དུར་བྱང་།
ཐོག་མའི་སྐད་ཆ་འགའ།
ཉེ་ཆར་ཨ་རིར་ཡོད་པའི་ཀུན་གླེང་ཐད་གཏོང་ལས་རིམ་ནང་དུ་སྒྲུང་རིང«འཇའ་ལམ་ཁྲ་མོ»འི་རྩོམ་པ་པོ་ཨ་ཁུ་པདྨ་འབུམ་ལགས་ལ་བཅར་འདྲི་ཞིག་འདུག་པ་དེར་ཐེངས་འགར་ཉན་པ་ཡིན། རྩོམ་པ་པོའི་ལན་འདེབས་ཁག་ཅིག་ལས་གསལ་ཆ་བྱུང་བ་ནི། ཁོ་བོས་<<འཇའ་ལམ་ཁྲ་མོ>>འི་མཚོན་དོན་ལ་དམར་གཞུང་གི་རྟགས་ཤིག་བརྒྱབ་པ་དེ་ཏག་ཏག་སྒྲུང་རིང་གི་དོན་རྩ་ལ་འཇུས་འདུག ཚིག་རྩ་ནས་བཟུང་འདུག ཐད་གར་ཐོང་རྩ་ནས་བསྒགས་འདུག་ཨང་སྙམ་བཞིན་རང་ཉིད་ཀྱིས་རང་ཉིད་ལའང་བཀའ་དྲིན་ཆེ་ཞུ་འདོད།
དེ་ནི་སྒྲུང་གི་བྱུང་རབས་ཁོ་ན་དམིགས་འཛིན་གྱིས་ཀློག་མཁན་དག་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་བཞུས་པ་རེད་ལ། བརྗོད་བྱའི་སྙིང་བོར་དམར་འཇུ་བྱེད་མཁན་བདག་འདྲ་ལ་བསམ་བཞིན་མ་ཡིན་པའི་བདེན་ཁ་ཨེན་ཙམ་བྱིན་པར་སོང་རྩོམ་པ་པོ་ལ་བཀའ་དྲིན་ཆེ་ཞུ།
“ཚིག་དྲིས་ན་མི་ཡོང་། ཞོར་ནས་ཡོང་།” ཟེར་བ་ནང་བཞིན་བཅར་འདྲི་དེ་ནི། ཁོ་བོས་བྲིས་དང་འབྲི་མུས་ལ་སྔར་ལས་ལྷག་པའི་དགའ་སྤྲོ་འཕེལ་བའི་སྐུལ་ལྕག་ལྟ་བུར་གྱུར་སོང་ལ། ཅི་ཞིག་བཤད་ལ་བྲེལ་ཞིང་ཁ་ཁྲལ་བཞག་པ་མིན་ནམ་སྙམ་པ་དག་གི་ཞལ་ལ་འཚེམ་བུ་སྦོམ་པོ་སྦོམ་པོ་ཞིག་བརྒྱབ་པ་ཡིན་སྟབས། བཅར་འདྲི་གནང་མཁན་ལའང་བཀའ་དྲིན་ཆེ་ཞུ།
མདོ་འཛིན་པས་རེ་བ་ཆེན་པོའི་ངང་ནས་སྐད་ཆ་འགའ་དྲིས་སོང་། སྲིད་དོན་རྒྱལ་རབས་སྐབས་དེའི་བོད་ཕྱི་ནང་གཉིས་ཀྱི་ཟམ་པ་ལྟ་བུར་ངོས་འཛིན་བྱས་པ་ཡིན་ནམ། ལན་དུ་མིན་ཟེར། ཡང་ན་རེ། སྒྲུང་གི་ནང་དུ་རྒན་མོ་དེ་འདྲ་མང་བོ་ཡོང་གི་འདུག དེའི་མཚོན་དོན་ཕོ་ཟད་མོ་ལ་ཐུག་ཅེས་པའི་རྒྱ་གཞུང་གི་སྡུག་རྩུབ་ཆེ་བའི་དྲག་གནོན་བྱས་པ་དེ་མཚོན་པ་ཡིན་ནམ། ལན་དུ། ང་ལ་དེ་འདྲའི་བསམ་བློ་གང་ཡང་མེད་ཟེར།
ཕ་ཡུལ་ནས་རྒྱ་གར་དུ་ལམ་ལ་ཆས་པའི་དངོས་བྱུང་གི་སྣང་བརྙན་རེ་རེ་ནི་ཁྲག་གི་མིག་ཆུ་བཞུར་བའི་བྱུང་བ་རེ་རེ་ཡིན་ལ། རང་ས་དགྲ་ལག་ཏུ་ཤོར་བའི་སྙིང་ནད་དང་སྐྱོ་གདུང་སྣ་ཚོགས་ཀྱིས་གྲུབ་པའི་ཡིག་འབྲུ་རེ་རེའང་ཡིན་ངེས་པ་སྟེ། ང་ཅག་གིས་གངས་ཀྱི་འཁྱག་རོམ་དང་རི་ཚོགས་མང་བོར་རྐང་པས་མནན་ཏེ་བཙན་བྱོལ་བའི་གནས་སྟངས་འདི་དགའ་བས་དང་དུ་བླངས་པ་མ་ཡིན་པར་མེ་མདའ་ཐོད་པར་གཏད་ནས་བཙན་གྱིས་མགོ་ཐོག་ཏུ་བཞག་པ་ཡིན། བདེན་པ་ར་སྤྲོད་ཐུབ་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཆེན་པོ་དེའི་ཆ་ཤས་ཕྲ་མོ་ཙམ་ཡང་འཇའ་ལམ་ཁྲ་མོས་མཚོན་པར་མ་བྱས་པ་ནི་སྒྲུང་རང་གི་ནང་དུའང་གསལ་ཞིང་གསལ་བ་སྟེ། རྩོམ་པ་པོར་བཅར་འདྲི་ལས་ཀྱང་ཡ་ཡོར་གཅིག་ཀྱང་མེད་པར་སྨག་ལ་ཉི་ཟེར་ཕོག་པ་ལྟར་ཡོད་ཚད་དཀར་ལྷང་ལྷང་དུ་གྱུར་བ་མ་ཡིན་ནམ། ད་ཆ་ཁོང་གི་སྒྲུང་རིང་ལ་བསྔགས་པའི་མེ་ཏོག་གཏོར་མཁན་ཚོའི་སེམས་པའང་འཁྱག་སིམ་སིམ་དུ་གྱུར་ཡོད་པ་སྨོས་ཅི་ལ་དགོས་ཨང་།
ལར། བཅར་འདྲི་དེའི་ནང་དུ། རྩོམ་པ་པོས་ང་ལ་ལན་འདེབས་ཡིན་ཁུལ་གྱི་སྐད་ཆ་འགའ་བཤད་པ་དེ་བསམ་བཞིན་སྤྱི་ཚོགས་ཀྱི་ཁ་ཕྱོགས་གཞན་པ་ཞིག་ཏུ་ཁྲིད་ཐབས་ལ་གྲ་སྒྲིག་བྱས་ཟིན་པ་ནི་དམུས་ལོང་ཞིག་མིན་ན་ཤིན་ཏུ་གསལ་བོ་རེད། ད་དུང་ཁོ་བོས་བྲིས་པའི་རྩོམ་ཡིག་སྔ་ཕྱི་དག་ལ་ཁོང་གིས་ཞིབ་ཀློག་བྱས་ཡོད་པ་སྨོས་མ་དགོས་ལ། དེའི་ནང་ནས་ཚིག་གཅིག་གཉིས་ཤིག་འབུར་དུ་བཏོན་ནས་ངའི་རྩོམ་ཡིག་གི་ནང་དོན་ལ་གཡོལ་བ་མ་ཟད། རང་ཉིད་ཀྱི་སྒྲུང་རིང་གི་མཚོན་དོན་ལའང་འགྲེལ་ལོག་རྒྱག་འགོ་བརྩམས་སོང་།
རྒྱུ་མཚན་ཤིན་ཏུ་གསལ་ཏེ། བཅར་འདྲི་དེའི་ནང་དུ་ཁོང་གིས་དཔེ་མཚོན་ལ་མགར་བ་བསྟན་པ་དྲངས་ནས“ཁོའི་ཆུང་མ་ནད་མནར་གྱིས་འཆི་ལ་ཉེ་བའི་སྐབས་སུ་འཕགས་པ་བརྒྱད་སྟོང་པ་མ་གཏོགས་རེ་ས་ཅི་ཡང་མི་འདུག དེ་གཅིག་པོ་མ་གཏོགས་སེམས་ལ་གང་ཡང་ཤར་གྱི་མི་འདུག ཧ་ཅང་རྗེས་ལུས་རེད”ཟེར། དུས་ཚོད་དེའི་ནང་དུ་དམར་གཞུང་གིས་བཙན་འཛུལ་བྱས་པའི་བོད་ཀྱི་གྲོང་གསེབ་ཁག་ཏུའང་འཕྲོད་སྟེན་སོགས་ཀྱི་མཐུན་རྐྱེན་ཧ་ཅང་བཟང་བོ་བསྐྲུན་ཡོད་པ་གསལ་འདོན་བྱས་ཡོད། དཔེར་ན། མགར་བ་བསྟན་པའི་ཆུང་མ་འཆི་ལ་ཉེ་བའི་སྐབས་སུ་བརྒྱད་སྟོང་པ་འདོན་མཁན་ནི་ལུང་རིགས་ཡིན་ལ། ལུང་རིགས་ཀྱི་སེམས་ལ་ཁོང་ཚོས་སྨན་པ་ནང་ལ་འབོད་རྒྱུ་དང་། ཡང་ན་ཕར་སྨན་པ་བསྟེན་གཏུག་བྱེད་རྒྱུའི་སྐོར་ལ་གླེང་སློང་ཙམ་ཡང་མ་བྱས་པ་དེར་ཅུང་ཡ་མཚར་བ་ཞིག་བཞེངས་སྐྲུན་བྱས་ཡོད། འདི་ལས་གསལ་བཤད་ཐུབ་པ་ནི་དམར་གཞུང་གིས་བསྐྲུན་པའི་མཐུན་རྐྱེན་བཟང་བོ་དེ་དག་ལ་ལོངས་སྤྱོད་མི་བྱེད་པར་ཅིའི་ཕྱིར་བརྒྱད་སྟོང་པ་ཁོ་ནར་རེ་བཅོལ་བྱས་པ་ཡིན་ནམ། རྩོམ་པ་པོས་བོད་རྣམས་རྗེས་ལུས་དང་རྨོངས་ལམ་དུ་ཁྲིད་མཁན་ནི་ནང་བསྟན་ཆོས་ལུགས་ཡིན་པ་ལས། རྒྱ་གཞུང་གིས་བོད་ཁམས་ཡར་རྒྱས་སུ་བཏང་མེད་ཟེར་བ་རྫུན་གཏམ་ཡིན་པའི་སྒྲུབ་བྱེད་དུ་དྲངས་པ་རེད།
འོན་ཀྱང་། ཁོང་གིས་དམར་གཞུང་གིས་བཙན་འཛུལ་བྱས་པའི་རྗེས་སུ་གནམ་ས་ཁ་ལོ་བསྒྱུར་བ་ལྟ་བུའི་བོད་ཡར་རྒྱས་སུ་ཕྱིན་ཡོད་ཟེར་བར་དགག་པ་བརྒྱབ་པ་ཡིན་མོད། དུར་བྱང་གིས་དེ་འགྲིག་མི་འདུག་ཟེར་བཞིན་ཡོད་ཅེས་ཁོ་རང་གིས་བྲིས་པའི་སྒྲུང་རིང་ལ་ཁོ་རང་གིས་འགྲེལ་ལོག་རྒྱག་འགོ་བརྩམས་སོང་ཟེར་དོན་ཡང་འདི་ཡིན། འོག་ཏུའང་འདིའི་སྐོར་མང་ཙམ་གླེང་སློང་བྱེད་འཆར་ཡོད་ན་སྐྱར་ཟློས་ཀྱི་ངལ་བ་བསྟེན་པ་དུས་ཚོད་གྲོན་པའི་རྒྱུ་རུ་ཟད་པས་རེ་ཞིག་བསྐྱུངས།
མ་གཞི། དགྲ་བོ་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་མུན་ནག་གི་དུས་ཚོད་ནང་དུ། བོད་ཀྱི་རིག་གཞུང་གི་སྲོག་ཤིང་དུ་གྱུར་བའི་དགོན་སྡེ་ཁག་དང་། ཆེས་རྩ་ཆེ་བའི་ཤུལ་བཞག་གི་རིག་གཞུང་རི་བོའི་གཏོས་ལ་འགྲན་པ་ཕལ་མོ་ཆེ་གཏོར་བཅོམ་དང་མེར་བསྲེགས། རྐུ་འཕྲོག་སོགས་བྱས་ཡོད། དེས་ག་ལ་ཚད། དཔའ་བོ་དཔའ་མོ་གྲངས་ལས་འདས་པ་ཞིག་དྲག་དམག་གིས་དམར་གསོད་དང་། གཅར་རྡུང།བཙན་གཡེམ་བྱས་པ་སོགས་རིག་ན་སྐྱི་གཡའ་ཤིང་བསམས་ན་སྙིང་འདར་བ། དམྱལ་བ་མི་ཡུལ་དུ་བསླེབས་པ་ལྟ་བུའི་དངོས་བྱུང་གི་ལོ་རྒྱུས་མཐོང་བཞིན་དུ། ང་ཚོས་བཙན་བྱོལ་ནས་དེ་ལ་དགག་རྒྱག་དང་ཚིག་མཚོན་འདེབས་པའི་བློ་ཁོག་མེད་ནའང་། ཕ་གསོད་ལག་དམར་གྱི་རྫུན་གྱི་དྲིལ་བསྒྲགས་ལ་བསྟོད་པའི་གླུ་དབྱངས་ལེན་དོན་མེད།
ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ངོས་ཐད་ནས། གདམ་ཁ་མེད་པའི་འགན་འཁྲི་གཅིག་ཡོད། དེ་ནི་དགྲ་བོ་ལ་བསྟོད་གླུ་མི་ལེན་རྒྱུ་དེ་ཡིན་ལ། དགྲ་བོའི་གཡོ་ཇུས་དང་རྫུན་གཏམ་ལ་རྒྱབ་དཔུང་མི་བྱེད་རྒྱུ་དེ་རེད། དེ་ལ་གུ་ཡངས་གཏན་ནས་མེད། “རྩོམ་རིག་རྩོམ་རིག་རེད། ཆོས་ལུགས་ཆོས་ལུགས་རེད། ཆབ་སྲིད་ཆབ་སྲིད་རེད” ཅེས་པའི་སྙན་སྙན་འགྲིག་འགྲིག་གི་སྐད་ཆ་དེ་དག་ཀྱང་འཛུལ་ས་དང་ཡིབ་ས་གང་ཡང་མེད་དེ། དེ་ནི་སོས་དལ་བག་ཕེབས་ཀྱི་འཚོ་བ་རོལ་བཞིན་པའི་སྐབས་ཀྱི་ལྟ་ཚུལ་ཡན་དགར་བ་ཞིག་རེད། སོང་ཙང་། ཁོ་བོས་ <<འཇའ་ལམ་ཁྲ་མོ>> ས་མཚོན་པར་བྱས་པའི་ནང་དོན་ཡང་གོང་དུ་བཤད་པ་དེ་དང་དེའི “ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས” ལྟ་བུར་ཕྱིན་འདུག་པ་ཚོར་རྗེས་དངོས་གནས་སེམས་ནས་མ་བཟོད་པ་ཡིན།
ཆེས་གལ་ཆེ་བ་ནི། ཁོ་བོས་ <<འཇའ་ལམ་ཁྲ་མོ>> ་བཀླགས་པའི་རྗེས་སུ་སྐྱོ་ལྷང་ལྷང་གི་དབུགས་རིང་ཞིག་དང་མཉམ་དུ་སྒྲུང་དེའི་ནང་ཁོག་འབྲུ་བ་ལ་འབད་པ་མ་གཏོགས་ང་ལ་དུས་ཚོད་འདང་ངེས་ཤིག་ཡོད་པའི་དོན་མིན་ལ། ལྷག་ཏུ་ངེད་གཉིས་ཆ་མེད་ཅིང་རྒྱུས་དེ་བས་ཀྱང་མེད་པར་བརྟེན། མི་ཡུལ་ས་མཐའ་འདི་ནས་ཁོང་ལ་སྒེར་ནད་ཅིག་ཡོང་དོགས་ཡེ་ནས་མེད་དོ།།
ལར། ཁོ་བོས <<འཇའ་ལམ་ཁྲ་མོ>> ཞེས་པའི་སྒྲུང་རིང་འདི་དགྲ་བོ་དམར་གཞུང་གི་ངོས་འཛིན་དང་དྲིལ་བསྒྲགས་ཀྱི་ལག་ཆར་གྱུར་ཡོད་ལ། རྩོམ་པ་པོས་སྒྱུ་རྩལ་རྩོམ་རིག་བརྒྱུད་ནས་དམར་གཞུང་གི་གཡོ་ཇུས་དང་ངན་སྨྲས་དག་ལ་བདེན་ཁ་བྱིན་པ་དང་། ཡང་ན་བདེན་པའི་ཁུངས་སྐྱེལ་ལྟ་བུར་སོང་ཡོད་པའི་བརྗོད་སྙིང་ཚུར་བསྡུས་ནས་གསལ་བར་འབྲི་རྒྱུ་ཡིན་ལ། དེའང་སྐབས་དང་སྐབས་སུ <<འཇའ་ལམ་ཁྲ་མོ>> འི་ནང་དུ་ཡོད་པའི་ཚིག་ཟིན་ཇི་བཞིན་འདྲེན་འགོད་བྱེད་རྒྱུ་ཡིན།
རེད། ང་ཚོ “ཁ་གསལ་ན་གོ་བདེ”གི་རེད།
མའོ་ཙེ་ཏུང་གིས། ༡༽ “ནང་བསྟན་ཆོས་ལུགས་ནི་དུག་རེད” ཅེས་དངོས་སུ་བཤད། ཨ་ཅོག་ནང་ལ་བཤད། དེ་གཏན་མེད་དུ་བཟོ་དགོས་ཚུལ་བཤད་ཡོད།
དགྲ་བོ་དམར་གཞུང་ནས་མི་ལོ་བཅུ་ཕྲག་འགའ་ལ་བསྟུད་མར། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་དག་ལའང་། ༢༽ “ཏཱ་ལའི་ཁ་བྲལ་གྱི་གཡོ་འོག་ཏུ་ཚུད་པ་ལས་ཁོང་ཚོར་བསམ་བློ་དེ་འདྲ་ཞིག་གཏན་ནས་མེད” ཅེས་བརྒྱ་བཤད། སྟོང་བསྒྲགས། ཁྲི་ཟློས་པ་རེད། ཡང་དམར་གཞུང་ན་རེ།
༣༽ “ཕྱི་སྡོད་བོད་པ་ནི། རྐུན་མ། ཇག་པ། ཁྲམ་པའི་ཁྱུ་ཚོགས་ཤིག་རེད” ཅེས་ཡང་དང་སྐྱར་དུ། མཚམས་མ་ཆད་པར་རྒྱ་ནང་ལ་བཤད།བོད་ནང་ལ་བཤད། འཛམ་གླིང་ལའང་བཤད་པ་རེད། ཁོ་བོས་ཀྱང་སྒྲུང་རིང་འཇའ་ལམ་ཁྲ་མོའི་མཚོན་པར་བྱེད་པའི་སྙིང་བོ་དོན་ཚན་འདི་གསུམ་ཡིན་པར་གཞི་དང་རྨང་དང་རྩ་བར་བཟུང་ནས་ནན་བརྗོད་བྱེད་རྒྱུ་ཡིན།
སླར་ཡང་སྨྲ་ན། ཨ་ཁུ་པདྨ་འབུམ་སྒེར་ངོས་ནས་ལྟ་ཚུལ་ག་རེ་ཡིན་ཡང་། སྒྱུ་རྩལ་རྩོམ་ཡིག་བརྒྱུད་པའམ་མ་བརྒྱུད་པར་ཐད་གར་དུ་བཤད་འབྲི་སོགས་ཆོག་པ་ནི་རྨང་གཞིའི་ཤེས་བྱ་ལྟ་བུ་ཞིག་ཡིན་པ་ནི་ཁོ་བོས་ཀྱང་སྔར་ནས་ཤེས་ཡོད། འོན་ཀྱང་། ཤེས་བཞིན་དང་བསམ་བཞིན་དུ་ཡིན་མིན་ཅི་ཆ་སྟེ། ཡང་སྙིང་འཇའ་ལམ་ཁྲ་མོ་ཞེས་པའི་སྒྲུང་རིང་འདི་དགྲ་བོ་དམར་གཞུང་གི་ཆབ་སྲིད་ཀྱི་ལག་ཆར་གྱུར་བ་ཤིན་ཏུ་རབ་ཏུ་གསལ་ན། ཁོ་བོའི་སེམས་ཀྱིས་མ་བཟོད་པའང་དེ་རང་ཡིན་པར་བརྟེན། བསྐོར་བ་སྣ་ཚོགས་བརྒྱབ་ཅིང་གཞན་དང་གཞན་ལ་ཁྲིད་དགོས་དོན་ཅི་ཡང་མེད་ལ། དེ་དག་ལ་ངོས་ལེན་ཡང་གཏན་ནས་བྱེད་རྒྱུ་མིན།
མ་གཞི་སྒྲུང་རིང་འདིའི་བྱུང་རིམ་དང་མི་སྣའི་སྣང་བརྙན། ཁོར་ཡུག་ཞིབ་འབྲི་དང་མི་སྣའི་བར་གྱི་སྐད་ཆ། བརྗོད་བྱ་ཕན་ཚུན་མཐུད་རྒྱག་སྟངས་སོགས་མདོར་ན་ཕྱི་རོལ་གྱི་བཞེངས་སྐྲུན་དག་ལ་ལེགས་པའི་ཆ་ཅི་རིགས་ཡོད་པའང་སྨོས་ཅི་ལ་དགོས་ཏེ། ཀློག་པ་པོ་མི་ཉུང་བ་ཞིག་གིས་བསྟོད་པའི་གླུ་དབྱངས་ལེན་དོན་ཡང་ཕྱིའི་མཛེས་སྡུག་གི་བསླུ་བྲིད་འོག་ཤོར་བ་ཙམ་དུ་ཟད་ཀྱི། སྙིང་བོ་ལས་ཀྱང་སྙིང་བོར་གྱུར་བའི་དོན་རྩ་ལ་བསམ་གཞིག་བྱེད་འདོད་མེད་པ་འདྲ།
མ་གཞི་བརྩམས་སྒྲུང་ནི་སྤྱི་ཚོགས་ཀྱི་མེ་ལོང་ཡིན་པར་བཤད་ལ། <<འཇའ་ལམ་ཁྲ་མོ>> འི་མེ་ལོང་ནང་དུ་འབྲི་བཞེངས་བྱས་པའི་སྤྱི་ཚོགས་ནི་ཆོས་ཉིད་ཀྱི་སྲིད་པ་དག་དཔེ་རུ་བཀོད་དེ་སྤྱི་ཚོགས་ཁྱོན་ཡོངས་ལ་སྡོམ་རྒྱག་ཁུལ་བྱས་འདུག་པ་དེ་རེད་ལ། འདི་ནི་བརྩམས་སྒྲུང་གི་ཁྱད་ཆོས་དང་ཡོངས་སུ་འགལ་ཡོད་པ་མ་ཟད། སྒྱུ་རྩལ་གྱི་བདེན་པའི་ལྡོག་ཕྱོགས་སུ་ལངས་ཏེ། དགྲ་བོའི་ཕྱོགས་ལ་མེ་ཏོག་གི་ཕྲེང་བའི་རྒྱན་ཆ་བཏགས་པ་རེད།
ཁོ་བོས <<འཇའ་ལམ་ཁྲ་མོ>>ཟེར་བ་དེ་དགྲ་བོ་དམར་གཞུང་གི་འཁྱོག་བཤད་དེ་འཁྱོག་བཤད་མ་ཡིན་པར་བདེན་པ་ཡིན་པའི་སྒྲ་སྐད་རྣ་བར་མི་སྙན་པ་ཞིག་དེབ་ཀྱི་མགོ་མཇུག་བར་གསུམ་དུ་ཁྱབ་ནས་ཡོད་པའི་མྱོང་ཚོར་སོགས་གསལ་བར་འབྲི་རྒྱུ་ཡིན་སྟབས། རླུང་དང་བསེར་བུའི་བར་གྱི་སྐད་ཆར་ཡིད་ཆེས་པ། ཕྱོགས་རེས་ཉི་ཚེ་བ་ཞིག་ལ་མགོ་གཡེང་བ། བྱུང་རྒྱལ་དུ་སྨྲ་བར་དགའ་བ། མདོར་ན་<<འཇའ་ལམ་ཁྲ་མོ>> ་དང་ཁ་བྲལ་ནས་འབྲེལ་མེད་ཚིག་མཚོན་འདེབས་མཁན་བློ་ཆུང་དག་ལ་སྙིང་ནད་མི་འཕར་བའི་རེ་བ་ཡོད་ལ། དོན་ཅི་ཡང་མེད་པར་བདག་ལ་ཁྲོ་ཉམས་མི་སྟོན་པའི་རེ་བའང་ལན་བརྒྱར་ཞུའོ།།
དོན་ཚན་དང་བོ།
“རྫུན་བརྒྱ་བཤད་ན་བདེན་པར་འགྱུར་ངེས་ཡིན” འདི་རྒྱ་ནག་དམར་གཞུང་གི་ཆབ་སྲིད་ཀྱི་ཐབས་ཇུས་ཡོད་ན་མེད་ན་དེ་ཡིན་ལ། རྫུན་གྱི་ཁར་རྫུན་བཤད་པའི་དྲིལ་བསྒྲགས་དེ་ལས་རྒྱ་མི་དུང་ཕྱུར་མང་བོ་རྨོངས་པའི་སྨག་རུམ་སྟུག་པོའི་ཀློང་དུ་དེད་ཡོད། དྲིལ་བསྒྲགས་དེའི་འོག་ཏུ་འཚར་བའི་མི་རྣམས་ལ་བདེན་པ་མཐོང་བའི་གོ་སྐབས་ཕལ་ཆེར་ཡོད་མི་སྲིད། དགྲ་བོ་དམར་གཞུང་གིས་བོད་དང་འབྲེལ་བའི་རྫུན་གྱི་དྲིལ་བསྒྲགས་དེ་ཡང་མཚམས་མ་ཆད་པར་ཆུ་བོའི་རྒྱུན་བཞིན་དུ་མི་ལོ་བདུན་ཅུ་ལྷག་ལ་མཇུག་བསྲིངས་ནས་ཡོང་བ་རེད། རྫུན་གཏམ་དང་གཡོ་ཇུས་སོགས་གྲངས་ཀྱིས་མི་ཟིན་པའི་ནང་ནས་གཅིག་ནི། “ཕྱི་སྡོད་བོད་པ་ནི་ཏཱ་ལའི་རུ་ཚོགས་ཀྱི་ཁྲམ་པ་དང་རྐུན་མ། ཇག་པའི་ཁྱུ་ཚོགས་ཤིག་རེད”ཅེས་ཡང་ཡང་ཟློ་ཞིང་བསྐྱར་གླེང་བྱེད་བཞིན་པ་དེ་ཡིན།
“ལུང་རིགས་ཀྱི་སེམས་ཁམས་གློ་བུར་དུ་མ་སྐྱིད། རིན་ཁོ་དང་བལ་བོའི་ཚོང་པ་གཉིས་ཀྱིས་ཁོ་ཨ་སྒོར་གྱི་ནག་ཚོང་འདྲེན་བྱེད་བྱས་པ་ཡིན་ནམ། བལ་བོའི་ཚོང་པས་དེ་ལྟར་བྱེད་སྲིད་ན་རིན་ཁོས་དེ་ལྟར་བྱེད་སྲིད་དམ། ད་ལྟ་ཚོང་པ་རིན་ཁོ་འདི་ངོ་མ་སུ་ཡིན་ཡང་བཤད་མི་ཤེས་པར་གྱུར་འདུག” “ཁོ་གཉིས་ཀྱིས་རང་ཉིད་ནག་ཚོང་འདྲེན་བྱེད་བྱས་སོང་སྙམ་པའི་དོགས་པ་དེ་ཡང་སེམས་ཀྱི་གཏིང་རིམ་ཞིག་ནས་འགུལ།” ལུང་རིགས་དང་འཕགས་ཕྲུག་སྣ་ལེབ་གཉིས་ཀས་རིན་ཁོའི་ཆེད་དུ་བརྒྱད་སྟོང་པ་འདོན་མྱོང་ཡོད་ལ་ཕན་ཚུན་ངོ་ཤེས་རྙིང་པའང་ཡིན། ཐོག་མར་ལུང་རིགས་འགྲམ་ནས་བལ་ཡུལ་དུ་གཏོང་མཁན་རིན་ཁོ་ཡིན་པ་མ་ཟད། སྐབས་དེར་རིན་ཁོས་ཨ་སྒོར་ཁྲི་ལྔ་ལྐོག་ནས་ལུང་རིགས་ཀྱི་རྒྱབ་ཁུག་ནང་དུ་བཅུགས་ནས་ནག་ཚོང་སྐྱེལ་འདྲེན་ལ་བེད་སྤྱོད་བཏང་། སྟབས་མ་ལེགས་པར་ལུང་རིགས་ས་མཚམས་ནས་འཛིན་བཟུང་བྱས་སོང་། “ནུབ་ཕྱོགས་ཀྱི་མགོ་སེར་བུད་མེད་དར་མ་ཞིག་གིས་ལག་པ་གནམ་ལ་ཕྱར་ནས་ཀུ་ཅོ་འདོན་བཞིན་དང་རྒྱུག་བཞིན་ཡོད། ལུང་རིགས་ཀྱི་རིག་ཤོ་ཡང་བསྐྱར་སྐྱོད་འགོ་བརྩམས། བུད་མེད་དེ་རིག་ཤོ་ཡི་རྒྱབ་ཕྱོགས་སུ་ཡལ། གཞོན་ནུ་དེས་བུད་མེད་དེའི་རྒྱབ་ཁུག་བརྐུས་ནས་འབྲོ་བཞིན་པ་ཧ་ཅང་གསལ།” “ལུང་རིགས་ཀྱིས་རྒྱབ་ཁུག་ལག་ཏུ་བཟུང་ནས་སྒོར་མོ་ལེན་གྲབས་ཀྱི་སྐབས་སུ་རྒྱབ་ཁུག་དེ་སུ་ཞིག་གིས་ཏེག་སེ་ཁྱེར་སོང་། དེ་ནི་གསར་བུ་ལུས་སྨད་ལ་དོར་མ་དམར་པོ་གྱོན་ཞིང་། ལུས་སྟོད་གཟན་གྱིས་གཡོགས་མཁན་ཞིག་རེད།”
ལུང་རིགས་བལ་ཡུལ་དུ་འབྱོར་བའི་ཉིན་གཉིས་པར། གྲྭ་པ་ཞིག་ཡིན་བཟོ་འདུག་པའི་ཕོ་གསར་དེས་ཁོ་རང་གི་རྒྱབ་ཁུག་འཕྲོགས་པ་དང་། ད་དུང་མགོ་སེར་མ་ཞིག་གི་རྒྱབ་ཁུག་ཀྱང་རྐུ་འཕྲོག་བྱས་པ་དཔེ་མཚོན་དུ་དྲངས་ཏེ། ས་འདི་ནས་མིག་རྡེབ་པའི་ཡུན་ཙམ་ལའང་གཟབ་ནན་བྱེད་དགོས་པའི་ཇག་ཚང་ཞིག་བློས་བསླང་དང་ཞིབ་འབྲི་བརྒྱུད། བློ་མཐུན་པདྨ་འབུམ་ལགས་ཀྱིས་སླར་ཡང་དམར་གཞུང་གི་གཏིང་ནག་པའི་དྲིལ་བསྒྲགས་ལ་བདེན་པའི་མགོ་བོ་ལྡེམ་བཞིན་པ་ཧ་ཅང་གསལ་བོ་རེད། “ཁང་མིག་ཆུང་ཆུང་འདིའི་ནང་ན་ཚིག་མཚོན་ཕར་འཕུར་ཚུར་འཕུར་རེད།” “ངས་མགྲོན་ཁང་ཞིག་གི་སྒེའུ་ཁང་ཁ་ན་ཡོད་པ་ཁྱེར་ཡོང་བ་ཡིན། ཟེར་ནས་ཞྭ་མོ་ཕུད་ནས་མགོ་ལ་འཕུར་འཕུར་ཞིག་བྱས། ཁྱེད་རང་གྲྭ་པ་ཡིན་ནམ། ལུང་རིགས་ཀྱིས་ཁམས་པ་དེ་མགོ་རིལ་ཡིན་པ་མཐོང་བ་ན་དེ་ལྟར་དྲིས་ཀྱང་། དྲིས་མ་ཐག་ཏུ་གྲྭ་བ་ཞིག་གིས་རྐུ་བྱེད་དམ་སྙམ་ནས་དྲི་བ་དེ་དྲིས་པ་ལ་འགྱོད་པ་སྐྱེས།” འདི་ནི་རྡ་རམ་ས་ལའི་དབུས་སྣེ་ལེན་ཁང་གི་སྣང་བརྙན་དང་གྲྭ་བ་ཞིག་གིས་གཞན་གྱི་སྒེའུ་ཁང་ཁ་ན་བསྐམས་ཡོད་པའི་ལྷམ་ཞིག་བརྐུས་པའི་སྣང་ཚུལ་རེད།
བློ་མཐུན་པདྨ་འབུམ་ལགས་ཀྱིས་བརྩམས་སྒྲུང་ནི་སྤྱི་ཚོགས་ཀྱི་མེ་ལོང་ཡིན་པའི་ཆོས་ཉིད་ལ་རྡོག་པས་བརྫིས་ཏེ་མི་སྒེར་གྱི་མེ་ལོང་དཔེ་རུ་བཀོད་དེ་སྤྱི་ཚོགས་ཁྱོན་ཡོངས་ལ་སྡོམ་ཚིག་འགོད་རྐྱང་བྱེད་བཞིན་པ་དེ་རེད་ལ། བྱེ་བྲག་གིས་སྤྱི་ལ་སྡོམ་ཚིག་བཀོད་པའི་དགོས་དམིགས་ག་རེ་ཡིན་ནམ། ཁོ་བོས་སྒྲུང་འདིའི་བརྗོད་སྙིང་ཇི་ལྟར་མཚོན་པར་བྱས་པ་དང་མི་ལོ་བདུན་ཅུ་ལྷག་ལ་དམར་གཞུང་གིས་ཀྱང་དཔེ་མཚོན་བྱེ་བྲག་པ་ཞིག་དམིགས་འཛིན་གྱིས་བོད་སྤྱི་ལ་དམའ་འབེབས་དང་ཁྱད་གསོད། ལོག་བཤད་སྣ་མང་བྱེད་བཞིན་པ་དེ་དང་མཚུངས་རྟགས་ཅིའི་ཕྱིར་འགོད་མི་ཆོག་པ་རེད་དམ། མ་གཞི་སྤྱི་ཚོགས་ཤིག་ཡིན་ཕྱིན་བཟང་ངན་སྣ་ཚོགས་པ་ཞིག་ཡོད་པ་ཆོས་ཉིད་ཡིན་ལ། ཆོས་ཉིད་ཀྱི་སྲིད་པ་དེ་རྩ་བར་བཟུང་ནས་འདི་འདྲ་ཡོད་ལ་དེ་འདྲ་ཡང་ཡོད་ཅེས་སྤྱི་ཚོགས་ལེགས་བཅོས་ཀྱི་སྐུལ་འདེད་བྱེད་བཞིན་ཡོད་ན། ཁོ་བོས་སྨྲ་བ་ལྐུགས་ནས་ལེགས་སོ་ཞུ་རྒྱུ་ལས་མེད་མོད། དེ་འདྲའི་ཚིག་རྐང་གཅིག་ཀྱང་སྒྲུང་འདིའི་ནང་ནས་རག་མི་ཐུབ་ལ། མཐའ་ན་ཤུགས་ལའང་གོ་བ་འདི་འདྲ་ཞིག་མེད་དམ་སྙམ་བཞིན་ཨུ་ཚུགས་ཀྱིས་བཙལ་ཡང་ཡིག་འབྲུ་གཅིག་ཀྱང་རྙེད་རེ་མེད། སོང་ཙང་། ད་ནི་ཁོ་བོས་སྣ་འཐེན་ནས་ཁ་ནང་ལ་ཡོང་བའི་རེ་བ་ཡོངས་སུ་འདོར་དགོས་བྱུང་།
དོན་ཚན་གཉིས་པ།
ལོ་རབས་བརྒྱད་ཅུའི་ནང་དུ་བྱུང་བའི་ལྷ་སའི་ངོ་རྒོལ་དེ་མ་གྲོས་བསམ་པ་གཅིག་མཐུན་ངང་དམར་གཞུང་གི་གདུག་རྩུབ་དང་དྲག་གནོན།བོད་རྒྱལ་ཁབ་བཙན་འཕྲོག་བྱས་པའི་སྙིང་ནད་སོགས་སེམས་ནས་མ་བཟོད་པར་བྱུང་བའི་ཞི་རྒོལ་ཆེན་མོ་ཞིག་རེད། རང་གི་རིག་གཞུང་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་དཔའ་བོ་དཔའ་མོ་ཚོས་ལྷ་སའི་སྲང་ལམ་ན་ངར་སྐད་སྒྲོག་བཞིན་ཡོད་ལ། སྐབས་དེའི་བོད་ལྗོངས་དམར་ཤོག་དྲུང་ཆེ་ཧྤོའི་ཅིན་ཐོས་དམག་ཆས་གྱོན་ཅིང་མེ་མདའ་ལག་ལ་བཟུང་ནས་དངོས་སུ་དྲག་གནོན་གྱི་སྣེ་ཁྲིད་པ་རེད།ལྷ་སའི་སྲང་ལམ་དུ་བུད་དེ་དྲག་གནོན་བྱས་པ་རེད། དཔའ་རྒོད་ག་ཚོད་ཅིག་གི་སྐུ་སྲོག་ཤོར་ཡོད་དམ། ལྷ་སའི་དྲག་གནོན་དང་པཎ་ཆེན་བཅུ་བ་མཆོག་ལ་དུག་སྤྲད་ནས་བཀྲོངས་པ་གཉིས་ཀྱི་བྱས་རྗེས་ལ་བརྟེན་ཧྥོའི་ཅིན་ཐོ་རྒྱ་ནག་དམར་གཞུང་གི་སྲིད་འཛིན་གྱི་གོ་གནས་ཐོབ་པ་རེད།
ཡིན་ན་ཡང་སྒྲུང་ནང་དུ་ལྷ་སའི་དྲག་གནོན་སྐོར་འདི་ལྟར་བྲིས་ཡོད། “ཁྱེད་རང་ཚོའི་མིག་ལ་དུག་རླངས་ཐེབས་མ་སོང་ངམ། རྒྱ་དམག་གིས་མི་མང་པོའི་མིག་ལ་དུག་རླངས་བརྒྱབ་འདུག” སྐད་ཆ་འདིས་ལྷ་སའི་དྲག་གནོན་ཟེར་བའི་འཇིགས་སུ་རུང་བ་དེ་མཚོན་ཐབས་བྱས་ཡོད། ཨ་ཁ། ལྷ་སའི་སྲང་ལམ་དུ་མེ་མདའི་དྲག་ཆར་འབབ་བཞིན་པ་དེ་དུག་རླངས་ཙམ་གྱིས་ཇི་ལྟར་མཚོན་ཐུབ་བམ། འདི་ནི་རྒྱ་ནག་གིས་བོད་དྲག་པོས་བཙན་འཛུལ་བྱེད་སྐབས་ཀྱི་ཐ་སྙད་ཅིག་སྟེ། “ཟིང་འཁྲུག་ཞོད་འཇགས”བྱས་པ་ལས་དྲག་གནོན་བྱས་མེད་ཟེར་བ་དེར་བདེན་པའི་ཁུངས་སྐྱེལ་བྱས་པ་རེད། བློ་མཐུན་པདྨ་འབུམ་ལགས་ཀྱིས་སྒྲུང་རིང་འདིའི་མགོ་མཇུག་བར་གསུམ་དུ། དངོས་ཤུགས་བརྒྱུད་གསུམ་དུ། ངོས་དང་ཟུར་རེ་རེ་ནས་དམར་གཞུང་ལ་བསྟོད་པའི་གླུ་དབྱངས་རྒྱུན་མི་ཆད་པར་ལེན་བཞིན་པ་ནི། རྒྱལ་ཁབ་དགྲ་ལག་ལ་ཤོར་བའི་བཙན་བྱོལ་བ་ཞིག་ཡིན་ན་མི་རྟོགས་པ་ག་ལ་སྲིད་ཨང་། “གསར་བརྗེ་ངོ་ལོག་པ་ཁ་ཤས་ཀྱིས་ལྷ་སར་མའོ་ཀྲུའུ་ཞི་ལ་ངོ་རྒོལ་བྱས་རྗེས་གྲོང་གསེབ་ཁག་ཏུ་སྦས་སྐུང་ལ་ཕྱིན་འདུག”ཟེར་ནས་རྒད་པོ་དེའི་མིག་གིས་མཆོད་ཤོམ་སྟེང་གི་མའོ་ཀྲུའུ་ཞིའི་འདྲ་པར་ལ་འཁྱུག་ལྟ་ཞིག་བྱས།”
བློ་མཐུན་པདྨ་འབུམ་ལགས་ཐ་སྙད་འདིས་ཡིད་ཚིམ་གྱི་མེད་པ་འདྲ། ཡང་སྐྱར་ཁ་ཇེ་གསལ་དུ་བཏང་ནས། “ལྷ་ས་ལ་ཉེ་ཆར་རྒྱ་གར་ནས་ཡོང་བའི་སྐུ་གཞོགས་སྐོར་ཞིག་གིས་མའོ་ཀྲུའུ་ཞི་ལ་ངོ་རྒོལ་གྱི་སྐད་འབོད་ཁྲོམ་སྐོར་བྱས་འདུག ཇོ་དེ་དུས་ལྷ་ས་ན་བཞུགས་ཡོད་ན་གཟིགས་ཡོད་ཀྱི་རེད། བུ་ཁྲིད་ཀྱིས་དེ་ལྟར་བཤད།” བློ་མཐུན་པདྨ་འབུམ་ལགས་ཀྱིས་ད་དུང་ཐ་སྙད་ཅིག་ལྷག་ཡོད་པ་འདྲ། སླར་ཡང་ཁ་ཇེ་གསལ་དུ་བཏང་།“ཁ་བྲལ་རིང་ལུགས་ཟེར་བ་དེ་ཚོ་ཨ་མེ་རི་ཀའི་རྐུབ་ལ་རྒྱུག་མཁན་མ་རེད་དམ། ཨོཾ་མ་ཎི་པདྨེ་ཧཱུཾ། རྒད་པོས་དེ་ལྟར་ཟེར་ནས་ཡང་ཆང་ལ་ཧུབ་ཆེན་ཞིག་བརྒྱབ།”
བོད་གངས་ཅན་ལྗོངས་སུ་ངེས་དོན་གྱི་དཔའ་བོ་གྲངས་ལས་འདས་པ་བྱུང་ཡོད་ལ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལས་འགུལ་བསྟུད་མར་སྤེལ་ཡོང་བ་རེད། མི་ལོ་བདུན་ཅུའི་རིང་ལ་དཔའ་རྒོད་ཁྲི་ཕྲག་མང་བོའི་ཚེ་སྲོག་དྲག་དམག་གི་མེ་མདའི་ཁ་ནས་བཞུད་སོང་། ཁྲིམས་མེད་ལུགས་མེད་ཀྱི་དམར་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་དྲག་གནོན་དང་དམར་གསོད་བྱས་པའི་རྗེས་སུ། ང་ཚོས་དྲག་གནོན་བྱས་པ་མིན་ལ། ཏཱ་ལའི་ཁ་བྲལ་བ་ཁ་ཤས་ཀྱིས་ཟིང་འཁྲུག་ལངས་པ་དེར་ཞོད་འཇགས་བྱས་པ་ཙམ་ཡིན་ཞེས་གང་སར་ཁྱབ་བརྡལ་དུ་བཏང་དང་གཏོང་མུས་ཡིན་པས། བློ་མཐུན་པདྨ་འབུམ་ལགས་ཀྱིས་ཆེད་དམིགས་དེ་ལ་རྒྱབ་དཔུང་གི་ཚུལ་དུ་ཐ་སྙད་འགའ་བེད་སྤྱོད་བཏང་བ་ཡིན་ནམ།
༡༽ གསར་བརྗེ་ངོ་ལོག་པ་ཁ་ཤས་ཀྱིས་ངོ་རྒོལ་བྱས་པ་རེད།
༢༽ ཉེ་ཆར་ལྷ་ས་ལ་རྒྱ་གར་ནས་ཡོང་བའི་སྐུ་གཞོགས་སྐོར་ཞིག་གིས་ངོ་རྒོལ་བྱས།
༣༽ ཁ་བྲལ་རིང་ལུགས་ཟེར་བ་དེ་ཚོ་ཨ་མེ་རི་ཀའི་རྐུབ་ལ་རྒྱུག་མཁན་མ་རེད་དམ། ཐ་སྙད་འདི་དག་གཅིག་གིས་གཅིག་ལ་ལན་བཏབ་པའི་སྣང་ཚུལ་ཞིག་རེད། གསར་བརྗེ་ངོ་ལོག་པ་དེ་ཚོ་སུ་རེད་དམ། རྒྱ་གར་ནས་ཡོང་བའི་སྐུ་གཞོགས་སྐོར་ཞིག་རེད། དེ་སུས་མངགས་པ་རེད་དམ།ཨ་རིའི་རྐུབ་ལ་རྒྱུག་མཁན་ཏཱ་ལའི་ཁ་བྲལ་རིང་ལུགས་པ་དེ་ཚོས་ཆེད་དམིགས་མངགས་པ་རེད། སྒྲུང་ནང་དུ་གསལ་བའི་དོན་ཚན་གསུམ་པོ་ཕྱོགས་གཅིག་ཏུ་བསྡུས་ནས་བཤད་ན་འདི་འདྲ་ཞིག་གི་སྟེང་ངེས་པར་དུ་འབབ་ངེས། དེ་ནི་དགྲ་བོའི་དྲིལ་བསྒྲགས་ཀྱི་ནུས་པས་དམངས་ཚོགས་ལ་ཤུགས་རྐྱེན་ཐེབས་པ་ཡིན་ཚུལ་གྱི་གསལ་ཁ་ཞིག་ཡོད་ངེས་སྙམ་བཞིན་རེ་བའི་ཁར་རེ་བ་བྱས་ཤིང་ཞིབ་ཀློག་གི་ངལ་བ་མང་དུ་བསྟེན། སྒྲུང་རིང་འདིའི་དངོས་ཤུགས་བརྒྱུད་གསུམ་ནས་དེ་འདྲའི་ཕྱོགས་ལ་འགྲོ་སྲིད་པའི་ཡིག་འབྲུ་གཅིག་ཀྱང་མ་རྙེད། ད་ནི་སྒྱུ་རྩལ་གྱི་ཀློང་བརྡོལ་བ་ཞིག་གིས་ཁ་ཕྱོགས་གཞན་ཞིག་ལ་ཁྲིད་པའི་ཆོ་འཕྲུལ་ཅི་ཞིག་སྟོན་རྒྱུ་ཡོད་དམ། དེ་འདྲའི་སྙིང་ཁམས་ཅན་སུ་དང་སུ་ཡོད་དམ།
ལུང་རིགས་རྡ་རམ་ས་ལར་འབྱོར་སོང་། “རང་ཉིད་ལ་ཕུགས་འདུན་ཅི་ཡང་མེད་པར་འདི་ལྟར་སྐྱ་མིན་སེར་མིན་ཞིག་བྱས་ནས་རྒྱ་གར་ལ་འབྱོར་བར་ནོངས་སེམས་སྐྱེས།” བློ་ཡུལ་ལས་འདས་པ་ཞིག་ལ་ལུང་རིགས་དཔའ་བོ་ཆགས་སོང་། “ཁོ་དཔའ་བོ་ཆགས་པ་ནི་འདྲ་པར་དེའི་བཀའ་དྲིན་ཁོ་ན་ཡིན། འདྲ་པར་དེ་མེད་ན་ཁོ་དཔའ་བོ་མིན། ཁོའི་ཚོར་སྣང་ལ་སྐབས་མང་པོར་དཔའ་བོ་ཟེར་བ་ནི་གྲགས་མ་གྲགས་ཙམ་ཡིན་པ་མ་གཏོགས་དཔའ་མི་དཔའ་ལ་འབྲེལ་བ་མེད།” ལུང་རིགས་ཀྱི་སེམས་ལ་དེ་ལྟར་དྲན་བཞིན་ད་དུང་འདྲ་པར་གྱི་ནུས་པར་ངོས་འཛིན་བྱས། “ཁོ་རང་གསར་འབྱོར་མི་ཆེན་གྱི་གྲས་སུ་ཚུད་བྱེད་དང་། བོད་གཞུང་གི་གཟིགས་སྐྱོང་ཐོབ་བྱེད་དུ་གྱུར་ཡོད། ཁོ་རང་གིས་འདྲ་པར་གཅིག་ལ་ནུས་པ་གཉིས་ཡོད་པ་ཤེས།”
བློ་མཐུན་པདྨ་འབུམ་ལགས་ཀྱིས་ཅིའི་ཕྱིར་འདི་ལྟར་བྲིས་པ་ཡིན་ནམ། གོང་དུ་གསལ་བ་ལྟར་རྒྱ་གར་ནས་ཡོང་བའི་སྐུ་གཞོགས་ཁ་བྲལ་རིང་ལུགས་པ་སྐོར་ཞིག་གིས་ལྷ་སར་སྐད་འབོད་བྱས་པ་དེ་ཡང་སྐྱར་གསལ་བཤད་བྱས་པ་རེད། རྒྱ་ནག་དམར་གཞུང་གིས་དུས་དང་རྣམ་པ་ཀུན་དུ་ཏཱ་ལའི་ཁ་བྲལ་རིང་ལུགས་པའི་སྐུལ་སློང་དང་ཟིང་འཁྲུག་ལང་བཞིན་པ་ལས་བོད་ནང་དུ་ཡོད་པའི་བོད་མི་ཚོར་འདི་འདྲའི་ཀུན་སློང་གཏན་ནས་མེད་ལ། ཁ་བྲལ་བའི་ལས་འགུལ་ནང་དུ་ཞུགས་པའང་ཁོ་ཚོའི་གཡོ་འོག་ཏུ་ཚུད་པ་རེད་ཅེས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་དེ་ལ་བདེན་ཁ་བྱིན་པའང་གསལ་བོ་རེད།
ལུང་རིགས་དང་འཕགས་ཕྲུག་སྣ་ལེབ། རིན་ཆེན་སྒྲོལ་མ་གསུམ་པོ་ལྷ་ས་ནས་ཇོ་མཇལ་ལ་འགྲོ་བའི་ལམ་བར་ནས་སྟེས་དབང་གིས་ངོ་རྒོལ་ནང་དུ་ཚུད་པ་རེད་ལ། ཁོང་ཚོས་ཅི་ཞིག་ལ་ངོ་རྒོལ་བྱེད་བཞིན་པ་དང་རྒྱུ་མཚན་ཅིའི་ཕྱིར་སྐད་འབོད་བྱེད་བཞིན་པའང་ཤེས་ཀྱི་མེད་པའི་སྣང་ཚུལ་ཞིག་སྒྲུང་ནང་དུ་ཞིབ་འབྲི་བྱས་པ་དེས། དམར་གཞུང་གི་དུས་ངེས་མེད་ལ་སྒྲོག་བཞིན་པའི་རྩ་དོན་ཞིག་སྟེ“ཏཱ་ལའི་ཁ་བྲལ་གྱི་གཡོ་འོག་ཏུ་ཚུད” ཟེར་བ་དེ་ལ་བདེན་པའི་སྣོན་མ་བཏབ་པ་མ་ཡིན་ནམ།
དོན་ཚན་གསུམ་པ།
“རྩོམ་རིག་རྩོམ་རིག་རེད། ཆོས་ལུགས་ཆོས་ལུགས་རེད། ཆབ་སྲིད་ཆབ་སྲིད་རེད།” རྩོམ་པ་པོའི་ཧ་ཅང་གུ་ཡངས་མདོག་གི་རྣམ་འགྱུར་ཞིག་མངོན་བཞིན། མའོ་ཡི་རྩ་དོན་ལ་ལག་པས་དམ་དུ་འཇུས་ཏེ། ལྡ་མ་ལྡིང་གི་སྐད་ཅོར་ཇི་ཙམ་བརྒྱབ་ཀྱང་དུས་རབས་ཀྱི་གད་མོའི་ཡུལ་དུ་འགྱུར་བ་ལས་འོས་མེད་ལ། རང་ཉིད་བོད་མི་རིགས་ལས་རྒྱང་དུ་གྱེས་པའི་མི་ཚེའི་ཕམ་ཁ་ལ་མགྲོན་འབོད་བྱས་པ་དང་ཤིན་ཏུ་འདྲ་ཨང་།
རེད། ནང་བསྟན་ཆོས་ལུགས་ནི་བོད་མི་རིགས་ཡར་རྒྱས་སུ་མི་འགྲོ་བའི་དུག་རྩ་ཡིན་པ་ནི་འཇའ་ལམ་ཁྲ་མོའི་ཆིངས་ལ་བཞག་པ་རེད། “རྒད་པོ་བསྟན་པ་དང་བུ་མོ་བུ་ཁྲིད་གཉིས་ལ་རྒན་མོའི་ན་ཚ་དྲག་རྒྱུར་«འཕགས་པ་བརྒྱད་སྟོང་»འདི་གཅིག་པོ་མ་གཏོགས་རེ་ས་ཅི་ཡང་མི་འདུག ལུང་རིགས་ཀྱིས་ཁོ་ཚོ་ལས་སྨན་པ་ཚུར་འབོད་རྒྱུའམ་ཡང་ན་ནད་པ་ཕར་འཁྲིད་རྒྱུའི་གཏམ་གླེང་དང་རྟགས་མཚན་ཅི་ཡང་མཐོང་ཐོས་མ་བྱུང་།” འདི་སྒྲུང་རིང་ནང་དུ་བྲིས་པའི་ཚིག་ཟིན་ངོ་མ་དེ་རེད། རྩོམ་པ་པོའི་ཕུགས་ཀྱི་བསམ་བློ་ནི། དུས་རབས་སྔོན་མའི་བརྒྱད་ཅུ་གྱ་གྲངས་ནང་དུའང་སྨན་པ་ནང་ལ་འབོད་རྒྱུ་དང་ཕར་ཁྲིད་ནའང་ཁྲིད་ཆོག་པའི་མཐུན་རྐྱེན་ཧ་ཅང་བཟང་བོ་ཡོད་པ་དེ་རེད། “མཚམས་གཅོད་འདི་འདྲའི་བསོད་ནམས་ཆེ་བ་ལ། རྒད་པོས་མིག་ཆུ་ཕྱིས་རྗེས་དེ་ལྟར་ཟེར།” “མཚམས་གཅོད་ཆོས་འཕགས་པ་པོ་ཏི་འདིའི་འདོན་སྒྲའི་ནང་ནས་ཕྱིན་པ་རེད།” རྩོམ་པ་པོས་དམར་གཞུང་གིས་བཙན་འཛུལ་བྱས་ཟིན་པའི་བོད་ནང་དུ་ཛ་དྲག་གི་ནད་པ་རྣམས་སྨན་པར་བསྟེན་གཏུག་བྱེད་རྒྱུའི་མཐུན་རྐྱེན་ཧ་ཅང་བཟང་བོ་ཡོད་པ་དངོས་སུ་མཚོན་པར་བྱས་ཡོད་པ་ལ། ཅིའི་ཕྱིར་མགར་བ་བསྟན་པ་ལ་བསམ་བཞིན་དུ་མཐུན་རྐྱེན་དེ་དག་སེམས་ལའང་དྲན་དུ་མ་གཅུག་པར་སྙིང་ནས་བརྩེ་བའི་ཆུང་མ་མིག་གིས་བལྟས་བལྟས་ལ་ཤི་རུ་བཅུག་པ་རེད་དམ།
རྒྱ་ནག་དམར་གཞུང་གིས་ས་བསྒྲགས་གནམ་བསྒྲགས་བྱས་དང་བྱེད་མུས་ལ། “བོད་ཞི་བའི་བཅིངས་གྲོལ་བཏང་བ་ནས་བཟུང་བོད་མི་དམངས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཡོད”ཟེར་བཞིན་པར། རྩོམ་པ་པོས་མཐའ་ན་བོད་ཡུལ་གྱི་གྲོང་གསེབ་ནང་དུའང་འཕྲོད་བསྟེན་གྱི་མཐུན་རྐྱེན་བཟང་བོ་ཡོད་པའི་དམར་གཞུང་གི་དྲིལ་བསྒྲགས་ལ་རྒྱབ་སྣོན་གྱི་བསྟོད་གླུ་བླངས་པ་རེད། ཆོས་ལུགས་ཀྱིས་བོད་མི་དམངས་རྨོངས་པ་ནས་རྨོངས་པའི་ལམ་དུ་ཁྲིད་ཡོད་ལ། ཟུར་ཟའི་ཉམས་དང་ལྡན་པའི་སྒོ་ནས་ཚེ་སྲོག་ཀྱང་རྩེད་མོ་རྩེ་བཞིན་པའི་རྣམ་འགྱུར་བསྟན་པ་ནི་ཧ་ཅང་གསལ་བོ་རེད། བོད་ནང་དུ་ཡར་རྒྱས་མེད་པ་དང་རྗེས་ལུས་ཡིན་པའི་རྩ་བ་དེ་ནང་བསྟན་ཆོས་ལུགས་ལ་ངོས་འཛིན་བྱས་པ་མ་ཟད། དེ་དང་གཏན་བྲལ་བྱེད་དགོས་པའི་བསམ་ཚུལ་སྒྲུང་རིང་འདིའི་ནང་ཁོག་གི་གཟུངས་གཞུག་ལྟ་བུ་དེ་ཡིན་པར་མེ་ལོང་དུ་གཟིགས་བརྙན་འཆར་བ་ལྟར་ཧ་ཅང་གསལ་ལ་དོགས་པའི་གཞི་ཙམ་ཡང་མེད། རྩོམ་པ་པོའི་ཆོས་ལུགས་ཀྱི་ཚབ་མཚོན་ནི་འཕགས་པ་བརྒྱད་སྟོང་པ་ཡིན་ལ། དེ་ནི་བོད་རྒྱལ་ཁབ་དང་མི་རིགས་འདི་ཉིད་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཡར་རྒྱས་སུ་འགྲོ་མ་ཐུབ་པར། སྔར་བཞིན་ཀླ་ཀློ་དང་བླུན་རྨོངས།རྗེས་ལུས་ཀྱི་སོ་ན་གནས་པའི་འགག་རྩ་དེ། མང་ཚོགས་ཀྱི་ངོས་ནས་ནང་བསྟན་ཆོས་ལུགས་ཀྱི་པོ་ཏི་འདི་དག་སེམས་ནས་འདོར་མ་ཐུབ་པ་དེ་ལ་ངོས་འཛིན་བྱས་ཞིང་། དེ་ཡང་གོང་དུ་གླེང་བའི་མགར་བ་བསྟན་པའི་གནས་ཚུལ་ལས་ཀྱང་འབད་མེད་དུ་རྟོགས་ནུས་པ་ཡིན། འཕགས་པ་བརྒྱད་སྟོང་པ་དང་བརྒྱད་སྟོང་པས་མཚོན་པར་བྱས་པའི་ནང་བསྟན་ཆོས་ལུགས་ཀྱི་དོན་གྱི་མཛེས་སྡུག་ནི། སྙིང་རྗེས་རྩིས་ཟིན་པའི་སྒོ་ནས་ཤེས་བྱའི་གནས་ལུགས་གཏན་ལ་འབེབས་པར་བྱེད་པ་ལ་ཟླ་མེད་ཀྱི་རིགས་པའི་གཞུང་ལུགས་ཤིག་ཡིན་ལ། ས་ཆེན་པོ་འདིར་འཚོ་ཞིང་གནས་པའི་འགྲོ་བ་ཡོད་དོ་ཅོག་གི་སེམས་ཀྱི་སྨག་རུམ་སྟུག་པོ་རྨང་ནས་འཇོམས་པའི་ཉི་མ་དང་ཟླ་བ་ལྟ་བུའི་འོད་ཀྱི་ཕུང་བོ་རེ་རེའང་ཡིན་ངེས། འོན་ཏེ། རྩོམ་པ་པོས་དེ་ལས་ལྡོག་སྟེ་མའོ་ཙེ་ཏུང་གིས་ཆོས་ལུགས་ལ་འཛིན་པའི་རྩ་དོན་དང་ཡོངས་སུ་མཐུན་ལ་མཐུན་པར་སྨྲ་བ་ནི། རང་མཚང་རང་གིས་ཐང་མར་བརྡལ་བ་ལས་གཞན་པའི་དགོས་པ་ག་ལ་ཡོད་དེ་གཏན་ནས་མེད་དོ།།
ཤེས་རབ་ཀྱིས་བརྡར་ཤ་བཅད་ཅིང་རྟེན་འབྲེལ་གྱིས་གཞུང་ཤིང་བྱས་པ་སྟེ། སྟོན་པའི་བསྟན་པ་རིན་པོ་ཆེའི་སྐོར་ལ་རང་ཉིད་ཀྱིས་ཅི་ཡང་མི་ཤེས་པ་ང་རྒྱལ་དུ་རློམ་པའི་བློ་མཐུན་པདྨ་འབུམ་ལགས་ཀྱིས་མུ་མཐུད་ནས་ཆོས་ལུགས་དང་ཆོས་བྱེད་མི་སྣ། དེའི་བྱེད་སྒོ་སོགས་བོད་མི་རིགས་ཡར་རྒྱས་སུ་འགྲོ་བའི་བཀག་རྡོ་ལ་ངོས་འཛིན་བྱས་པ་མ་ཟད། ཡང་སྐྱར་ལུང་རིགས་ཀྱི་བྱ་སྤྱོད་སྣ་མ་སྣ་ཚོགས་ཞིབ་འབྲི་བྱས་པའི་ཤུགས་ལ་ཁྱེད་ཚོའི་དད་ཡུལ་དང་དད་ཡུལ་ངོས་འཛིན་བྱེད་མཁན་གཉིས་ཀ་འདི་འདྲ་ཞིག་རེད་ཅེས་གདོང་ལ་མཆོངས་ནས་ཐོད་པར་མཛུབ་མོ་བཙུགས་པ་རེད། སྙིང་ལ་སྤར་འབྲད་བྱས་པ་རེད། ངོ་ལ་མཆིལ་མ་བཏབ་པ་རེད། དགྲ་བོའི་ཕྱོགས་ནས་སྟག་པགས་གྱོན་པའི་སྤྱང་ཀི་ཞེས་མངོན་སུམ་འཛེམ་མེད་ཀྱིས་སྐུར་འདེབས་དང་མི་དམངས་ཀྱི་དད་མོས་སྒྱུར་ཐབས་ལ་འབད་པ་བརྒྱ་ཕྲག་དང་རེ་བ་སྟོང་ཕྲག་རྒྱག་བཞིན་པ་ང་ཅག་ཚང་མར་གསལ་ཆ་ཡོད།
རྒྱུ་མཚན་སླ་སྟེ། བོད་མི་དམངས་ཀྱི་དད་ཡུལ་ལ་ཐབས་ཇུས་འདྲ་མིན་བརྒྱུད་འགྱུར་ལྡོག་གཏང་ཐུབ་སོང་ན། དགྲ་བོའི་འདོད་དོན་ཡོངས་སུ་འགྲུབ་པ་ལོས་ཡིན་ཏེ། དེ་ནི་མི་སྲིད་པ་ཞིག་ཁོང་ཚོས་རྩིས་ལོག་བརྒྱབ་པ་རེད། གང་ཡིན་ཟེར་ན། འདི་ནི་བོད་མི་ཡོད་དོ་ཅོག་གིས་རེ་བའི་མིག་འབུར་གཏོད་ས་གཅིག་པུ་དེ་ཡིན་སྟབས། ང་ཚོའི་སྟོབས་ཤུགས་འདི་བསྐལ་བ་མ་སྟོང་བར་དུ་ནུབ་མི་སྲིད། བློ་མཐུན་པདྨ་འབུམ་ལགས་ཀྱི་བསམ་བློའི་མཚོན་བྱེད་དུ་གྱུར་བའི་ལུང་རིགས་ཟེར་བ་དེ་སྒྲུང་རིང་དུ་ཇི་ལྟར་བྲིས་ཡོད་དམ། ལོས་ཞིན་གྱི་འདྲ་པར་གྱང་ངོས་སུ་སྦྱར་ཞིང་སྦྲང་ཆར་སོགས་ཀྱི་དུས་དེབ་འགའ་དཔེ་སྒྲོམ་དུ་བཞག་ཡོད་པའི་མི་སྣ་གཙོ་བོ་དེ་གྲྭ་བ་བྱས་སོང་ལ། དགོན་པར་སོང་ནས་ཟླ་གཅིག་ལས་མ་འགོར་བའི་ལུང་རིགས་ཟེར་བ་དེ་དགོན་པའི་ཨ་ཡོད་ནང་གི་ད་ཡོད་ལྟ་བུ་ཞིག་གྱུར་བའི་སྣང་ཚུལ་འདི་ཅིའི་ཕྱིར་བྲིས་པ་ཡིན་ནམ། འོན་ཀྱང་ལུང་རིགས་ཀྱིས་ཆོས་གཞུང་ལ་སློབ་གཉེར་བྱས་མེད་ལ་དགོན་པར་ཕྱིན་ནས་ཟླ་གཅིག་ལས་མ་སོང་བའི་ཁོ་ལ་སློབ་གཉེར་བྱེད་ཁོམ་ཡང་ག་ལ་ཡོད། ཁོའི་རིག་གནས་ཀྱི་རྒྱབ་ལྗོངས་ནི་དུས་དེབ་འགའ་དང་ཁོའི་དད་མོས་བྱེད་ས་དེ་ལྔ་བཞིའི་ལས་འགུལ་གྱི་སྣེ་ཁྲིད་པ་ལོས་ཞིན་ཡིན་པར་བརྟེན། རྩོམ་པ་པོའི་བསམ་བློའི་མཐིལ་དུ་ཅི་ཞིག་ཡོད་པ་གསལ་བོ་གསལ་རྐྱང་ཆགས་ཟིན་པ་མ་ཡིན་ནམ། གཟན་ཤམ་གྱོན་པའི་ལུང་རིགས་ཟེར་བའི་སྐྱ་མིན་སེར་མིན་དེ་ཆགས་སྲེད་ཀྱི་བརྙན་ལ་ལྟ་རྒྱུར་ཤིན་ཏུ་དགའ་བ་མ་ཟད། མི་དམངས་ལ་མགོ་གཡོག རྫུན་བཤད། གྲྭ་ཆས་གྱོན་བཞིན་དུ་ཆོས་ལུགས་ལ་མི་རུང་བའི་རྣམ་འགྱུར་ཡང་བསྟན་ཡོད། “ཡིག་ནོར་གྱི་ཚང་དུ་གྱུར་བའི་འཕགས་པ་བརྒྱད་སྟོང་པ་ལག་བྲིས་མ་དེ་ལ་ཡང་བྱིན་རླབས་ཨེ་ཡོད། ཡོད་ན་དཀོར་སྒྲིབ་ཡིན་རྒྱུ་རེད།” འདི་ནི་ལུང་རིགས་ཀྱི་སེམས་ཁོང་ནས་བརྡོལ་བའི་སྐད་ཆ་རེད།
འཚང་ཁ་ཤིག་ཤིག་གི་ལྷ་སའི་སྲང་ལམ་དུ་གྲྭ་ཆས་གྱོན་ནས་རིན་ཆེན་སྒྲོལ་མ་དང་མཉམ་དུ་གཤིབ་ཅིང་ཕན་ཚུན་ལག་པར་འཐམ་ནས་འགྲོ་བའི་སྣང་བརྙན། ད་དུང་མགར་བ་བསྟན་པའི་བུ་མོ་དང་རུམ་བྱས་ནས་ཉལ་ཞིང་ཕན་ཚུན་ལ་འཐམ་རེས་བྱས། དྲན་ཤེས་བག་ལ་ཞ་བའི་གྲྭ་ལུང་རིགས་དང་བུ་འཁྲིད་གཉིས་ཀས་མལ་གྱི་བདེ་བ་ལ་རོལ་ཡོད་པ་ཡིན་གྲང་། རྒྱབ་ལ་གྲྭ་ཆས་གྱོན་པའི་ཐ་ཤལ་གྱི་མི་སྣ་འདི་ལྟ་བུ་ཞིག་གོང་ས་མཆོག་གིས་ཨོའུ་རྒྱ་རིན་པོ་ཆེའི་སྤྲུལ་སྐུར་ངོས་འཛིན་བྱས་པའི་སྣང་བརྙན་ཁྱད་མཚར་བ་ཞིག་འབྲི་བཞེངས་བྱེད་དོན་ཡང་ཅི་ཞིག་ཡིན་ནམ། “ཐའེ་ཝན་གྱི་རྒྱ་མོ་(འདི་རྡ་སའི་དབུས་སྣེ་ལེན་ཁང་རེད།)སྒོ་ནང་དུ་འཛུལ་བ་ན། ཨོའུ་རྒྱ་རིན་པོ་ཆེ་ཟེར་ནས་དང་པོ་ལུང་རིགས་ལ་ཁ་གཏགས་ཤིག་ཕུལ་ཞིང་། དེ་ནས་ཁོ་ལ་ཕྱག་འགོ་བརྩམས། ལུང་རིགས་ད་དུང་ཧད་དེ་ལུས།” “རྒྱལ་བ་རིན་པོ་ཆེས་འོས་སྤྲུལ་འདི་ལ་བརྟག་ངོ་དཀར་བའི་བཀའ་ལན་ཐུང་ཐུང་གནང་བ་ཞིག་རེད། ལུང་རིགས་ཀྱིས་ཀློག་གིན་ཀློག་གིན་ཡི་གེ་དེ་ཁོའི་ལག་པ་ནས་ཐང་ལ་ཟགས།” “ལུང་རིགས་ད་དུང་ཧད་དེ་བསྡད་ཡོད། ཨོའུ་རྒྱ་རིན་པོ་ཆེ་ཟེར་བ་དེ་རང་ཉིད་ཡིན་པའི་ཚོར་བ་མེད།” འདི་ནི་སྒྲུང་ནང་དུ་གསལ་བའི་ཚིག་ཟིན་ཇི་བཞིན་འདྲེན་བཀོད་བྱས་པ་ཡིན་ལ། དོན་དངོས་ཐོག་རྒྱལ་བ་རིན་པོ་ཆེས་སྤྲུལ་སྐུ་ངོས་འཛིན་གནང་བའང་འདི་འདྲ་ཞིག་རེད་ཅེས་ལུང་རིགས་ཀྱི་བྱ་སྤྱོད་སྣ་ཚོགས་འབྲི་བཞེངས་བྱས་པའི་མཐར་ཐུག་གི་དམིགས་ཡུལ་ཅི་ཞིག་ཡིན་ནམ།
གཉེན་གྱི་ཕྱོགས་ལ་སྡང་བ་ཙམ་མ་ཡིན་པར་དོན་དང་མི་མཐུན་པའི་ལོག་བཤད་སྣ་ཚོགས་བཅལ་དུ་བཀྲམ་ནས་དགྲ་བོའི་ཕྱོགས་ལ་ངོ་བསྟོད་དང་སྤྲེལ་ལད་ཀྱི་སྒྲ་དབྱངས་སྙན་མོ་རྒྱུད་སྐུད་དུ་སྡེབ་དོན་ཅི་ཞིག་ཡིན་ནམ། “ཐའེ་ཝན་གྱི་རྒྱ་མོས་ལུང་རིགས་ཁ་རྒྱབ་ཕྱོགས་ལ་བསྐོར་ནས་འཇའ་མཐོང་ངམ། རིན་པོ་ཆེ་ཟེར།” “ལུང་རིགས་སྒེའུ་ཁང་ཁ་ལ་སོང་། ཕྱི་ལོགས་ན་ད་དུང་ཆར་བ་ཟམ་ཟིམ་ཞིག་འབབ་བཞིན་ཡོད་ལ།ཕར་ཕྱོགས་ཀྱི་རི་རྩེའི་མཁའ་དབྱིངས་ཀྱི་སྤྲིན་གསེབ་ན་བཀྲག་མདངས་ཡལ་བའི་འཇའ་ཚོན་དུམ་བུ་དུམ་བུར་མངོན། སྤྲིན་མཐའ་ལ་དཀར་མདངས་གཉོམ་པོ་ཞིག་རྒྱས།” འདི་རྩོམ་པ་པོའི་རེ་བ་རེད། བཀྲག་མདངས་ཡལ་བའི་འཇའ་ཚོན་དེ་བོད་ནས་ཁྱེར་ཡོང་བའི་འཇའ་ཚོན་རེད་ལ། ཡང་བསྐྱར་རྒྱ་གར་ལ་རྩིས་སྤྲོད་འདོད་པའི་རེ་བ་རེད།
ཁོ་རང་གིས་ངོས་འཛིན་བྱས་པའི“འཇའ”དེ་ནང་ཆོས་ཀྱི་མཚོན་དཔེ་རེད། དེ་ལ་སྙིང་བོ་ཅི་ཡང་མེད་པ་མ་ཟད་བོད་མི་དམངས་རྨོངས་པ་དང་རྗེས་ལུས། ཀླ་ཀློ་དང་བྲན་གཡོག་ཤ་སྟག་ཏུ་དེད་དང་འདེད་བཞིན་པའི་མཚོན་དཔེ་ཞིག་ཏུ་གདམ་གསེས་བྱས་ཡོད། དེ་ནི་མཛེས་མཛེས་འདྲ་ཡང་དོན་གྱིས་ཐོབ་རྒྱུ་མེད་པའི་རེ་སྟོང་ཞིག་གི་དཔེ་མཚོན་དུ་གདམས་གསེས་བྱས་ཡོད། རྒྱ་ནག་དམར་གཞུང་གིས“བོད་ཞི་བའི་བཅིངས་གྲོལ་བཏང་བ”དང་མཉམ་དུ་བོད་མི་རིགས་རྒུད་པ་ནས་ཆེས་རྒུད་པའི་ཕྱོགས་སུ་བསྐྱལ་ཡོད། མཉམ་ལས་དང་བཅོས་སྒྱུར་སོགས་ལ་ཁ་གཡར་ནས་བོད་ཀྱི་འཚོ་བའི་སྒྲོམ་གཞི་གཏོར་བ་མ་ཟད། བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་མུ་གེ་ཡང་ཐེབས་པ་རེད།
ཡིན་ན་ཡང་། བློ་མཐུན་པདྨ་འབུམ་ལགས་ཀྱིས་དམར་གཞུང་གིས་བཙན་འཛུལ་བྱས་པའི་རྗེས་སུ་བོད་ཟེར་བ་འདི་ཕྱོགས་ཡོངས་ནས་དར་རྒྱས་སུ་ཕྱིན་ཡོད་པའི་རྣམ་འགྱུར་ཟ་དང་ཟུར་ནས་གསལ་བོར་མཚོན་པར་བྱས་ཤིང་བསྟོད་པའི་མཐེ་བོང་བར་སྣང་ན་གཡོ་བཞིན་པ་མ་ཟད།རྩོམ་པ་པོས་བོད་མི་རིགས་འདི་ལྟ་བུའི་རྗེས་ལུས་ཤིག་ཡིན་པའི་ཉེས་སྐྱོན་མཐའ་དག་ནང་བསྟན་ཆོས་ལུགས་ཀྱི་སྟེང་དུ་བཙན་གྱིས་བཀལ་ཏེ།<<འཇའ་ལམ་ཁྲ་མོ>>འི་རྒྱུན་ཐག་ལ་དྲངས་པའི་སངས་རྒྱས་ཆོས་ལུགས་དེ་བདག་པོར་ཕྱིར་སྤྲོད་པའི་རེ་བ་དང་ལྷན་དུ་སྒྲུང་རིང་འདིའི་མཇུག་གྲུབ་པར་བྱས་ཡོད། ད་ལྟའི་ཆར། ཞིན་ཅིན་ཕིན་གྱིས་སླར་ཡང་རིག་གནས་གསར་བརྗེ་སྐྱར་ལོག་བྱས་ཏེ་མའོ་ཙེ་ཏུང་གི་དུས་རབས་ལ་ཕྱིར་སྣུར་བརྒྱབ་དང་རྒྱག་བཞིན་པའི་སྐབས་སུ། བློ་མཐུན་པདྨ་འབུམ་ལགས་ཀྱིས་དུས་ཚོད་དམ་འཛིན་ཐོག་“ཆོས་ལུགས་ནི་དུག་རེད”ཅེས་པའི་མའོ་ཡི་རྩ་དོན་དང་ཆུ་ལ་ཆུ་བཞག་ཡིན་པའི་ལས་འགུལ་འདིར་ཤ་ཐང་ཐང་གིས་འབད་པ་སྟེན་བཞིན་པའང་ཤིན་ཏུ་གསལ་བོ་རེད།
མ་གཞི་ཆོས་ལུགས་དང་དད་མོས་ཟེར་བ་ནི་མི་སྒེར་བ་ཞིག་གི་གནད་དོན་ཡིན་སྟབས། ཆོས་དད་ཡོད་ཀྱང་ཆོག་ལ་མེད་ཀྱང་བླ་ཡི། ཁོ་བོས་མི་བཟོད་པ་ནི་ཆོས་ལུགས་ལ་སྡང་མིག་ཆེས་ཆེར་བགྲད་ཅིང་དགྲ་བོ་དམར་གཞུང་གི་ཕྱོགས་ནས་ཀ་ལངས་ལངས་བྱས་པ་དེ་རེད། དགྲ་བོས་ཕ་བསད་པའི་ཐོག་ལ་བྲོ་འཁྲབ་པ་ན་བློ་མཐུན་པདྨ་འབུམ་ལགས་ཀྱིས་དེ་ལ་རམ་འདེགས་ཀྱིས་རྔ་བརྡུངས་པ་དེ་ཁོ་རང་གི་ལྟོ་རྒྱབ་ལ་རེ་མིན་ཇི་ལྟར་ཡང་ཁོ་བོས་བཟོད་པའི་མཐའ་ཟད་པ་ཡིན།
སྨྲས་པ།
རང་གིས་བཀླགས་ཤིང་རང་གིས་རྙེད་པ་འདི།། དགོས་པ་མེད་སྙམ་རེ་ཞིག་རྒྱབ་ཏུ་བཞག། ཁྲེལ་མེད་འདི་འདྲ་མང་དུ་འཕེལ་ངེས་པས།། མ་བཟོད་སེམས་ཀྱིས་སྐུལ་བས་ལྷུར་བླངས་སོ།། རང་སྐྱོན་རི་བོའི་ཆ་ཙམ་མ་མཐོང་བར།། གཞན་སྐྱོན་ཁབ་ཀྱིས་འཚོལ་བ་འོས་མིན་ཡང་།།གཉེན་ལ་སྡང་ནས་དགྲ་ལ་འཛུམ་པ་འདིར།། གཏམ་ལ་གཏམ་ལན་ཡོད་པའི་བརྡ་ཞིག་བསྟན།། ཕྱི་ཤུན་ཇི་ཙམ་མཛེས་པར་བསྒྱུར་བ་ནི།། རང་གི་རིགས་མཐུན་ཁྱུ་ལ་མཚར་བ་ཙམ།། ནང་ཁོག་རྨང་ནས་བྲུས་པའི་དཔྱད་གཏམ་འདི།། ལེགས་བཤད་ཡིན་པར་མཐོང་བ་རེ་གཉིས་ཙམ།།ལ་ལས་གཞན་སྐུལ་ཡིན་སྙམ་རྣམ་རྟོག་འཕེལ།། རེ་འགའ་སྒེར་ནད་ཡིན་ནམ་དོགས་པས་ཁེངས།། «འཇའ་ལམ་ཁྲ་མོ»དྲུངས་ནས་འབྱིན་པ་འདིས།། སྨྲ་བ་དེ་རྣམས་ཐལ་བའི་རྡུལ་དུ་བརླགས།། ཁ་ཅིག་དོན་མེད་ཁྲོ་ཉམས་སྟོན་པར་ངེས།། རེ་གཉིས་རང་ཕྱོགས་འགེབ་པའི་ཐབས་ལ་འབད།། འདི་ནི་ཆོས་ཉིད་ཡིན་པ་མྱོང་བས་གྲུབ།། མི་སྨྲའི་བརྟུལ་ཞུགས་འཛིན་ལ་དཀའ་བ་མེད།། ཚིག་རིས་ཙམ་གྱི་བྲན་དུ་མ་ཕྱིན་པར།།ཡང་སྙིང་དམར་འཇུ་བྱས་པའི་དགག་ལན་འདི།། ལོང་བའི་མིག་ལ་ཉིན་མཚན་གཅིག་ཡིན་ཡང་།། རྣམ་དཔྱོད་ཡངས་པའི་གྲོགས་རྣམས་དགྱེས་གྱུར་ཅིག།
ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༠ ལ་ཨོ་གླིང་གི་ནུབ་ཕྱོགས་རྒྱ་མཚོ་ཆེན་པོའི་འགྲམ་ནས་མཇུག་གྲུབ་པར་བྱས་སོ།།
༼ འཇའ་ལམ་ཁྲ་མོ ༽ ཟེར་བའི་དེབ་དེ་ག་ནས་རག་གི་རེད་འདིར་གསུང་དང་།
དེབ་དེ་ངེས་པར་དུ་ཀློག་དགོས་པའི་དེབ་གཅིག་ཡིན་ས་རེད། ཐུགས་རྗེའི་གཟིགས་དེབ་དེ་ཉོ་སའི་འབྲེལ་ལམ་ཁ་སྦྱང་ངམ་ཁ་པར་ཨང་འདིར་འགོད་རོགད་གནང།
ཧ་ཅང་ཡག་པོ་ཞིག་བྲིས་འདུག. བཀའ་དྲིན་ཆེ།
ཡག་པོ་བྲིས་ཡོད་ཀི་ཡ