ང་བལ་ཡུལ་ན་ཡོད་དུས་ཀྱི་ཉིན་ཞིག དཔྱིད་ཀ་ཞིག་ཡིན་ནམ་སྙམ་པའི་ཉིན་ཞིག གཙན་ཆའི་ཚོང་བ་ཞིག་གིས་ང་ལ་ལྷ་ས་ནས་བསྐུར་པའི་དེབ་ཅིག་སྤྲད་བྱུང་། དེ་ནི་སྙན་ངག་པ་གྲགས་ཅན་ལྗང་བུས་ཁོང་གི་”ལྗང་བུའི་ལྷུག་རྩོམ་གཅེས་བཏུས”་ཤིག་ང་ལ་ལེགས་སྐྱེས་སུ་བསྐུར་པ་རེད་འདུག དེབ་དེ་ལག་པར་འབྱོར་བའི་དགའ་སྤྲོ་དང་དེབ་དེས་སྦྱིན་པའི་ཚོར་བ་མག་མོག་གཉིས་ཀ་ལྷན་གཅིག་ཏུ་སྦྲེལ་ཐབས་མེད་པ་དེ་འདིར་རེ་ཞིག་ཟུར་དུ་བསྐྱུར་ནས། དེ་རིང་སང་ཉིན་ཞིག་ལ་ལ་རྩེ་དཔེ་མཛོད་ཁང་དུ་ལྗང་བུ་དང་ཁོང་གི་”སྙན་རྩོམ་གཟི་མིག་དགུ་བ།” ད་དུང་དེ་དབྱིན་སྒྱུར་མཁན་བདེ་སྦྱིན་བཟང་མོ་གསུམ་མཉམ་དུ་འཛོམས་ནས་སྙན་ངག་གི་གསོལ་སྟོན་ཞིག་བཤམ་རྩིས་ཡོད་རབས་འདུག་ཅིང་། དོན་རྐྱེན་གློ་བུར་བ་དེས་བསྐུལ་ལམ་གང་ལྟར་ད་ནངས་ཞོགས་པར་ནུ་བོས་བོད་ནས་བསྐུར་ཡོང་བའི་ལྗང་བུའི་”སྙན་རྩོམ་གཟི་མིག་དགུ་”བ་དེ་དཔེ་སྒྲོམ་ལས་ལག་པར་ཐེབས་སོང་། ཡིན་ན་ཡང་སྐབས་དེར་ངས་”གཟི་མིག་དགུ་པ་”འཚོལ་བཞིན་མེད་པར་སྐྱོགས་སྟོན་ལོ་ཙྰ་པའི་”བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་”ཞིག་འཚོལ་བཞིན་ཡོད། རྒྱུ་མཚན་ནི་ངས་”བཀའ་འགྱུར་”ཁྲོད་ཀྱི་”མདོ་སྡེ་ཟ་མ་ཏོག་”གི་ནང་དུ་རྒྱལ་རིགས་རྣམས་ཐམས་ཅད་ཁུ་སྒོ་དང་ལྕགས་ཀྱིས་བཅིངས་ནས་ཞེས་པའི་སྐབས་ཀྱི་ཁུ་སྒོ་ཞེས་པ་དེ་ཐག་པའམ་དངོས་པོ་གཞན་གང་ཞིག་གི་མིང་ཡིན་མ་ཤེས་པར་དག་ཡིག་རང་ཉིད་ལ་ཡོད་ཚད་སྔོག་བཞིན་པའི་སྐབས་ཤིག་ཡིན།
ད་ནི་སྐབས་དོན་ལ་འཇུག་པར་བྱ་སྟེ། ངས་”གཟི་མིག་དགུ་པའི་”སྙན་རྩོམ་མང་ཆེ་བར་གོ་བ་ཡག་པོ་ཞིག་མ་ལོན་ཞིང་། དེའི་ཁྲོད་ཀྱི་”སྲོག་ཆགས་ཀྱི་གཏམ་རྒྱུད་ཁག་གསུམ་”ཞེས་པ་དེ་བྱིས་སྒྲུང་ཞིག་གི་ངོ་བོར་བཞག་སྟེ་བཀླགས་པས་རང་ཚོད་ཀྱིས་”འཇུ་ཐུབ་ཙམ་”བྱུང་བས། སྙན་ངག་མཁན་ཆེན་པོ་འདི་ཚོའི་བརྩམས་ཆོས་དག་ཀྱང་སྐབས་རེར་བྱིས་པའི་སྒྲུང་དེབ་ལ་བེད་སྤྱོད་བྱེད་པའི་ཤེས་རབ་བམ་ཚོར་བ་ཆེས་རགས་པ་ཞིག་གི་ཀློང་དུ་བཞག་ནས་ཀློག་དགོས་པ་མིན་ནམ་སྙམ་པའི་”ངན་སེམས་”རིགས་ཤིག་ཀྱང་རྒྱུད་ལ་སྐྱེས་བྱུང་།
“གཟི་མིག་དགུ་པའི་”ཁ་བསུམ་གྲབ་བྱེད་དུས། དེབ་དེའི་མཇུག་མཐའི་ཤོག་ལྷེ་སྟོང་པ་ཁ་ཤས་ཆེད་དུ་ཀློག་མཁན་མགོ་འཁོར་དག་ལ་དམིགས་ནས་བཞག་ཡོད་པ་དེ་ཚོ་མཐོང་ཞིང་། དེ་དག་གི་ངོས་སུ་ཡིག་འཁྱོག་འདྲ་བྲིས་འདུག་པ་ཀློག་དུས། དེ་ཚོ་ནི་ལོ་ངོ་ལྔ་དྲུག་ཅིག་གི་སྔོན་དུ་བྲིས་པའི་བདག་གི་རྨི་ལམ་ཞིག་གི་ཟིན་ཐོ་ཞིག་རེད་འདུག
དེ་ནི་འདི་ལྟ་སྟེ།
རྨི་ལམ།
མདང་དགོང་།
༢༠༠༥ལོའི་ལོ་གསར་གནམ་གང་གི་དགོང་མོའི་རྨི་ལམ་ནང
ཐོག་མར ཕ་རྒན་གྱིས
ལུག་ཁྱུ་དེ་བཙོངས་པའི་རིན་འབབ་ཀྱིས་ལྕགས་ཀྱི་འདྲུད་འཐེན་འཁོར་ལོ་ཞིག་ཉོས་ཤིང
དེ་ལ་བཟོ་བཅོས་རྒྱག་ཆེད
སྣུམ་ཤིག་ཤིག་གི་ས་དོང་ཞིག་བརྐོས་བྱུང
དེ་རྗེས སྤང་རི་ཞིག་གི་རྩེར
ང་དང་ཚོགས་པ་ཞིག
བརྩེ་དུང་དང་འཐམ་འཁྱུད་ཀྱིས་བཟི་འདུག
དེ་དུས ནམ་མཁའ་ནས
འཇའ་ཚོན་གྱི་མེ་ཏོག་སྣ་ཚོགས
སྒྱུ་འཕྲུལ་བཞིན་ཆར་དུ་བབས་བྱུང
དེ་ནས
ང་དང་བུའམ་བུ་མོ་གང་རུང་ཞིག
ཕན་ཚུན་དྲག་ཏུ་སྦྱར་ཏེ་མཆུ་འདབ་ཀྱི་སྦྲང་རྩིར་རོལ
ངེད་གཉིས་ཀྱི་གཟུགས་པོ་སྦྱར་དྲགས་པས
ཚ་དྲོད་དང་རྔུལ་ཆུ་འབབ་པར་གཞིགས་ན
རྨི་ལམ་ཞིག་དང་གཏན་ནས་མི་འདྲ
ང་རང་ཅུང་ཟད་བག་ཡོད་ཀྱིས
ཁོ་འམ་ཁོ་མོའི་འཇིག་རྟེན་ཉུལ་ཞིང
ཡུན་རིང་མ་མྱངས་པའི་བདེ་བར་རོལ
ཞོགས་པར
དེ་རིང་གི་གཏམ་རྒྱུད་གསར་པ་ཞིག་གི་དབུ་ཁྱུད་འབྲི་དགོས་པ་སེམས་ལ་ཤར་བས
ཡང་སྐྱར་རྨི་ལམ་དེ་ཐེངས་ཤིག་རྨིས་ན་བསམས་ཤིང
ཉི་འོད་དང་ནམ་མཁའ་གཡའ་དག་པའི་སྔ་དྲོར
དཔྱིད་མགོའི་མེ་ཏོག་དང་གནག་སྣུམ་གྱི་ས་གཞི
སྤྲིན་ཚོམ་སྐྱེས་པའི་མཁའ་དབྱིངས་ཀྱི་ཡོལ་བ
པར་ཆས་ཀྱི་དེབ་ཏུ་བྲིས་ཤིང
“གཟི་མིག་དགུ་པ་”དང་”སྙན་ངག་གི་ལྗོངས་རྒྱུ་”བཀླགས་རྗེས
དངུལ་ལོར་གྱི་འཇིག་རྟེན་དང
ཟིང་འཚུབ་ཀྱི་དམྱལ་ཁམས་ཏེ
རྒྱལ་ཁབ་ཆེན་པོ་འདིའི་གྲུ་ཟུར་གྱི
རང་ཤག་ཆུང་ཆུང་དེར་ལོག
༢༠༠༥་༡་༡ ཉིན་གུང་།
མཁྱེན་ཡངས་ཀླུ་སྨྱོན་མཆོག་ལ་ཞུ་རྒྱུར་།
ལྷུག་རྩོམ་དེབ་ཅིག་ལ་མིང་ཉོག་བཀོད་ནས་སྐུ་ཉིད་ལ་ཕུལ་བའི་གནས་ཚུལ་དེ་ད་ལྟ་ཁྱོན་ནས་དྲན་གི་མི་འདུག
ཡིན་ན་ཡང་དེ་གནས་ཚུལ་ངོ་མ་ཞིག་ཡིན་པར་གུས་པས་ནམ་ཡང་ཡིད་ཆེས་ཞུ་བཞིན་ཡོད།
དེ་རིང་ཞུ་བྱ་ནི། ཉིད་ཀྱི་གསུང་ལ་ནོར་བ་མི་འདུག་ཅེས་སོ། གང་ཡིན་ཟེར་ན་། སྲོག་ཆགས་ཀྱི་གཏམ་རྒྱུད་་་་ཟེར་པ་དེ་དངོས་གནས་བྱིས་སྒྲུང་ཚན་པ་ཞིག་ཡིན། གུས་པས་རྣམ་ཀུན་ཀློག་པ་པོའི་མཁྱེན་སྟོབས་ལ་ཡིད་ཆེས་ཆེན་པོ་ཞུ་བཞིན་ཡོད་ཙང་། སྐབས་དེར་དམིགས་བསལ་གྱིས་གསལ་བཤད་མ་བྱས་པ་ཡིན་མོད།ཕྱི་རྒྱལ་ལ་ངོ་ཤེས་འགའ་རེས་རང་གི་བུ་ཕྲུག་ལ་བོད་སྐད་སློབ་དེབ་ཀྱི་ཚུལ་དུ་བེད་སྤྱོད་གཏོང་གིན་ཡང་མཇལ་བས།འགྲེལ་བཤད་མ་དགོས་པ་ཞིག་རེད་སྙམ་ནས་བསྡད་ཡོད། ད་རེས་ཉིད་ཀྱིས་དགོངས་པ་ཞིབ་ཚགས་ཀྱིས་གཞེན་སྐུལ་གནང་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། དངོས་གནས་གསལ་བཤད་ཀྱི་དགོས་མཁོ་ཡོད་པ་མཐོང་བྱུང་ལགས།དེང་སང་འཇར་མན་དང་ཧྥ་རན་སིའི་ཡི་གེ་ནས་ཀྱང་བོད་ཡིག་སྦྲགས་མ་རེ་དཔེ་སྐྲུན་གྲ་སྒྲིག་ཞུ་བཞིན་པར་། ཉིད་ཀྱིས་གསུང་པ་ཇི་བཞིན་ལོགས་སུ་འགྲེལ་བཤད་ཞིག་ཞུ་དགོས་ཚུལ་གུས་པས་རྩོམ་སྒྲིག་པར་དྲན་སྐུལ་ཡང་ཡང་ཞུ་གི་ཡིན།
ནམ་ཞིག་མཇལ་འཛོམས་ཡོང་བའི་སྨོན་ལམ་དང་བཅས་ས་མཐའ་ནས་ལྟོ་དོན་ལ་འཕགས་ར་བྱེད་ཀྱིན་པའི་མུ་ཏོ་བ་ལྗང་འབུ་ནས་གུས་པས་ཕུལ།
སྐུ་ཞབས་ལྗང་བུ་མཆོག་འདིར་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། ཉིད་ཀྱིས་དེབ་དེ་བསྐུར་ཡུལ་ནི་བལ་བོད་བར་ཚོང་རེ་བརྒྱབ་ནས་བསྡད་ཡོད་པའི་གཅན་ཚའི་རྒྱལ་པོ་ཟེར་བ་ཞིག་རེད། ཁོའི་སྤུན་གཉིས་རྒྱ་གར་ལྷོ་ཕྱོགས་ནས་གྲོངས་སོང་། ཁོའི་མིང་ངོ་མ་དེ་མི་དྲན་གི ངས་ཉིད་ཀྱི་སྙན་ངག་མཐོང་ཚད་མ་བཀླགས་པ་ཞིག་མེད་ལ། སྐབས་རེར་གོ་བ་དང་སྐབས་རེར་མི་གོ་ཅི་རིགས་ཤིག་བྱུང་སོང་། དེང་སྐབས་ཉིད་ཀྱིས་ད་དུང་སྙན་ངག་རིག་པ་འདིའི་སྐོར་ལ་ཕྱག་ལས་རེ་གནང་བཞིན་པར་ཡི་རང་ཡོད། ངའི་སྤུན་ཆུང་གཟི་མིག་གསུམ་པས་ཉིད་ཀྱི་གཟི་མིག་དགུ་བར་དཔྱད་བརྗོད་ཅིག་གངས་རྒྱན་མེ་ཏོག་སྟེང་སྤེལ་བ་མཐོང་རྗེས་གཟི་མིག་དགུ་བ་ཞིག་བསྐུར་བར་བསྐུལ་བ་ཞིག་ལག་འབྱོར་བྱུང་ཞིང་། གོང་དུ་བརྗོད་པ་ལྟར་དེའི་ནང་ནས་བྱིས་སྒྲུང་ཚན་པ་དེ་གསུམ་སྙན་མོ་ཞེ་དྲགས་བྱུང་།
Tsangma La Tashi Delek.
བོད་པའི་སྙན་ངག་པ་ཚོའི་ཁྲོད་དུ་སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་ཅེས་ས་མཚམས་འབྱེད་རྒྱུ་ཞིག་ཡོད་སྐད་ཐོས་མྱོང་། དེ་ནི་བརྗོད་བྱའི་ཐོག་ནས་འབྱེད་ཀྱི་ཡོད་པ་རེད་དམ། ཡང་ན་རྩོམ་ལུས་ཀྱི་ཆ་ནས་རེད། ཡང་ན་རྗོད་བྱེད་ཀྱི་ཚིག་གི་གདམས་ཀའི་ཆ་ནས་རེད། ལྕི་བ། ངས་ཁྱོད་སྤར་ཆོག ཟེར་བ་དེ་འདྲའང་འདུག་ག
ངས་བལྟས་ན། རྩོམ་ལུས་ཀྱི་ཆ་ནས་དེང་སྲོལ་སྙན་ངག་གི་ཁྱད་པར་འབྱེད་ཐུབ་ན། མིའི་གཟུགས་པོ་རིང་ཐུང་དང་ཤ་སྐམ་པོ་དང་རྒྱགས་པ་ཡོད་མེད་ཀྱིས་དེང་སང་གི་མི་དང་སྔ་རབས་ཀྱི་མི་གཉིས་ཀྱི་ཁྱད་པར་འབྱེད་ཐུབ་བམ། དེ་གཉིས་ཀྱི་ཁྱད་པར་བརྗོད་གཞིའི་ཁྱབ་ཁོངས་ཀྱི་ཆ་ནས་ལྟ་སྟངས་གཅིག་དང་བརྗོད་བྱ་གདམས་གསེས་སམ་རྩོམ་གྱི་རྒྱུ་ཆ་བཀོད་སྒྲིག་བྱེད་ཕྱོགས་ཀྱི་ཆ་ནས་འཚོ་བ་དངོས་དང་ཐག་རིང་གི་ཁྱད་པར། དེ་བཞིན་ཚིག་སྦྱོར་སྤེལ་ལུགས་ཀྱི་ཆ་ནས་དེང་རབས་སྙན་ངག་ལ་སྐད་ཆའི་སྒྱུ་རྩལ་གྱི་རྩོམ་འགྲོས་གསོན་པོར་གནས་པ་གང་ཞིག་ལ་སྤྱིར་བཏང་གི་སྐད་ཆ་བཤད་སྟངས་ཀྱི་བྲོ་བ་ཞིམ་པོ་ཞིག་ཡོད་པ་འདི་ཚོ་དེ་གཉིས་ཀྱི་ཁྱད་པར་ཤེས་བྱེད་ཡིན། སྙན་ངག་ལ་ལྟ་སྟངས་ཀྱི་ཤེས་བྱ་ཟེར་ན་འདྲ་རྩོམ་རིག་གཞུང་ལུགས་ཀྱི་མེ་ལོང་ནས་བལྟས་ན། སྤྱིར་གནའ་དེང་གཉིས་ཀྱི་སྙན་ངག་ལ་ངོས་འཛིན་བྱེད་སྟངས་དང་སྙན་ངག་བྱེ་བྲག་པ་ཞིག་གི་ཁྱད་ཆོས་ལ་གཏིང་ཚུགས་པའི་གོ་བ་ལོན་པ་སོགས་ལ་ཕན་བླ་ལྷག་ཏུ་ཆེ་སྙམ།
ཨ་རོ། འཕགས་ཁོ།
“ངས་བལྟས་ན། རྩོམ་ལུས་ཀྱི་ཆ་ནས་འདི་གཉིས་ལ་ཁྱད་པར་ཞིག་འབྱེད་རྒྱུ་ཡོད་མེད་མི་ཤེས་མོད། དེ་གཉིས་ཀྱི་ཁྱད་པར་ནི་བརྗོད་གཞིའི་ཁྱབ་ཁོངས་དང་བརྗོད་བྱ་གདམས་གསེས་ཀྱི་ཆ་ནས་འཚོ་བ་དངོས་དང་ཐག་རིང་ཐུང་གི་ཁྱད་པར། དེ་བཞིན་ཚིག་སྦྱོར་སྤེལ་ལུགས་ཀྱི་ཆ་ནས་སྐད་ཆའི་སྒྱུ་རྩལ་གྱི་རྩོམ་འགྲོས་གསོན་པོར་གནས་པ་གང་ཞིག་ལ་སྤྱིར་བཏང་གི་སྐད་ཆ་བཤད་སྟངས་ཀྱི་བྲོ་བ་ཞིམ་པོ་ཞིག་ཀྱང་ཡོད་པ་བཅས་ནི་དེ་གཉིས་ཀྱི་ཁྱད་པར་ཤེས་བྱེད་ཡིན།”ཞེས་ལབ་ན་ཁྱོད་ཀྱི་མཆན་འདི་ཉ་ཉོག་མ་བསྲེས་པའི་མཆན་བྲོ་བ་ཅན་ཞིག་རེད། “རྩོམ་ལུས་ ” ཞེས་པའི་ཚིག་དེ་ལ་མ་རངས་ཁུལ་བྱེད་ཞོར་དུ། དེའི་རྩིབས་སུ་ “དེང་སྲོལ” ཞེས་དེང་རབས་དང་སྲོལ་རྒྱུན་གཉིས་ལ་སྡུད་ཚིག་ཅིག་གསར་གཏོད་བྱས་པ་དེ་ནི་བརྡ་ལོག་ཏུ་འགྲོ་ཆོག་ཆོག་ཅིག་འདུག ཁ་ཤས་ཀྱིས་དྲ་ཐོག་གི་ཡིག་ནོར་ལ་དག་བཅོས་གཏོང་མོད། ཚིག་དོན་ལ་དག་བཅོས་མ་བཏང་ཚེ། བོད་ཡིག་གི་རྩོམ་ཉོག་གཡོས་ཏེ། བོད་ཡིག་ཀློག་འདོད་ཀྱི་ཡི་ག་གཅུས་ཀྱི་རེད།
དེ་ནས་འཚོ་བ་དངོས་ཞེས་པ་ནི་གང་དུའང་འགྲེལ་ཆོག་ཆོག་ཞིག་མ་རེད་དམ། གྲྭ་བའི་འཚོ་བ་དངོས་དང་གྲོང་པའི་འཚོ་བ་དངོས་གཉིས་ཀྱི་བར་ལའང་ཁྱད་པར་ཞིག་ཡོད་ཡོད་པས། སུའི་འཚོ་བ་དངོས་ལ་གཞི་འཛིན་དགོས་རྒྱུ་རེད་དམ།
ང་རང་གི་ཉིན་ཐོ་ལྟར་ན། ཕྱི་ལོ། ༢༠༠༣ ། ༡༠། ༠༢། སྙན་ངག་མཁས་དབང་ལྗང་བུ་ལགས་ཀྱིས། གཟི་མིག་དགུ་བ་ཞིག་གནང་བྱུང་། (ང་ཡི་བོད་)ཟེར་བའི་འོག་ཏུ་ཕྱག་བྲིས་རི་མོ་ཞིག་ཡོད། རི་མོ་དེ་གཡག་རྒན་ཞིག་ཁུག་མའི་ནང་དུ་འཛུལ་ཡོད་པ་ཞིག་རེད། དེ་ཅི་རེད་དྲིས་པས། དེའི་རྒྱུ་མཚན་སྙིང་གི་གྲོགས་པོ་རེ་གཉིས་ལས་བཤད་མི་རུང་ཟེར། ཕལ་ཆེར་ང་ཡང་ཁོང་གི་སྙིང་གྲོགས་ཀྱི་གྲས་སུ་ཚུད་ཡོད་པ་འདྲ། དེ་ང་ལ་མཚོན་ན་གཟི་བརྗིད་ཅིག་ཡིན། གཟི་མིག་༥་ནས་༨་པའི་བར་ལ་གོ་བ་ཕྱོགས་ཙམ་ལས་སྐྱེས་མ་བྱུང་། ཁོང་ལ་བཀའ་འདྲི་བྱས་པས་ལོ་༡༠༠་ནས་སྟོང་གི་བར་ཞིག་ལ་ཤེས་མཁན་ཞིག་ཡོད་ཡོང་ཟེར། ཚིག་དེ་ཐོས་པ་དང་ངས་ཧ་གོ་བའི་རེ་བ་བརླག་སོང། (སད་མ་ཀར)ཏེ་བོད་ཀྱི་བཙན་མོའི་ལོ་རྒྱུས་ཤིག་ཡོད་པར་ཚོར་བ་ཟབ་མོ་ཞིག་སླེབས་སོང་། གནས་ཚུལ་བཤད་པས་ངེད་གཉིས་ཀྱི་མདའ་རྩེ་ཕྱོགས་ས་གཅིག་རེད་ཟེར། ངས་འབེན་ཐ་དད་ཡིན་ནམ་བྱས་པས། འབེན་གཅིག་རེད་ཏེ། གཟི་མོ་དེ་ང་་ཡིན། སྟོབས་ཤུགས་དེ་ཁྱོད་ཆེ། ཁྱོད་རིག་གནས་སྣ་འཛོམ་རེད། ངེད་གཉིས་ཀྱིས་འུར་སྒྲས་ལུང་པ་བཀང་བ་ཞིག་བྱས་ནས་ཅིག་གཏོར་ཡོང་ཟེར། རྩོམ་དེ་སྙན་མོ་འདུག་བྱས་པས། ང་བོད་ལྕེ་ནག་ཚང་གི་ཡིན་པས་བོད་མོ་(སད་མ་ཀར་)ལ་བརྩེ་བ་དམིགས་སར་ཞིག་ཆགས་སོང་། ད་མ་འོངས་པར་བོད་པའི་བརྩེ་དུང་དེ་ཡི་གེ་གཞན་དུ་སྒྱུར་བའི་རེ་བ་ཡོད་ཟེར། གནས་དེར་ཁ་གྱེས་ནས་ངས་གཟི་མིག་དགུ་བ་ལ་ལྟ་ཞོར་རང་མོས་ཀྱི་སྙན་ངག་ཁ་ཤས་བྲིས་པ་ཡིན། །དེ་རྗེས་དབྱིན་ཇི་བདེ་སྦྱིན་བཟང་མོས་སྐད་རིགས་གཞན་ཏུ་བསྒྱུར་ཡོད་པ་མཇལ། གནས་སྐབས་བྲེལ་བ་ཆེ་བས་དེ་ཙམ་ཞུ། ཨ་ལགས་ཀླུ་སྨྱོན་དང་། རྩོམ་པ་པོ་ལྗང་བུ་ལ་བཀྲ་ཤིས་བདེ་ལེགས་ཞུ། །
དྲི་མེད་ལྷག་བསམ་ཞུ་བའི་སྐྱེས་པའམ་སྐྱེས་མ་འདི་རིག་པའི་འཚོ་ཅུང་ཟད་མ་ཟིན་པའམ་ཡང་ན་རྫུན་སྒྲིག་ལ་མཁས་པ་ཞིག་རེད་སྙམ། དེ་མིན་ན་བརྩམས་སྒྲུང་འབྲི་གནང་མཁན་ཞིག་ཀྱང་ཡིན་སྲིད་འདུག བརྟག་པར་བྱ།
དྲི་མེད་ལྷག་བསམ་ཞུ་བའི་སྐྱེས་མའམ་སྐྱེས་པ་འདི་རིག་པའི་འཚོ་ཅུང་ཟད་མ་ཟིན་པའམ་ཡང་ན་རྫུན་སྒྲིག་པར་དགའ་མཁན་ཞིག་ཡིན་པར་སྣང་སྙམ། ཡང་ན་བརྩམས་སྒྲུང་འབྲི་མཁན་ཞིག་ཡིན་པ་འདྲ།
ལྗང་བུ་ལགས། སྐུ་ཚེ་རིང་། ང་སྒྲུང་རྩོམ་འབྲི་མཁན་ཞིག་ཡིན། རྫུན་སྒྲིག་པ་ནི་མིན། ཀླུ་སྨྱོན་ལ་དེབ་སྤྲད་པ་དེ་ཡང་བརྗེད། ང་ལ་དེབ་སྤྲད་པ་དེ་ཡང་བརྗེད། ཕྱག་ལས་མང་་དྲག་པ་ཡིན་རྒྱུ་རེད། ཁྱོད་ལྗང་བུ་འམ་རྡོར་ནག་མ་ཡིན་མིན་ང་ལའང་དོགས་པ་ཞིག་སྐྱེས་བྱུང་། གལ་སྲིད་ཁྱོད་རྡོར་ནག་ཡིན་ན་ངེད་གཉིས་སླར་ཡང་ཐུག་རྒྱུ་རེད། དེ་སྐབས་ཞིབ་ཕྲ་བཤད་ཆོག གཟི་མིག་དགུ་པའི་ཡིག་ནོར་རྣམས་ཁྱོད་རང་གིས་བཅོས་པའི་ཡི་གེ་དེ་བརླག་མེད། མིང་ཡང་རྟགས་ཀྱང་བཤད་མི་དགོས། ཁྱོད་ཀྱི་ཕྱག་བྲིས་གཡག་རྒན་དེའང་ད་དུང་ཉར་ཡོད། ངའི་སྐོར་ཀྱི་ལོ་རྒྱུས་གཞན་གསལ་བཤད་བྱེད་འདོད་མི་འདུག་པས་དགོངས་པ་ཞུ། ཨ་རོགས་བདེ་མོ་བྱོས། །
ལྗང་བུ་ལགས། (གཟི་མིག་དགུ་བར)་ཉི་ད་ཀྱི་ལག་པ་ཚ་བོས་བཅོས་ཡོད་པ་ཁ་ཤས་ཞུ་ན། ཤོག་ངོས་༤་པར་འདས་པར་(འདས་པ)ཞེས་བཅོས་ཡོད། མདོག་ངང་ (འཕྱུར་འོངས)། ཤོག་ངོས་༡༥ ཐིག་ཕྲེང་འོག་མ་གཉིས་བསད་ཡོད། ཤོག་༢༡ང་བྲན་ (ཡང་)གཡོག་ཡིན། ནམ་གནིས་བཅོས། ༣༥། རྒུད་འགྲོ། བཅོས། ༣༨་སྡེ་ཚན་བགོས། ༥༡། ལ་གཡག་བྲིས། ཚིག་རྐང་གཉིས་བཟོ་བཅོས་བྱས། ༥༥་གཅོད་མཚམས་བཅོས། ༩༡ ་༩༨་༡༡༥་༡༡༩་༡༢༢་ཚིག་རེ་བཅོས། ཡང་༡༢༧་ཀྱོད་ཀྱི་ཕྱིར་དུ་ (ངུ་་ཐུབ་ལ་དགོད་ཐུབ)ཅེས་བཅོས། ༡༢༩་སྦུབས་ནས་ (སུ་)ཞིག་ཡོང་གི་ཡོད་ཞེས་པར་བཅོས་པ་མིན་ནམ། ད་ལྗང་བུ་རྫུན་མ་ཞིག་སླེབས་པ་མིན་ན་དྲན་ཡོང།
ལྷ་དོན། བཟང་གི ང་ལ་སློབ་སྟོན་གནང་བའི་ཁར་སྐད་ཆ་འཇམ་པོ་བཤད་ནི་ཞིག་རེད། མུ་མཐུད་ཚིག་འཇམ་གུས་ལུགས་ཡོད་པའི་སྒོ་ནས་གཞན་གྱི་བསམ་ཚུལ་ལ་གཙི་འཇོག་དང་རང་གི་འཆར་སྒོ་རྣམས་གསལ་བཤད་བྱེད་རྒྱུ་བཅས་ནི། དྲ་བའི་རིག་གནས་འདི་འཚར་ལོངས་ཀྱི་ཁྲོད་ནས་འཕེལ་རྒྱས་མགྱོགས་མྱུར་ངང་འགྲོ་བར་སྨན་པ་མ་ཟད། དྲ་བའི་ཁོར་ཡུག་ན་ཁ་མཆུ་རྩོད་པར་དགའ་བའི་མི་དེ་ཚོར་མིག་ལྟོས་བཟང་བོ་ཞིག་རེད་འདོད་ཀི གཞན་སྐད་ཆ་འགོ་བཙུགས་དུས་ནས་ཁྱད་གསོད་དང་མཐོང་ཆུང་གི་སྐད་ཆ་བཤད་ཡོང་ན། ཤེས་ཡོན་གྱི་རྨང་གཞི་གང་འཚམ་ཚད་ལོན་པའི་རྩོམ་པ་པོ་རྣམས་ང་ཚོའི་ཁོར་ཡུག་འདིར་ཕེབས་པར་བཀག་རྡོར་འགྱུར་སྲིད་པ་ཞིག་རེད་འདོད་ཀི སུ་ལའང་བསྟུན་མི་དགོས་པ་ལྟར་རང་གི་བསམ་ཚོད་ལྟར་བཤད་བསྡད་ན་དྲ་བའི་རིག་གནས་ཀྱི་ཁོར་ཡུག་འདིར་སྐད་ཡིག་དར་སྤེལ་སྲུང་སྐྱོབ་ཀྱི་རྒྱུན་བསྲིང་རྒྱུར་གནོད་སྐྱེལ་གྱི་རེད་བསམ་གི རྩོམ་གཞུང་ནང་གི་འཚོ་བ་དངོས་ཞེས་པ་ནི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གི་འཚོ་བ་དངོས་ལ་གོ་ན་འགྲིག གྲྭ་བའི་འཚོ་བ་དང་གྲོང་བའི་འཚོ་བ་གཉིས་ནི་སྤྱི་ཚོགས་ཁོར་ཡུག་གི་འཚོ་བའི་ཁོངས་སུ་གཏོགས། རྩོམ་གྱི་རྒྱུ་ཆ་ལ་མ་བཅོས་རྒྱུ་ཆ་འཚོལ་ཞིབ་སྐབས་ཀྱི་གཞི་འཛིན་ས་གཙོ་བོ་དེ་གཉིས་ཡིན། འཚོ་བ་ལ་ཁྱད་པར་ལོས་ཡོད། རོང་འབྲོག་གཉིས་ཀྱི་འཚོ་བ་ལའང་ཁྱད་པར་ཡོད་ཀྱང་དེ་གཉིས་ཀའི་གང་འཚོ་བ་དངོས་རེད་ཟེར་ན་གཉིས་ཆ་འཚོ་བ་དངོས་ཡིན། རྩོམ་པ་པོས་གཏན་ཁེལ་བྱས་ཟིན་པའི་བརྗོད་བྱ་གཙོ་བོའི་དགོས་མཁོ་ལྟར་འཚོ་བ་དངོས་ལས་གདམས་གསེས་བྱེད་དགོས་པས་རྩོམ་ཡིག་བྱེ་བྲག་པ་ཞིག་ནང་བཀོད་པའི་འཚོ་བ་ནི། སྤྱིར་རྩོམ་རིག་གི་འཚོ་དངོས་ཞེས་པ་ལས་ཁྱབ་ཆུང་བས་འདི་གཉིས་ནོར་མི་ཉན།