རྒྱ་ནག་གི་རི་མོ་བ་ཞིག་རེད་ཅེས་ཞུ་རྒྱུ་ཡིན་ནོ།།
རྫ་ཚེ་རིང་ལགས་ཐུགས་རྗེ་ཆེ།
པར་འདི་སངས་རྒྱས་ཡིན་མི་སྲིད་ལ། དབྱིན་གཞུང་ནོར་བུ་རྩ་ཆེ་རྩིས་ཀྱང་སྒྲུབ་བྱེད་དུ་མི་འགྲོ
གང་ལྟར་ཁྱོད་ནི་སུ་དང་མི་འདྲ་བའི་སངས་རྒྱས་ཀྱི་རྗེས་འཇུག་བླ་ན་མེད་པ་ཞིག་རེད།
ཁྱོད་ཀྱིས་དྲ་ཐོག་ཏུ་ཡང་ཡང་དུ་སངས་རྒྱས་དང་། དེའི་མཛད་པ་སོགས་ངོ་སྤྲོད་གནང་གི
སྐབས་དེ་དང་དེ་ལ་སངས་རྒྱས་ཀྱི་རྣམ་ཐར་རེ་དྲན་དུས་དངོས་གནས་མི་ཚེ་དོན་ལྡན་རེ་ཡོང་གི
མི་ཁྱོད་ངོ་མ་ཁ་གྲོ
རྗེས་མར་དུས་ཚོད་བྱུང་ན་ཁ་བརྡ་རིང་བོ་ཞིག་བྱེད།
མིག་ལ་བལྟ་དུས་རྒྱ་གར་བ་ཞིག་དང་ཁྱོན་ནས་འདྲ་གི་མི་འདུག
དེ་བས་ཀྱང་སེར་སྐྱའི་གྲོང་གི་མི་ཞིག་དང་མི་འདྲ་བར་འདུག
རྫ་ཚེ་བཀྲ་ལགས་འདི་དག་སྣང་ཆེ་བས་བན་བོན་ལ་ཁྱད་པར་མེད། སྟོན་པའི་སྐུ་ལ་ཐུགས་དོགས་མེད། ཡག་པོ་རེད་ཟེར་ཚད་ལ་སྐྱབས་སུ་མཆི་ཟེར་ནས་ཐལ་མོ་སྦྱོར་མཁན་ཞིག་རེད། ངའི་མ་རྒན་མའི་བཤད་སྟངས་དང་ཆེས་འདྲ་བས་སྐབས་རེར་དུང་པ་འདྲ་རེ་ཡང་སྐྱེས་ཡོང་གི་འདུག མ་རྒན་མའི་སྐྱེ་བར་ངོས་འཛིན་ཞིག་བྱེད་བསམ་སྟེ་མ་འདས་སྤྲུལ་སྐུ་ཡིན་ན་མ་གཏོགས་ལོ་ཚོད་ཐུག་ས་མ་རེད། རྩེད་མོ་ཞུ། སྟོན་པ་ཀོ་རི་ཡ་རྣམས་ཀྱིས་ཁོ་ཚོའི་མི་རྒྱུད་ཡིན་ཟེར། ཨེ་ཇེབ་པ་རྣམས་ཀྱིས་ཁོ་ཚོའི་མི་རྒྱུད་ཡིན་ཟེར། ད་འཇོག་ས་རྙེད་མ་སོང་། པར་ཏེ་གྱང་རིས་ཤིག་རེད། ཁ་བྱང་རྫ་ཚེས་གསུང་པ་ནང་བཞིན་རེད། འོན་ཀྱང་ཁ་བྱང་གི་ཉེ་སྐོར་ཏུ་རི་མོ་ཅད་པའི་དུམ་བུ་ཞིག་ཡོད་པས་སྟོན་པའི་སྐུ་དངོས་དེ་ཡིན་མིན་ཡང་དཔྱད་པ་ཡོད། གཞི་རྡུལ་རིག་པས་བརྟགས་དཔྱད་བྱས་པར་རྙིང་པ་ཡིན་ཁོ་ཐག་ཆོད་ཡོད། གོང་གི་པར་གཉིས་དངོས་མ་རེད། ཀ་དཔེ་བཤུས་རེད། པར་ངོ་མ་དེའི་ནང་དུ་རྒྱ་གར་པ་དང་ཅུང་ཟད་འདྲ། ནབ་བཙའ་སྟོན་པ་ཆུ་རི་མ་དང་འདྲ་ཅུང་ཟད་སེར་མདངས་ཡོད། སྤྱིའི་ཆ་ནས་ཨ་ཇན་ཏའི་རྒྱ་གར་རི་མོའི་ཕྱོགས་ལ་ཉེ། རྗེས་སུ་ཞིབ་འཇུག་གནང་རོགས། མཁས་དབང་དཔའ་བོ་རྫ་ཚེ་བཀྲ་ལགས་སྐུ་ཚེ་རིང་ཞིང་སྟོན་པ་དངོས་དང་མཇལ་བར་ཤོག
བཅོས། ཁ་བྱང་འཁྲས་ཕྱོགས་གཅིག་ན་རི་མོ་ཆད་པའི་དུམ་བུ་ཞིག་ཡོད་པས་སྟོན་པའི་སྐུ་འདྲ་ངོ་མ་དེ་ཡིན་མིན་ལ་ཡང་དཔྱད་པ་ཡོད། གོང་གི་པར་གཉིས་ཀ་དཔེ་བཤུས་རེད། ངོ་མ་དེའི་ནབ་བཟའ་སྟོན་པ་ཆུ་རི་མ་དང་འདྲ།
ངས་པར་འདི་ཐོག་མ་མཛྷཛྷཛྷཛྷཇལ་སྐབས་གྲོགས་པོ་ཁག་གཅིག་བཅས་བགྲོ་གེླང་ཕྲན་ཙམ་བྱུང་སྐབས་། འདི་ནི་རྒྱ་གར་བ་ཞིག་དང་མི་འདྲ་བར་ང་ཚོ་ཁམས་ཀྱི་ཕོ་རྒོད་ཞིག་དང་འདྲ་བོ་འདུག་ཟེར་བ་བྱུང་། འོན་ཏེ་རྒྱ་གར་བ་དང་འདྲ་མི་རུང་བ་ཞིག་ཀྱང་མ་རེད་། ངས་ནི་དེ་དུས་སྟོན་པའི་འདྲ་རིས་ཞིག་ཡིན་ཀྱང་སྲིད་སྙམས་བྱུང་།
རྫ་བཀྲིས་ཚེ་རིང་ལགས།
དཔར་བསྟན་པར་ཐུགས་རྗེ་ཆེ། དགྲ་བཅོམ་པ་གང་པོའི་མཚན་ལ་རྒྱ་གར་སྐད་དུ་ཇི་ལྟར་སྨྲོས་སམ། ཡན་ན་པ་ལིའི་སྐད་དུ་ཇི་ལྟར་འབྲི།
ཐུགས་རྗེ་ཆེ།
སྔོན་གྱི་ལོ་ཙྭཱ་དག་གིས་བཀའ་འགྱུར་སོགས་སུ་གང་པོ་དང་གང་བ་ཐུན་མོང་ལྟ་བུར་པཱུརྞ་ཞེས་པ་གང་པ་བཟང་པོ་དང་། གང་བོ་སོགས་སུ་བསྒྱུར་འདུག་ལགས།
ཡིན་ན་ཡང་རྒྱ་ཡིག་དུ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ཞེས་པར་富樓那彌多羅尼子ཞེས་གསལ་ཞིང་། ལེགས་སྦྱར་གྱི་བྲི་སྟངས་དངོས་དེ་པཽརྞཿ ཡིན་པར་ཚིག་མཛོད་ཁག་ཅིག་ཏུ་གསལ།
གང་བ་བཟང་པོ་དང་གང་པོ།
རྫ་ཚེ་རིང་བཀྲ་ཤིས་ལགས། བཀའ་དྲིན་ཆེ།
སྐུ་པར་གཟིགས་མཁན་ཚོས་སྐུ་པར་དང་པོ་ལས་གཉིས་པ་ཐའེ་ལན་ཊའི་བཤམས་སྟོན་ནས་དཔར་བ་དེ་མ་ཕྱི་དང་ཉེ་བོ་ཡོད་པ་དང་། དང་པོ་དེ་མདངས་སོགས་ཚོན་མདངས་ཇེ་གསལ་དུ་ཅུང་བཏང་ཟིན་པ་ཡིན་ངེས་པ་རེད་འདུག་པས་དེ་ལྟར་ཞིབ་ཏུ་གཟིགས་ལ་དཔྱོད་ཅིག
ཁོ་བོ་ནི་རྫ་ཚེ་རིང་བཀྲ་ཤིས་དང་ཉིན་གཅིག་འགྲོགས་འབྲེལ་མེད་ལ་སྐད་ཆ་ཚིག་གཅིག་བཤད་མྱོང་མེད། འོན་ཀྱང་ངའི་སེམས་ནང་དུ་ཁོང་པ་མི་བཟང་པོ་ཞིག་ཡིན་པར་ཐེ་ཚོམ་མེད་། དེ་ཡང་ཁོང་གི་མ་འོང་པའི་བོད་དང་འཚོ་བའི་གཏན་ཚིག་ཅེས་པའི་དེབ་ཆུང་གཉིས་པོ་ཞིབ་ཀློག་བྱས་པས། ཁོང་ནི་མ་མཇལ་པའི་གྲོགས་པོ་གྱུར་སོང་ལ། སྔ་བར་མང་པོ་ཞིག་ནས་འདི་པའི་རྩོམ་ཡིག་མཐོང་རྒྱུ་འདུག་པར་རང་ཕྱོགས་འུར་བསྟོད་དང་། ཕ་རོལ་དམོན་པའི་སྤྱོད་ངན་མེད་ཁར་གཟུར་གནས་སྤྱོད་ཤེས་བདག་ཉིད་དུ་མངོན་པས་དུས་རབས་གཅིག་གི་ཚབ་མཚོན་མི་སྣ་རུ་སྨྲ་ཆོག ད་དུང་རང་རིགས་ལ་ཕན་པའི་རྩོམ་ཡིག་གང་མང་སྤེལ་རོགས་ཞུ། གང་རྩམ་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ།
གུས་པ་ནི་ཁྱད་དུ་འཕགས་པའི་ཤེས་དཔྱོད་གང་ཡང་མེད་པའི་མི་རང་ག་བ་ཞིག་ཡིན་ན་ཡང་། ཡིད་ཆེས་དང་བློ་རྩེ་གཏོད་པའི་གྲོགས་པོ་དག་གི་རེ་བ་རུམ་ནས་མདུན་དུ་སྐྱོད་འདོད་ཙམ་ནི་ཅིས་ཀྱང་མཆིས། འབྲོང་ངུར་ནས་སྐུལ་ལྕག་ཐེབས་པའི་གསུང་འཕྲིན་བསྩལ་བར་ཐུགས་རྗེ་ཆེ་ཞུ།
ང་ཉེ་དུས་སློབ་གྲྭར་ཅན་དབྱིན་ཧྤ་ཧྲི་ཟེར་བའི་བཙུན་མ་ཞིག་གིས་ཁྱེད་ཀྱི་སེམས་ནང་གི་ཅེས་མཛེས་སྡུག་ལྡན་པའི་སངས་རྒྱས་ཀྱི་སྐུ་བརྙན་ཞེས་པའི་བརྗོད་གཞིའི་ཐོག་ཆུ་ཚོད་གཉིས་ཀྱི་རིང་གི་ལེགས་སྦྱར་གྱི་ཟབ་ཁྲིད་ཉན་རྒྱུ་བྱུང་ཞིང་། ཁོང་གིས་དུས་རབས་སོ་སོའི་སངས་རྒྱས་ཀྱི་སྐུ་བརྙན་བཞེངས་ཚུལ་དང་དེའི་རྣམ་པ་དང་མཚོན་དོན་མི་འདྲ་བ་སོགས་དཔེ་མཚོན་འབྲེལ་ཡོད་རི་མོ་དང་པར་རིས་སོགས་ཀྱི་ལམ་ནས་ངོ་སྤྲོད་གང་ལེགས་གནང་བྱུང་བས་དུས་ཚོད་བྱུང་ན་རྣམ་པ་ཚོར་ཞུ་ཆོག་པ།
ཁོང་གིས་ང་སྤྲོད་གནང་བ་དེ་གཙོ་བོ་རྒྱ་གར་དང་རྒྱ་ནག་གཉིས་མཚོན་དཔེར་བཟུང་སོང་། འོན་ཀྱང་ཁོང་གི་དཔྱད་གཞིའི་ཁོང་སུ་གོང་གི་པར་དག་ཚུད་མེད་ཀྱང་སྟོན་པ་ཞལ་ཚོམ་ཡོད་པ་དང་དབུ་སྐྲ་ཡོད་པ། བྱང་ཆུབ་སེམས་དཔའི་ཆ་བྱད་ཅན་སོགས་འདུག
ངོ་སྤྲོད་དུ་བཅོས་རོགས། ཅན་ཐོ་ལོ་ཞེས་པའི་རྒྱལ་རབས་ཀྱི་རྒྱ་གར་གྱི་རྡོ་སྐུ་བྱང་སེམས་ཀྱི་བྱད་ཅན་དེ་གོང་གི་འདྲ་སྐུ་དང་ཤིན་ཏུ་འདྲ་བ་འདུག མོ་རང་གི་འགྲེལ་བཤད་ལྟར་ན་དཀྱིལ་ཤར་རིག་གནས་ཀྱི་ཤན་ཤུགས་ཐེབས་པའི་འདྲ་སྐུ་ཡིན་རབས་བཤད། ད་དུས་ཚོད་མི་འདུག
འདྲ་མོ་འདུག་ཟེར་མ་ངལ་སངས་རྒྱས་མཇལ་མྱོང་མེད་འོན་ཀྱང་རི་མོ་འདི་མནའ་རབས་ཀྱི་རེ་མོ་ཡིན་པ་ལས་དེང་སབས་ཀྱི་རེ་མོ་མ་རེད་།།
རྫ་ཚེ་རིང་བཀྲིས་ནས་གསུངས་པ་བཞིན་ངས་ཀྱང་རི་མོ་འདི་འདྲ་ཞིག་མཐོང་ཐོས་བྱུང་བས་ངའི་རེ་བ་ལ་རི་མོ་འདི་འདྲ་ཡོད་ན་yeshi_samdup20@yahoo.comཐོག་བསྐུར་རོགས་ཞུ་རྒྱུ་ཡིན་།།
རི་མོ་གནའ་རབས་ཀྱི་ཡིན་རུང་། དགྲ་བཅོམ་པ་གང་པོས་བྲིས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་འདྲ་རིས་ཡིན་པའི་སྒྲུབ་བྱེད་རྣམ་དག་ཅིག་སུ་ལའང་འགོད་རྒྱུ་མི་འདུག
མུ་མཐུད་དེ་ཞིབ་འཇུག་གནང་རོགས།