—ཤ་ཟ་གདོང་དམར་སྲིན་པོ་བོད་ཀྱི་ཡུལ།།
ཀླུ་སྨྱོན།
དཀར་ཟས་རིང་ལུགས་པ་རྣམས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།། སྤྱིར་ན་ཁ་སང་དེ་རིང་དྲ་ལམ་གང་སར་ཧྲང་ཧེའི་རྒྱ་མོ་ཁ་བདེ་མ་ཞིག་གི་དམོད་ཚིག་ཡར་སྤུར་མར་སྐུར་དང་དེ་ལ་ལན་ཆོ་ཡོད་མེད་གཉིས་ཀ་བཏབ་ནས་མ་ཁོམས་པར་བསྡད་ཡོད་པའི་དུས་ཚོད་ཅིག་ཡིན་པས། བོད་མི་མང་པོ་ཞིག་ལ་ཤ་སྤོང་ཚེ་ཐར་སྐོར་གྱི་སྐད་ཆ་རྙིང་པ་ཞིག་སྐྱར་ཟློས་བྱས་ན་ཆོ་ཡོད་མེད་ཀྱང་དེ་ཙམ་མི་ཤེས་མོད། སྐད་འཕྲིན་ནི་སྐད་འཕྲིན་རང་ཡིན་པས། བོད་ཀྱི་གྲོང་གསེབ་ཁུག་ཀྱོག་ཅིག་ནས་བཤད་པའི་སྐད་ཆ་ཚིག་གཅིག་ཀྱང་མ་ལུས་མ་ནོར་བར་སྐད་ཅིག་དེ་ཉིད་ལ་ནུབ་ཕྱོགས་ཨ་མེ་རི་ཀའི་གྲོང་ཁྱེར་ཆེན་པོ་ཚོའི་ཁང་བརྩེགས་ཀྱི་བར་ཁྱམས་སུ་ཁྱབ་ཡོང་།
མདོ་ཁམས་གསེར་རྟ་ཕྱོགས་ནས་མགོ་བརྩམས་ཏེ་བོད་ཁམས་ཡོངས་ལ་ཁྱབ་པའི་ཤ་སྤོང་དང་སྲོག་བླུའི་ལུགས་སྲོལ་འདིའི་མགོ་ཁུངས་རྒྱ་ཆོས་བོད་ཆོས་གང་ལ་གཏུགས་མིན་གསལ་བོ་ཞིག་མི་ཤེས་མོད། ལས་འགུལ་འདི་ལ་བརྟེན་ནས་བོད་ཀྱི་འབྲོག་པ་ཚོ་སྒོ་སྟོང་དང་རྒྱ་ཁ་ཆེ་ཚོ་རྒྱུ་ཐོག་ཏུ་བརྒྱབ་དང་རྒྱག་བཞིན་འདུག་ཅེས་དྲ་ལམ་གང་སར་སྐད་ཅོར་རྒྱག་མཁན་ལོ་ནས་ལོ་རུ་ཇེ་མང་དུ་འགྲོ་བཞིན་འདུག རང་ཉིད་ཐེག་ཆེན་པར་ཁས་འཆེ་མཁན་ཞིག་ཡིན་པའི་ཆ་ནས་ད་བར་དེའི་ཕྱོགས་སྐད་ཆ་དེ་ཙམ་མ་བརྗོད། རྒྱུ་མཚན་གཞན་ཞིག་ནི་ཤ་སྤོང་དང་ཚེ་ཐར་བའི་ལས་འགུལ་གྱི་རྒྱབ་མདུན་ན་བོད་ཀྱི་བླ་ཆེན་ཀརྨ་པ་དང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལྟ་བུའི་ཆེ་ཆེ་གཉན་གཉན་མང་པོ་བང་བསྒྲིགས་ནས་ཡོད་པས་ཀྱང་ཡིན། སྤྱིར་ཤ་སྤོང་གི་ལས་འགུལ་འདི་བོད་ཀྱི་བླ་མ་མང་པོ་ཞིག་ལ་རྒྱ་མིའི་སློབ་ཚོགས་ཀྱིས་ཕྱི་ནང་གསང་གསུམ་ནས་སུན་འབྱིན་མ་བྱས་ཀྱི་བར་དུ་དེ་ཙམ་ཛ་དྲག་ཏུ་གྱུར་མེད། དཔེར་ན་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་རི་བོ་རྩེ་ལྔར་ཕེབས་དུས་ཀྱི་སྐབས་ཐོག་དེར་ཤ་སྤོང་དང་དགེ་བཅུའི་ཁྲིམས་ཀྱི་ཤུགས་རྐྱེན་འདི་དེ་ཙམ་བཙན་བརྗིད་ཆེ་རྒྱུ་མེད་རབས་འདུག ཡིན་ཡང་རྗེས་སུ་གསེར་རྟའི་མཁན་ཆེན་རྣམ་པ་རྒྱ་ཡུལ་དུ་གདུལ་བྱ་རྒྱས་པ་དང་བསྟུན་ནས་ཁོང་རྣམ་པས་རྒྱ་བརྒྱུད་ནང་བསྟན་པའི་བྱེད་སྟངས་གལ་ཆེན་ཞིག་ཏུ་གྱུར་ཡོད་པའི་ཤ་སྤོང་ཚེ་ཐར་གྱི་ལས་འགུལ་འདི་བོད་ཡུལ་དུ་ཛ་དྲག་ངང་སྤེལ་འདུག་པའི་ཚོར་སྣང་མི་མང་པོ་ཞིག་ལ་བྱུང་འདུག རྒྱ་གར་ལ་མཚོན་ན་རྒྱ་གར་ཡུལ་མིའི་སྣང་ངོར་རབ་བྱུང་བས་ཤ་བཟའ་བ་འདི་མི་མཛེས་པ་ཞིག་ཡིན་པ་གཞིར་བཞག་གིས་གྲྭ་ས་ཁག་གིས་སྤྱི་ཐབ་ནང་ཤ་བཟའ་བ་སྤངས་པ་རེད། ཡིན་ཡང་གྲྭ་པ་སྒེར་ངོས་ནས་ཤ་བཟའ་བ་བཀག་མི་འདུག དེའི་རྒྱུ་མཚན་ཅི།
ང་ལ་མཚོན་ན་ཟ་མ་བརྒྱ་ཆའི་གོ་ལྔ་དཀར་ཟས་ཡིན། རྒྱལ་དབང་ཀརྨ་པ་དང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་དཀར་ཟས་རིང་ལུགས་པ་ཚང་མར་གུས་ཞབས་ཆེན་པོ་ཡོད།བོད་པ་མང་པོ་ཞིག་གི་ཐུན་མོང་གི་དྲི་བ་ནི། བོད་པའི་བླ་མ་ཚོས་བོད་པ་ཚོར་ཤ་བཟའ་གི་མ་བཅུག་ན་བོད་པས་ཟ་མ་བཅུད་ཆེན་ག་རེ་བཟའ་དགོས། བོད་ལ་དུད་འགྲོ་སེམས་ཅན་མེད་ན་བོད་པའི་འཚོ་རྟེན་གང་ལ་བྱེད། བོད་པ་ཚང་མ་ཚོང་པ་ཆགས་མི་སྲིད། བོད་པ་ཚང་མ་དགེ་རྒན་དང་ལས་བྱེད་ཆགས་མི་སྲིད། རྒྱ་མི་ལ་གྲོང་ཁྱེར་ཆེན་པོ་ལས་ཀ་འཚོལ་ས་ཡོད་རེད། བོད་པ་མང་ཤོས་གྲོང་ཁྱེར་ཆེན་པོར་སོང་ན་ལས་ཀ་ཕར་ཞོག་གསང་སྤྱོད་ཀྱང་རྙེད་ཁག་པོ་རེད། དེང་སྐབས་བོད་པས་ཤ་ཟ་མི་ཆོག་ན་ཕྱུགས་འཚོས་ནས་ག་རེ་བྱེད་ཟེར་ནས་སེམས་ཅན་སྟོང་ཕྲག་མང་པོ་རྒྱ་ཁ་ཆེའི་བཤན་པ་ལ་བཙོངས་དང་འཚོང་བཞིན་ཡོད། ཡང་བླ་མ་ཚོ་བརྒྱུགས་ཏེ་ཁ་ཆེ་ཚོར་སྒོར་ས་ཡ་འབུམ་ཕྲག་སྤྲད་ནས་སེམས་ཅན་ཚུར་ཉོས། ཡང་སེམས་ཅན་དེ་དག་གི་ཤ་བཟའ་མ་ཆོག་དུས་ཡང་སྐྱར་བེད་མེད་ཡིན་པའི་སྟེང་དུ་རྩྭ་ཆུ་སོགས་མཁོ་སྤྲོད་བྱེད་དགོས། བོད་པའི་བླ་མ་ཚོས་དང་པོར་བོད་མི་རིགས་ལ་སྡིག་པ་མེད་པའི་འཚོ་ཐབས་རྨད་དུ་བྱུང་བ་ཞིག་བསླབས། དེ་ནས་ཕྱུགས་ཟོག་ལ་བརྟེན་པའི་འཚོ་ཐབས་ལ་སྒྱུར་བཅོས་གནང་ན་ལེགས།
བླ་མ་དཀར་ཟས་པ་ཁྱེད་རྣམ་པས་བོད་མཐོ་སྒང་གི་གྲང་ངར་ཆེན་པོའི་ནང་འཚོ་གནས་བྱེད་པའི་བོད་མིའི་ལུས་སྟོབས་རྒྱས་ཤིང་གནམ་གཤིས་ཀླད་གོར་འོག་གི་སུམ་ཅུ་བཞི་བཅུར་བསླེབས་དུས་ད་དུང་གཟུགས་པོ་ཚ་ཤག་ཤག་ཏུ་གནས་ཐུབ་པ། རོ་བཅུད་ཟུངས་གསུམ་ཤ་ཁྲག་ཚིལ་གསུམ་དང་འདྲ་བའི་འཚོ་བཅུད་ཡོད་པའི་ཟ་མ་བཅུད་ཆེན་པོ་དེ་འདྲ་འགའ་ངོ་སྤྲོད་གནང་རོགས། http://www.huffingtonpost.com/2013/12/04/best-vegetarian-foods_n_4373466.html དེ་མིན་ཕ་རིའི་སྤང་རྒྱན་མེད།།ཚུར་རིའི་སླེ་བོ་ཡང་མེད་པ་ཞིག་ཆགས་དང་ཆག་བཞིན་འདུག སྔོན་ཆད་བོད་རིགས་གཞོན་ནུ་ཚོ་ཤ་དར་ཁྲག་དར་རྒྱ་གར་པན་འཇབ་པ་འདྲ་བོ་ཡོད། དེང་སྐབས་ཕྱི་འགྲིམ་སློབ་མ་མང་པོ་བུ་བུ་མོ་གཉིས་ཀ་མདོག་སྐྱོ་བོ། གཟུགས་པོ་སྐམ་པོ་དང་ནག་པོ་མང་པོ་འདུག དེ་ནི་བོད་རང་གི་ས་ནས་ཟ་མ་ཤ་ཁྲག་ཚིལ་གསུམ་དང་མར་རྩམ་སོགས་མ་ཟོས་པར་རྒྱ་ཡུལ་གྱི་རྫས་འགྱུར་སྣ་ཚོགས་ཀྱིས་ལྷད་ཡོད་པའི་ཟ་མ་ངན་ངོན་མང་པོ་ཟོས་པའི་རྟགས་མཚན་ཉག་གཅིག་རེད། དཔེར་ན་སྔོན་ཆད་བོད་ནས་གསར་དུ་རྒྱ་གར་ལ་འབྱོར་བ་དང་རྒྱ་བལ་གྱི་བོད་པའི་གཞིས་ཆགས་གསར་བུ་གསར་མོ་ཚོ་ངོ་མདངས་ལ་བལྟས་པ་ཙམ་གྱིས་ཐག་གཅོད་ཐུབ་པ་ཞིག་ཡོད། བོད་འབྱོར་མང་ཤོས་ཤ་མདངས་དཀར་ལ་དམར་མདངས་ཆགས་པ། གཟུགས་པོ་རིང་པོ་དང་སྟོབས་ཤུགས་ཅན་དེ་འདྲ་འདུག སྤྱི་ལོ་ཉིས་སྟོང་དྲུག་བདུན་ཡས་མས་ནས་བཟུང་བོད་ནས་འབྱོར་བ་མང་པོ་ཞིག་ཀྱང་གཟུགས་སྟོབས་ཞན་པ་ངོ་མདངས་སྐྱོ་བ་དེ་འདྲ་འདུག དེ་ནི་ཟ་མ་ངན་ངོན་ཟོས་པའི་རྟགས་མཚན་རེད།
ཁ་སང་དེ་རིང་སྐད་འཕྲིན་སོགས་དྲ་ལམ་དུ་གསེར་རྟའི་ཕྱོགས་ཀྱི་རྙིང་མ་པ་མང་པོས་ཤ་སྤོང་གི་ལས་འགུལ་ལ་རྒྱབ་སྐྱོར་དང་། དགེ་ལུགས་པའི་དགེ་བཤེས་སྐོར་ཞིག་གིས་རྗེ་ཙོང་ཁ་པས་དུས་མཆོད་ཅིག་གི་སྐབས་སུ་ཤ་ཁོག་ཉིས་སྟོང་ཡིན་ནམ་ཞིག་དགེ་འདུན་པར་དྲངས་པའི་ལོ་རྒྱུས་རྒྱབ་རྟེན་དུ་དྲངས་ནས་ཤ་ཟོས་ཆོག་ཚུལ་བརྗོད་པའི་གཏམ་རྒྱུད་སྙན་ལ་མཚར་བ་ཡང་ཐོས་རྒྱུ་འདུག སྤྱིར་ན་རྙིང་མར་མཚོན་ན་རྗེ་འབངས་ཉེར་ལྔ་དང་། ཀློང་ཆེན་འཇིགས་གླིང་མི་ཕམ་སོགས་དང་། བཀའ་བརྒྱུད་པར་མར་མི་དྭགས་གསུམ། ས་སྐྱ་པའི་རྗེ་བཙུན་གྲགས་པ་མ་གཏོགས་པའི་གོང་མ་རྣམ་བཞི། དགེ་ལུགས་པའི་རྗེ་ཡབ་སྲས་གསུམ་སོགས་རྒྱལ་པཎ་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་ཁྲོད་དུ་ཤ་སྤངས་པའི་བླ་མ་ཅི་ཙམ་ཞིག་ཡོད་མེད་སུས་ཀྱང་བཤད་དཀའ། དེ་ནི་བླ་མ་འདི་ཚོས་ཤ་ཁྲག་ཚིལ་གསུམ་དུད་འགྲོ་སེམས་ཅན་གྱི་སྲོག་བཅད་པའི་ལུས་ལས་བྱུང་བ་མ་མཁྱེན་པས་མ་ཡིན་པར། བོད་རང་གི་ཡུལ་སྲོལ་གོམས་གཤིས་དང་གནམ་གཤིས། ཉིན་རེའི་ལས་ཀ་དང་བོད་མིའི་གཟུགས་པོ་སོགས་ཤ་ཁྲག་ཚིལ་གསུམ་དང་ཁ་འབྲལ་ཐབས་མེད་པའི་དངོས་ཡོད་གནས་གཟིགས་ནས་ཤ་སྤོང་ཚེ་ཐར་གྱི་ལས་འགུལ་འདི་ཚ་ཚ་འུར་འུར་གྱིས་མ་སྤེལ་བ་ཞིག་ཡིན་ལས་ཆེ།
བོད་ཀྱི་མི་ཚང་མར་ཤ་མེད་པའི་ཤུལ་དུ་ཟ་མ་བཅུད་ཆེན་བཟའ་ཐུབ་པའི་འཚོ་བའི་ཆ་རྐྱེན་ཞིག་ད་དུང་གྲུབ་མེད་ལ། (གྲུབ་ཡོད་ན་དགོངས་དག་ཞུ།) བོད་མི་ཚང་མའི་གཟུགས་པོའི་ཟུངས་ཁྲག་གི་ནང་དུ་ཤ་མེད་ན་བོད་ཀྱི་ཞིང་འབྲོག་གི་ལས་ཀ་ལས་ཐུབ་པའི་སྟོབས་ཤུགས་ཤིག་ད་དུང་རྒྱས་མི་འདུག (རྒྱས་ཡོད་ན་བཟོད་གསོལ་ཞུ།)
བོད་མི་དང་བོད་ཟས་གཉིས་དཀྱིལ་སྙིང་དུ་བཞག་པའི་གནས་བབ་འདི་ལ་དམིགས་ནས། ཁྱེད་བླ་ཆེན་མཁན་ཆེན་རྣམ་པས་ཁྱེད་རྣམ་པའི་སྦྱིན་བདག་འབྱོར་ལྡན་དེ་ཚོའི་ལྷན་དུ་བཀའ་མོལ་རབ་དང་རིམ་པ་གནང་སྟེ། བོད་མི་ཤ་སྤོང་མཁན་ཚོའི་ལུས་པོར་འཕྲོད་ཅིང་ཟུངས་ཤུགས་རྒྱས་ཐུབ་པའི་ཁ་ཟས་འཚོ་བཅུད་ཚད་ལྡན་ཡོད་པ་མང་པོ་ཞིག་གསར་བཏོད་གནང་རོགས། གསར་བཏོད་འདི་ལེགས་འགྲུབ་མ་བྱུང་བར་དུ་སྤྱིའི་ཆ་ནས་བོད་མི་ཚོས་ཤ་ཟོས་ན་སྡིག་པ་ཆེ་རབས་དང་། ཕྱུགས་བསྐྱངས་ན་རྗེས་ལུས་ཡིན་རབས་ཀྱི་གསུང་གསེར་རྡོག་འདྲ་བ་འདི་ཚོར་དང་ལེན་བྱེད་རྒྱུ་ཧ་ཅང་དཀའ། བོད་མི་ཚང་མ་ཁྱེད་རྣམ་པ་བཞིན་མདུན་ན་སློབ་མ་ཁྲི་སྟོང་གིས་གུས་ཤིང་རྒྱབ་ན་སྦྱིན་བདག་བརྒྱ་སྟོང་གིས་འདུད་པའི་མི་བསོད་ནམས་ཀྱིས་རྒྱབ་ཁྱོགས་པ་དེ་འདྲ་མིན་པས། རང་རེའི་འབྲོག་འཐོམ་ཞིང་བླུན་འདི་ཚོར་ད་དུང་མུ་མཐུད་དེ་ཤ་མེད་ཟ་མ་བཅུད་ཆེན་དང་ཕྱུགས་མེད་ལས་ཀ་ཡག་པོ་རེ་ཐོབ་ཐུབ་པའི་གཟིགས་སྐྱོང་ལམ་སྟོན་ཡག་པོ་གནང་རོགས་ཞུ། དཔེར་ན་ཤ་མེད་ཟ་མ་བཟོ་སྟངས་ཀྱི་དཔེ་ཆ་དང་བརྙན་ཐུང་སོགས་འགྲེམ་སྤེལ་དང་། https://www.amazon.com/Best-Sellers-Books-Vegetarian-Vegan/zgbs/books/4336ཤ་མེད་སྔོ་ཚལ་གང་དང་གང་ལ་ཤ་ལྟ་བུའི་བཅུད་ལྡན་པ། བོད་མཐོ་སྒང་གྲང་ངར་གྱི་ཁྲོད་དུ་གནས་པའི་གདོང་དམར་པ་ཚོས་ཤ་ཡི་ཚབ་ཏུ་ཟ་མ་གང་ཞིག་བཟའ་དགོས་པ། མ་མཐའ་ཡང་ཤ་མེད་ཟ་མ་བཟོ་སྟངས་ངོ་སྤྲོད་ཀྱི་དཔེ་ཆེ་བཅུ་ཕྲག་ཙམ་བོད་བསྒྱུར་དང་འགྲེམ་སྤེལ་གནང་བ་དང་། དཔེར་ན་བུད་མེད་སྦྲུམ་མ་ཚོས་བྱིས་པ་སྐྱེས་རྗེས་ཤ་ཁུ་འཐུང་རྒྱུ་འདི་ནི་ཧ་ལམ་འཛམ་གླིང་ཧྲིལ་བོར་ཁྱབ་པའི་སྦྲུམ་མའི་རིག་གནས་ཤིག་ཡིན་པས། བོད་མོ་སྦྲུམ་མ་ཚོས་བྱིས་པ་མ་སྐྱེས་སྔོན་དང་སྐྱེས་པའི་སྐབས་སུ་ཤ་དང་ཤ་ཁུའི་ཚབ་ཏུ་ཟ་མ་ཅི་ཞིག་བཟའ་དགོས་པ་ལྟ་བུའི་ལམ་སྟོན་ངེས་པར་དུ་གནང་དགོས། དཔེར་ན་ཁོ་རི་ཡའི་བུད་མེད་སྦྲུམ་མ་ཚོས་བྱིས་པ་སྐྱེས་དུས་མཚོ་རྩྭའི་ཐུག་པ་འཐུང་སྲོལ་ཡོད་པ་དང་། ཁོ་བོར་མཚོ་རྩྭའམ་seaweed ཟེར་བ་འདིའི་ཐུག་པ་བཏུངས་ན་སྐར་མ་འགའི་རྗེས་སུ་ལུས་ཡོངས་ལ་ཚ་དྲོད་འབར་ཡོང་བའི་ཉམས་མྱོང་ཡོད། http://www.bbcgoodfood.com/howto/guide/health-benefits-seaweedགཞན་བོད་པའི་གནམ་གཤིས་དང་ཧ་ཅང་འཚམ་པའི་ལུག་ལྤགས་ཀྱི་སློག་པ་གྱོན་པ་འདི་ཡང་སྡིག་གོས་ཡིན་པ་མཚུངས་ཤིང་། སྡིག་གོས་འདི་ཡང་སྡིག་ཤ་ཅི་བཞིན་ཆོས་ཕྱོགས་ནས་ངེས་པར་དུ་སྤོང་དགོས་པ་ཞིག་ཡིན་པས། བོད་ཀྱི་གནམ་གཤིས་གྲང་མོ་ས་དང་འཁྱག་པ་ཡང་ཚལ་བར་གས་འགྲོ་བའི་དགུན་ཁའི་ནམ་ཟླ་ལ་དམིགས་ནས། བོད་མགོ་ནག་འདིས་དགེ་གོས་གང་ཞིག་གྱོན་ན་ད་གཟོད་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན་ཚུལ་གྱི་ལམ་སྟོན་ཡང་གནང་དགོས། ཕྱོགས་གང་ནས་བལྟས་ཀྱང་། རང་རེའི་བླ་ཆེན་སྐུ་བགྲེས་རྣམ་པ་ནམ་ཞིག་ཞིང་གཞན་དུ་གཤེགས་པ་ཡིན་ན། དེའི་ཤུལ་དུ་བོད་མི་རིགས་འདིར་སྣེ་ཁྲིད་ཐུབ་པའི་མི་སྣ་རླབས་ཆེན་གཞན་གྱིས་འགྲན་མི་ཐུབ་པ་གཉིས་ནི་བླ་ཆེན་ཀརྨ་པ་དང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་རྣམ་གཉིས་ཡིན་པ་དངོས་ཡོད་གནས་ཚུལ་གྱིས་ཐག་བཅད་འདུག དེའི་ཕྱིར་རྩོམ་ཐུང་འདིའི་ནང་དུ་ཁོང་རྣམ་གཉིས་ཀྱི་མཚན་དམིགས་ཀྱིས་བཀར་ཏེ་བྲིས་པ་ཡིན། དྲ་འབུ་ཚོས་ཁོ་བོས་ཁོང་གཉིས་ལ་ངན་སྨྲས་བྱས་སོང་ཟེར་ནས་གཤེ་སྲིད་ཀྱང་། ངས་ཁོང་གཉིས་ལ་ངན་སྨྲས་ཚིག་གཅིག་བྱས་ཡོད་ན་སྟོན་ཤོག བོད་མི་ཀླད་པ་ཡོད་མཁན་ཞིག་ཡིན་ན་ཁོང་རྣམ་གཉིས་ཀྱི་མཛད་བཟང་མཐའ་དག་ལ་བསྟོད་བསྔགས་མི་བྱེད་མཁན་ཕལ་ཆེར་ཡོད་མི་སྲིད།
*གོང་དུ་ཁོ་བོས་ཤ་མེད་ཟ་མའི་སྐོར་གྱི་དྲ་ཐག་འགའ་ངོ་སྤྲོད་བྱས་ཡོད་པ་བོད་ནང་དུ་ཆ་ཚང་ཀློག་ཐུབ་མིན་མི་ཤེས་ཀྱང་། རྒྱ་ཡུལ་དུ་ཤ་མེད་ཟ་མ་བཟོ་སྟངས་ཀྱི་དཔེ་ཆ་འདྲ་མིན་ཡོད་ངེས་པས་དེ་དག་བོད་སྒྱུར་གནང་རོགས་ཞུ།
*འདིར་དགོད་རྒྱུའི་ཁོ་བོའི་རྩོམ་ཡིག་རྗེས་མའི་མིང་ལ་”དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་གི་ཞན་ཆ་གླེང་བ་”ཟེར།
ཤ་ཟ་མི་ཆོག་ཅེས། བཙན་བཀའ་བཏང་སོང་། གནོན་བཙིར་བྱས་སོང་། ཁྲིམས་བཟོས་སོང་ཞེས་སོགས་ཀྱི་སྐད་ཆ་འདིའི་རིགས་ནི། དཔེར་ན། ཤུགས་ལྡན་རྗེས་འབྲང་བས་༧གོང་ས་མཆོག་ལ་ཤུགས་ལྡན་བསྟེན་གསོལ་བྱེད་པའི་ཐོབ་ཐང་བཙན་འཕྲོགས་གནང་སོང་། ཞེས་སྒྲོ་སྐུར་སྣ་ཚོགས་འདེབས་པའི་བྱེད་ལུགས་དང་གཅིག་མཚུངས་ཏེ། གཞི་མེད་དཀྲོག་གཏམ་འབའ་ཞིག་རེད།
ཁྱོད་ཚོས་མཁན་ཆེན་ཚུལ་བློ་ཡི་གསུང་འབུམ་དེབ་གཟུགས་མ་ཡོད་ཚད་བཀླགས་མྱོང་ངམ། གསུང་བཤད་སྒྲ་ཕབ་མ་ཡོད་ཚད་ཉན་མྱོང་ངམ། མ་མྱོང་ན་ཀློགས་དང་། ཉོན་དང་། འབོད་སྐུལ་རྐྱང་གིས་ཁེངས་འདུག་མ་གཏོགས། ཆོས་འཇིག་རྟེན་གང་གི་ཐད་ནས་ཀྱང་། དབང་ཤེད་སོགས་ལུགས་མི་མཐུན་གྱི་གཏམ་ལ་ནི་ན་གཅིག་ཀྱང་མཐོང་ཐོས་སུ་མེད། གུས་པ་ནི་ཁོང་གི་གསུང་མཐོང་མཐོང་ཐོས་ཐོས་ཐམས་ཅད་ལ་ཧབ་ཐོབ་ཀྱིས་འཇུག་མཁན་ཞིག་ཡིན། དེའི་ཆ་ནས་ཐག་གཅིག་བཅད་ཀྱིས། མཁན་པོ་ཁོང་བདེན། ཁྱོད་རྣམས་ནི་སྐྱག་རྫུན་མཁན་ནོ། ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་སྤོབས་སོ། །
མཁན་ཆེན་ཚུལ་བློས་ཤ་ཟ་བ་སྤོང་བར་འབོད་སྐུལ་གནང་བའི་སྐབས་ཉིད་ན། མཁན་ཆེན་འཇིགས་ཕུན་དེ་ཉིད་ལྟར། མཚམས་མཚམས་སུ་མགྲིན་པ་བརྣངས་ནས་ཡུན་རིང་གསུང་སྐད་ཕྱིར་མི་ཐོན་ཞིང་། མིག་ཆུ་འབྱིད་བཞིན་དབུགས་ཧད་ཧད་དུ་ལུས་འགྲོ་བ་འདི་ལྟ་བུའི་སྐབས་སུ། སྙིང་རྗེ་ལ་རྒྱུས་མངའ་མེད་ཅིང་། འཚོ་བ་རྒྱས་སྤྲོས་ལ་དགའ་བ། ལུས་ཀྱི་མདངས་བཀྲ་བ། འཚག་བཟང་བ། ཤ་རྒྱགས་པ་ཙམ་ཞིག་གི་ཕྱིར་དུའང། གཞན་གྱི་ཚེ་སྲོག་ལ་ཅི་མི་སྙམ་པའི་སྐྱེ་བོ་འདི་རྣམས་སྙིང་མི་རྗེའམ།
གསུང་རབ་ག་གེ་མོ་ན། གཞན་ལ་ཕན་མ་ཐོགས་ཀྱང་། གནོད་མ་སྐྱེལ་ཅིག ཅེས་གསུངས་པ་ཀུན་ལ་རྒྱུས་ཡོད། རྟོག་གེ་བ་འདི་ཚོས་གཞན་པ་ཕན་ཐོགས་རྒྱུ་ཕར་ཞོག ཚིག་སྐམ་ཁ་ཤས་བང་བསྒྲིགས་ནས་འགྲོ་བ་གཞན་ཟ་འཚོང་གི་ལས་ལ་རྒྱབ་སྐྱོར་བྱེད་པ་ནི་དེ་དག་གི་ཚེ་སྲོག་ལ་བསམ་བཞིན་གནོད་པ་བསྐྱལ་པ་རང་ཡིན་པས། ཐེག་ཆེན་ཕར་ཞོགས་ཐེག་དམན་གྱི་གྲས་ནས་ཀྱང་བུད་ཚར་བ་མ་རེད་དམ། །
རྗེ་ཞབས་དཀར་བ་ཡུལ་དབུས་ལྷ་སར་སླེབས་དུས། དེར་བཤས་བྱེད་པ་དམར་རྗེན་ཤ་ཡི་སྤྱན་གྱིས་དངོས་སུ་གཟིགས་པས། ཇོ་བོའི་སྐུ་མདུན་དུ་བཅར་ཏེ་དམར་ཟས་གཏན་དུ་སྤངས་པ་དང་། ༧གོང་ས་མཆོག་ལྷོ་གཞིས་འདེབས་པར་གཟིགས་རྟོགས་སུ་ཆིབས་བསྒྱུར་གྱིས་ཕྱིར་ཕེབས་སྐབས། ཅའེ་ནཱའི་ (Chennai) བློན་ཆེན་གྱི་ཁྱིམ་དུ་བསུས་པར། ཁོང་ཅག་གི་དགུང་ཟས་སུ་བྱ་དེ་གཅིག་གསོད་པ་སྒེའུ་ཁུང་ནས་གཟིགས་པའི་རྐྱེན་གྱིས། དེ་ནས་བཟུང་ལོ་ཤས་རིང་མཁྲིས་ནད་ཚབས་ཆེན་མ་སྙུངས་བར་དུ་དམར་ཟས་གཏན་ནས་མ་བཞེས་པ་རེད། དེ་རྣམས་ནི་སྙིང་རྗེའི་གཞན་དབང་ཡིན་པ་ལས། ཅིག་ཅིག་གིས་ཤན་ཞུགས་སོང་ཟེར་ན། དོན་ལ་གཞོལ་བའི་སྐད་ཆ་ཞིག་ག་ནས་ཡིན།
དེ་བཞིན་མཁན་ཆེན་འཇིགས་ཕུན་ཡབ་སྲས་ལ་རྒྱ་ནག་བཙུན་པའི་ཤན་ཤུགས་ཐེབས་སོང་ཟེར་ན། བྱམས་དང་སྙིང་རྗེ་ལ་རྒྱུས་མངའ་སྤུ་ཙམ་ཡང་མེད་པ་འམ། བླ་མའི་ནང་སེམས་ཀྱི་ཉམས་རྟོགས་ལ་ཡིད་ཆེས་དང་དད་པ་མེད་པའི་རང་མཚང་ལས་གང་ཡང་མིན་ནོ། །
རང་ངོ་རང་གི་མི་ཟིན་པ་ཞིག་གིས་ད་དུང་སྐྱེ་ཆེན་དམ་པར་སྐྱོན་བརྗོད་བྱེད་པ་ནི། རང་ངོར་རང་གིས་འགྲམ་ལྕག་གཞུ་བ་དང་འདྲ་བས་ཤ་ཚ་སྙིང་རྗེའི་ཡུལ་ལས་མ་འདས།།
སྨྱོན་པ་སྨྱོན་པར་ཐུག་ན། སྨྱོ་ལ་ལ་དང་ནས་འགྲོ་འི་ཟེར་བ་དེ་བདེན་པ་རེད། ད་ཐེངས་ཀླུ་སྨྱོན་དང་ཡོད་པ་འདི་བཟང་གི།
ང་ཚོ་འབྲོ་རྒན་ཚོ་དང་སྤྱིར་ན་བོད་ཁ་བ་ཅན་གྱི་འཇིག་རྟེན་པ་འདི་ཚོ། གྲོང་ན་འདུར་བཞིན་པའི་ང་རིན་པོ་ཆེ་དེ་ཚོས། ཟ་ཆོག་དང་བཅོམ་ཆོག་བྱེད་པ་འདི་ནི། ད་ལྟ་མྱུར་དུ་མཚམས་འཇོག་བྱེད་འཇུག་དགོས་བ་ཞིག་འདུག། སོ་སོས་ཤ་མི་ཟ་ན་རེད། སྐྱག་པ་མི་གཏོང་ཟེར་ན་ཡང་དེ་ལ་དགག་པ་མེད། འདོད་མོས་རེད།
ཡིན་ན་ཡང་། འཇིག་རྟེན་ནི་གཅིག་གིས་གཅིག་ཟ་བ་ནི་ལས་ཀྱི་འཁོར་བ་རེད། དེ་ཙམ་ཞིག་མི་ཤེས་ན། བྲག་ཕུག་ཞིག་ལ་གོས་ཟས་མེད་པར་གཅེར་བུར་འདུག་དུ་བརྫངས་ན་ཏག་ཏག་རེད། འདི་ཅན་པའི་དགྱ་བོད་ཀྱི་གྲོང་མཐའིགྲྭ་རྒན་བླ་རྒན་ཚོ་ལ་གུས་པ་མེད། དམྱལ་བ་མགོ་ཐོག་ལ་ཡོང་ན། ང་ཚོ་འབྲོག་པ་ཚོའི་མགོ་ཐོག་ལ་ཡོང་རྒྱུ་ཡིན་པ་ལས། ཁྱེད་ཚོ་ལ་སྐྲག་སྙིང་ཞིག་འདར་དགོས་དོན་མེད།
གནམ་ལགས། གལ་སྲིད་གློ་བུར་དུ་སེམས་ཅན་རང་ལས་སྟོབས་ཆེ་བ། ཟངས་ཀྱི་མཆུ་ཏོ། ལྕགས་ཀྱི་མཆེ་བ། རག་གི་སྡེར་མོ་ཅན་གཅིག་གིས་དངོས་སུ་ཁྱོད་རང་བཟའ་བར་བརྩམས་པ་ན། དེའི་ཚེ་ཅི་སྙམ་དུ་བསམ། གཅིག་གིས་གཅིག་ཟ་བ་འཁོར་བའི་ཆོས་ཉིད་རེད་ཅེས་སྨྲས་ནས་ཅི་སྙམ་པར་བསྡད་ཐུབ་མི་འོང་། སྤྱོད་འཇུག་ལས། བྲེད་ཤ་ཐོན་པའི་མིག་བགྲད་དེ། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །ཅེས་གསུངས་པ་ལྟར། སྔངས་སྐྲག་གིས་སྙིང་འཁུམ་འཁུམ། སྒྱིད་པ་འདར་འདར། སྐྱག་པ་ཤོར་ཤོར་གྱིས། སྐྱབས་གཞན་ཞིག་ལ་རེ་བ་བརྒྱབ་འོང་།
རང་ལ་ཁ་བསྐོར་ནས་གཅིག་སོམས་དང་། གང་དྲན་དྲན་ནམ། བྱུང་རྒྱལ་དུ་སྨྲ་བ་ཁྱོད།
འཇིག་རྟེན་བྱེད་པོའི་འཇིག་རྟེན་བསྐྲུན་པ་འདི་།
འཇིག་རྟེན་ཆོས་བརྒྱད་འཇིག་རྟེན་མགོ་བོ་བསྐོར་།
འཇིག་རྟེན་བྱེད་པོའི་འཇིག་རྟེན་གཡོ་
འགུལ་འོག་།
འཇིག་རྟེན་མི་གི་འཇིག་རྟེན་ལམ་
ནོར་འཁྲིད་།
གནས་ལུགས་དོན་གྱི་མ་རྟོགས་གཡང་
སར་ལྷུང་།
རྒྱུ་མའི་བཤིས་ལ་བློ་ཡིའི་མུན་པ་སྐམ་།
སྣངས་སྟོང་གཡེར་མེད་ངོ་ཚ་ཁྲལ་གྱི་སྦྱིན་།
དོན་གཉིས་སྔོན་ཤེས་ཐུབ་པའི་ཕོ་རྒོད་
ཉུང་
གནམ་ལགས། འདི་ན་སྨྱོན་པ་ཞིག་གང་ན་འདུག། ང་ལ་ཟེར་ན་ཁྱེད་རང་གིས་ཇི་ལྟར་འདོད་པ་དེ་ལྟར་ཁས་བླང་ཆོག གཞན་ནི་སུ་ཞིག།ཀླུ་སྨྱོན་ནི་སྙན་ངག་དང་བརྩམས་སྒྲུང་། དཔྱད་བརྗོད་སོགས་ཕུལ་ཏུ་ཕྱིན་པ་མང་པོ་བྲིས་ཟིན་པའི་རྩོམ་པ་པོ་ཞིག་དང་། བོད་རིག་པ་ལ་ཕྱོགས་ཡོངས་ནས་མཁྱེན་རྒྱ་ཡངས་པའི་ཤེས་ལྡན་རྩེ་གྲལ་ན་བཞུགས་པའི་རབ་བྱུང་བ་ཞིག་རེད། ཁྱོད་ཀྱིས་འབོད་ཡུལ་སྨྱོན་པ་དེ་སུ་ཡིན་ནམ།
གཏམ་རྙིང་པ་རོ་ལངས་རྒྱབ་འདུག་ག
དམར་ཟས་སྤོང་དགོས་པའི་འབོད་བསྐུལ་དེས་ཕན་ཐོགས་ཡོད་ལ་གནོད་པ་ཡང་བསྐྱལ་ཡོད་གནས་ཚུལ་དེ་རིགས་སོ་སོས་མྱོང་ཐོག་ནས་ལམ་སྟོན་དགོས་པ་ལས་ཁ་བདེ་བོས་སྤྱི་ཚོགས་ལ་གང་བྱུང་བཤད་ན་ཇེ་སྡུག་དང་ཇེ་ངན་དུ་འགྲོ་བ་ང་རང་ཚོ་བོད་པ་གཅིག་པུ་རེད།
བླ་མ་སྨྱོན་པས་ཡག་པོ་བྲིས་འདུག་པར་རྗེས་སུ་ཡི་རང་དང་བཅས་མཆན་ཞིག་འགོད་འདོད་བྱུང་། སྤྱིར་སེམས་ཅན་ཞིག་ལ་འཚེ་བ་མེད་པའི་ཁ་ཟས་ཤིག་རེག་ན་ལེགས་མོད་ཀྱང་། ང་ཚོའི་འཇིག་རྟེན་འདི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཞིང་ཁམས་ཤིག་མིན་སྟབས། འཚེ་བ་མེད་པའི་ཟ་མ་ཞིག་རེག་མི་སྲིད་པ་རེད། འོ་ན་ཇི་ལྟར་བྱེད་ཅེས་ན་ཟ་རྒྱུ་གང་རེག་པ་དེ་བག་ཡོད་ཚུལ་ལྡན་གྱིས་བསྔོ་སྨོན་རེ་བྱས་ཏེ་ཟོས་ན་ཧ་ཅང་འོས་སོ། ཀུན་བཟང་བླ་མའི་ཞལ་ལུང་དུ་ལོ་རྒྱུས་སྙན་མོ་ཞིག་ཡོད་པ་དྲན། གླང་ཤ་ལྷག་མ་དེ་དགེ་འདུན་པར་དྲངས། དགེ་འདུན་པ་ཚོས་བསྔོ་སྨོན་བྱས་པའི་མཐུས་གླང་རྒན་དེའི་སྐྱེ་བ་ཕྱི་མ་མི་ལུས་བླངས་པར་མ་ཟད་གྲུབ་ཐོབ་མ་ཞིག་ཏུ་གྱུར་པའི་གཏམ་རྒྱུད་ཡོད། །
ལྷ་རབ་བྱུང་ན་དམར་ཟས་སྤོང་བ་ལེགས། དེ་ལྟར་མ་ནུས་ན་རྒྱ་ནང་བཞིན་རྒྱ་མཚོའི་ནང་གི་སྲོག་ཆགས་ཕྲ་མོ་ཨ་ར་དང་རྐང་ལག་ཟིང་ངེ་བ་དེ་ཚོ་བོད་མི་རྩམ་ཟན་བ་རྣམས་ཀྱིས་འཛེམ་གནང་རོགས་ཞེས་ཞུ་བ་འབུལ་བ་ལགས།
ངས་ངོ་ཤེས་པའི་ཕྱི་རྒྱལ་ལ་སྡོད་མཁན་སོག་རིགས་དེ་ཚོས། སྔོ་ཚལ་དང་། ཤིང་ཏོག་འཁྱོན་ནས་ཟ་ཤེས་བགྱིད་མི་འདུག འདི་ག་རེས་ལེན་པ་རེད། ཟེར་ན། འདི་གོམས་གཤིས་ངན་པས་ལེན་པ་རེད་མ་གཏོགས། འདིར་ཡུ་རོབ་ནང་ལ་ཐོན་བསྐྱེད་མེད་པས་ལེན་པ་མ་རེད། སྔར་གྱི་བོད་དང་བོད་མི་ནི་དམིགས་བསལ་རེད་དོ། །དེ་ནི་ཛམ་གླིང་ཀུན་ལ་སྤྱི་མཚུངས་ལྟར་བྱུང་བ་རེད་དོ།།
ཧཧཧཧཧ་་་་་ད་རེས་བླ་སྨྱོན་གྱིས་ཅི་བསམ་ཡིན་ནམ། དངོས་ཡོད་དང་བསྟུན་ནས་སྐད་ཅ་ཉན་རིན་ཡོད་པར་ཅིག་བཤད་འདུག་གདའ། མང་པོ་བཤད་དགོས་མ་རེད། བླ་སྒར་ནས་དགེ་བཅུ་ཁྲིམས་འཇོག་གི་དེས་ལག་ལེན་མ་བརྟར་ན་ཡུལ་དགོན་བར་འབྲེལ་བ་བཅད་དགོས་ཚུལ་ཡོང་གྲགས་རེད། དེར་བཙན་དབང་མ་རེད་དམ། ད་དུང་མང་པོ་་་་་་་་་
ང་ཀླུ་སྨྱོན་ལ་ཁྱོན་ནས་མི་དགའ། དེ་ནི་ཀླུ་སྨྱོན་ལ་གུ་དོག་གི་བསམ་བློ་ཁབ་མིག་ཙམ་ལས་མེད་པ་དེ་རེད། སྟབས་བདེའི་དཔེར་ཞིག་དྲངས་ན། ཁོས་གཙོ་གཉེར་བྱེད་ཀྱི་ཡོད་པའི་སྐད་འཕྲིན་དྲ་ཚོམ་(ཆོས་དང་འཇིག་རྟེན་)ཞེས་པར་ངས་ཁོ་ལ་བསྟོད་ནས་གནམ་དུ་མ་བཀྱགས་པས། ཁོ་བོ་ཕྱིར་ཕུད་བྱས་པ་ལྟ་བུ་རེད། ཡིན་ནའང་ད་རེབ་ཁོས་དངོས་ཡོད་བོད་ཀྱི་འཚོ་བ་དང་མཐུན་པའི་རྩོམ་ཡིག་ཡིད་འགྲོ་བ་ཞིག་བྲིས་འདུག་པས་ཡི་རང་ཡོད། དགའ་བསུ་ཡོད།་
དམར་གཟན་བོད་ལ་དཀར་ཟས་འཚོ་ཐབས་ཀྱིས་ཕོངས་པ་ནི། དམར་ཟས་ལ་ལྟོ་དང་གློ་བ་གཅིག་བརྟེན་བྱས་པའི་འབྲས་ངན་རེད། གལ་སྲིད་དམར་ཟས་ཉུང་དུ་བཏང་བའམ་རིང་དུ་སྤངས་ཚེ། བོད་པར་ཡང་མཐོ་རིམ་སྲོག་ཆགས་ཀྱི་ཀླད་ཞོ་ཞིག་ཆགས་ཡོད་དུས། འཚོ་ཐབས་སྣ་མང་མང་ཚོགས་རང་གི་ནང་ནས་རང་བཞིན་གྱིས་ཐོན་ངེས་ཡིན། དེ་ཡི་ཚེ་ན་དེ་ལ་དམངས་ཁྲོད་རིག་གནས་ཀྱང་ཟེར་སྟེ། དཔེར་ན་རྩམ་པའི་དེ་བཞིན་ནོ། །
དྲ་གྲོགས་ཚོ། མིའམ་གང་ཟག་སྒེར་པ་ལ་དགའ་མི་དགའ་དེ་གནོད་དོན་གཞན་རེད། གླེང་དགོས་དོན་ཅི་ཡོད། མིའི་ལྟ་བ་དང་རིགས་ལམ་འཐད་མི་འཐད་ལ་དཔྱད་གཏམ་སྤེལ་རོགས།
དཀར་ཟས་དམར་ཟས་ཀྱི་ཕན་ཡོན་གསར་པ།
མི་ཡི་ཕུང་པོའམ་བྲོད་ཁོག་འདི། སེམས་ཅན་རྩ་གཟན་གྱི་ལུས་དང་ཐག་ཉེ་བ་ལས། ཤ་གཟན་གཅན་གཟན་གྱི་བྲོད་པ་དང་། ཐག་རིང་བའམ་མི་འདྲ་བ་ཡོད་པས། མི་ཡི་ལུས་པོར་འབྲས་འབྲུ་རྩམ་པ་ཤིང་ཏོག་རྣམས་འཕྲོད་པ་དང་། ཤ་དང་འོ་མ་ནི། ལུས་ལ་ཕན་ལས་གནོད་ཆེ་བ་ཤོད་བཞིན་འདུག འདི་ནི། ཆོས་ལུགས་པས་དཀར་ཟས་དམར་ཟས་ཀྱི་ཕན་ཡོན་ཉེ་དམིགས་གསུངས་པ་མ་ཡིན་པར། ཚན་རིག་པས་བརྟག་དཔྱད་བྱས་ནས་གྲུབ་འབྲས་སུ་ཐོན་པ་རེད་དོ།།
སེམས་ཅན་འཆི་བ་ནི། འདི་འདྲ་སྡུག་བསྔལ་བ་ཞིག་རེད། དེ་ལས་སྐྱོབ་ཐབས་ནི། སུ་ལ་སྟོན་རྒྱུ་མི་འདུག སྔ་ཕྱི་མ་རྟོགས་སེམས་ཅན་ཚང་མ་འཆི་རྒྱུ་རེད། སངས་རྒྱས་ཀྱིས་སེམས་ཅན་ལས་ཀྱི་ཤི་བ་ལ་མྱང་ངན་མ་བྱེད་གསུང་དགོས་ཐུག་འདུག
དཀར་ཟས་ཀྱི་ཕན་ཡོན་མ་བཤད་གོང་རང་ཉིད་དཀར་ཟས་ལ་ལོངས་སུ་སྤྱོད་དགོས་དེ་མིན་བོད་པས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་པ་དང་དོན་མཚུངས།
ལོ་ཡག་བླུན་རྒན། ཁྱོད་ཅག་པའི་རིགས་ནི་སྡིག་པར་སྐྲག་ནས་ཤ་མི་ཟ་ཟེར་བ་ཙམ་རེད། དེ་ལས་གཞན་པའི་ཤེས་བ་སྣ་གཅིག་མེད་པ་གསལ་པོ་རེད།
ཁྱོས་རང་གི་ཁམས་ལ། ཤེས་རབ་རྒྱས་བ་ལ་ལྟོ་བཅུད་ག་རེ་དགོས་བ་ཤེས་སམ། དཔའ་རྩལ་རྒྱས་བ་། ན་ཚ་གཅོད་པ། དོན་ལྔ་སྣོད་དྲུག་གི་འཁོར་སྐྱོད་སོགས། རེ་རེ་ནས་རེ་རེར། གང་གང་ཚང་དགོས་བ། གང་གང་གང་ན་རེག་བཞིན་པ་ཤེས་སམ། ཚོད་ཚོད་ལ་འུར་མ་འཐེན།
ཤ་ཟོ། ཟ་འདོད་ཡོད་པའི་ཟས་རིགས་གང་ཡིན་ཟོ། ཁམས་བདེ།
གནམ་ལགས། ང་ནི་ཤ་མ་ཟོས་བར་ལོ་ངོ་བཞི་ལྷག་འཁོར་གྲབས་འདུག ད་ནི་ཁྱོད་ཀྱི་ཞལ་ནས་ཟོ་ཞིག་ཅེས་བཀའ་ཁྲོལ་དྲོན་མོ་སྩལ་བརྟེན། ཟ་འོ་། ཧེ་ཧེ་ཧེ།
གཞན་ཡང་ཁྱོད་ནི་ཤ་ཟོས་ནས་ཤེས་རབ་མཆོག་ཏུ་རྒྱས་ཡོད་ཚོད་འདུག་པས། ཁྱོད་ལ་དཔེ་བལྟས་ནས་ཤ་ཟ་འོ། གྲོགས་པོ་གནམ་སྟེ་འཇིག་རྟེན་གྱི་བྱེད་པོ་ལགས། བཀའ་དྲིན་ཆེ། ཧཧཧཧ
འཛམ་གླིང་སྤྱི་དང་ལྷག་པར་ནུབ་ཕྱོགས་པའི་ནང་ན། སྡིག་པ་དང་སྙིང་རྗེའི་སྐད་ཆ་མེད་པར། ལུས་ཀྱི་བདེ་ཐང་ཁོ་ནར་དམིགས་ཏེ། ཤ་མི་ཟ། འོ་མ་མི་འཐུང་། སྒོ་ང་ཡང་མི་བཟའ། མདོར་ན་སེམས་ཅན་ལས་ཐོན་པ་ཞིག་ཡིན་ཕྱིན་རྩ་ནས་བཟའ་བཏུང་ལ་མི་སྤྱོད་མཁན་ཤིན་ཏུ་མང་པོ་ཡོད།
སྤྱིར་ཤ་དང་སྒོ་ང། འོ་མ་སོགས་ནས་ལུས་ལ་མཁོ་བའི་རྫས་བཅུད་ཅིག་ཅིག་རག་གི་ཟེར་བའི་བཤད་སྟངས་འདི་ནི་གནའ་སྔ་མོའི་ཚན་རིག་པའི་བཤད་སྟངས་རེད། དེང་གི་ཚན་རིག་པ་དང་ཟས་བཅུད་རིག་པ་སྨྲ་བ་རྣམས་ཀྱིས་དེ་ལས་ལྡོག་སྟེ་རྗོད་ཀྱི་ཡོད། གྲོགས་པོ་གནམ་ཁྱོད། དུས་རབས་གསར་པའི་དཔལ་ཡོན་ལ་རྒྱུས་མི་འདུག་པ། ས་ཁུག་ལུང་ཁུག་གང་ཞིག་ཏུ་ལྷག་ནས་བསྡད་དམ།
ཤ་ཟོས་པས་ལུས་སྟོབས་རྒྱས། རིག་རྩལ་འཕེལ། ཚེ་རིང་བར་འོང་ན། བོད་པ་ཚོ་ད་ལྟའི་བར་དུ་ཤ་ཟོས་ཟོས་སུ་ཡོང་པ་ལ། ཆ་སྙོམས་ཚེ་ཐག་ནི་ལོ་ ༤༥ ཙམ་ཡིན་པ་དེ་ཅི་ལ་ཐུག རྒྱ་ནག་པས། ཁོང་ཚོའི་བྱས་རྗེས་ཀྱིས་ལོ་ ༥༠ ཡན་ལ་འཕར་ཟིན་པའི་ངོམ་སོ་བྱེད། འཚོ་གནས་རིག་པའི་ཆ་ནས་ཀྱང་ཕྱུགས་སྐྱོང་པགས་གྱོན། ཤ་ཟ་བ་གཙོ་བོར་བྱེད་པ་ཙམ་ལས། གཞན་དག་ལ་བསྟན་རྒྱུ་ཞིག་མེད་པ་གང་ལ་ཐུག
གྲོགས་པ་གནམ་ལགས། ཚིག་ངན་རྐྱང་རྐྱང་མ་ཟློ། རིག་གནས་ལ་སྦྱོངས། མཐོང་རྒྱ་ཐོས་རྒྱ་ལ་རེམ། རྒྱུ་མཚན་མེད་པར་ཚིག་ངན་བྱུང་རྒྱལ་དུ་སྨྲས་ནས། བོད་རང་གི་ཤེས་རིག་གི་དྲ་ལམ་དག་ཛོར་བོ་ལྟ་བཟོ་མེད་པ་ཞིག་ཏུ་མ་གཏོང་། ཡ་རབས་མི་འོངས་ནའང་མ་རབས་མ་བྱེད། ཨེ་གོ་ཐལ། །
དེང་རབས་ཚན་རིག་པའི་རྗེས་འབྲང་བ་ལོ་ཡག་ལགས། མང་པོ་ཞིག་བཤད་མི་དགོས་བ་བྱེད། ང་དང་རྩོམ་པ་བོས་ག་རེ་བཤད་བཞིན་པ་དེ་ཤེས་ཡོད་བཞག་ཡིན། ཕྱི་རྒྱལ་བའི་མི་རིགས་ཞིག་གི་ཀུན་སྤྱོད་ལས། ཤ་ཟ་མི་ཉན་པའི་གནས་ལུགས་ཞིག་བཤད་འདུག། ཡིན་ན་ཡང་། ཉ་ཤ་ནི་མའི་བདེ་ཐང་ལ་འཕྲོད་ཤོས་དེ་ཡིན་རབས་བཤད། ཚལ་གཟན་མང་ཆེ་བས་ཉ་ཤ་དང་ཉ་ཚིལ་གྱི་ལྟོ་རེག་པ་བྱེད། དེ་ཤེས་ཡོད་རྒྱུ་རེད་བསམ་ཡོད། སྨན་རྩྭ་དང་སྨན་ཆུ་འཐུང་བའི་སྒོ་ཟོག་གི་ཤ་ཚབ་ལ། ཁྱོས་བོད་མི་ཚོ་ལ་ཉ་ཤ་ངོ་སྤྲོད་བྱེད་རྒྱུ་ཡིན་ན་ནི་འགྲིག་འདུག། རེད་དེ། སྡིག་པ་ཡོད་པ་གཅིག་པ་ཡིན་འགྲོ།
ཤའི་རིགས་རྩ་བ་ནས་མི་ཟ་མཁན་གྱི་ཕྱི་རྒྱལ་བ་རིགས་གཉིས་ཡོད། གཅིག་ནི་ན་ཚ་དང་འབྲེལ་བ་ཡོད། གཞན་དེ་ནི་ཧ་ལམ་ཆོས་ལུགས་ག་གེ་མོ་ཡི་ཕྱོགས་སུ་མཐུན་པ་འདྲ་པོ་ཡོད། དེ་ཚོའི་རིགས་ནད་མེད་བདེ་ཐང་ཡིན་པའི་ཡིན་རྟགས་ཞིག་ང་ལ་ནི་རེག་མ་སོང་། ཁོ་ཚོ་ལ་༼བེ་རྒན་༽ཟེར།
སྐབས་འདི་ནས། ངས་ཁྱེད་ལ་ཉེ་ཆར་རང་ལ་བྱུང་བའི་གནས་ཚུལ་ཞིག་བཤད། ཇོ་མོ་བླ་རིར་འཛེག་དུ་ཕྱིན་པའི་ཕྱི་གླིང་བ་འགའ་ཡི་ནང་ན་བེ་རྒན་མ་ཞིག་འདུག། མོས་གསར་འགྱུར་ཁོག་ལ་ང་ཚོ་བེ་རྒན་ཚོས་ཟ་གཟན་ཚོས་ག་རེ་བྱེད་ཐུབ་པ་བྱེད་ཐུབ་བྱས། སྐད་མགོ་དང་སྤོབས་པ་མཐོ་ཙམ་གྱིས་ཀུན་ལ་བསྒྲགས། སྟབས་མ་ལེགས་པ་ཞིག་ལ། མཐོ་སྒང་གི་འཇིག་རྟེན་ཤ་ལ་མ་བསྟེན་པར་འཚོ་མི་ཐུབ་པའི་བདེན་དཔང་ལ། མོས་རི་སྐད་ཤིག་ནས་ལོ་རྒྱུས་བཞག་སོང་། ཨོཾམཎིཔདྨེཧཱོུཾ།
དེ་ཙམ་ཡིན།
བོད་དང་བོད་མི་རིགས་ལ་དགའ་ན། སྐད་ཆ་བསམ་ནས་ཤོད།
ཆོས་དང་ཕྱི་མ་ལ་དགའ་ན། དབེན་པའི་རི་ཁྲོད་སོང་།
དགའ་དགའ་ལོ་ཡག། དེ་འདྲ་ཞོག་མ་རེད་དམ། ཧ་ཧ་ཧ།
རྩོམ་བདག་གིས་གསུངས་པ་བཞིན་དང་པོར་བོད་འབྲོག་ཕྱོགས་ཀྱི་འཚོ་བར་ལམ་སྟོན་ཡག་པོ་ཞིག་བྱས་དེའི་རྗེས་བཤའ་འབྲེག་སོགས་སྡིག་ཕྱོགས་ཀྱི་ལས་རྣམས་བཀག་ན་འོས་ཤིང་འཚམ། དེ་མིན་བོད་སྒང་ནས་འཚོ་བར་ཇི་ལྟར་རོལ། ཡང་འགའ་རེས་གསུངས་ན་དམར་ཟས་མ་ཡིན་པ་གཞན་འབྲུ་རིགས་དང་སྔོ་ཟས་རིགས་ཟོས་ན་སྡིག་པ་མེད་པ་འོས་འཚམ་ཡིན་ཟེར། འབྲུ་རིགས་དང་སྔོ་རིགས་རྨོ་འདེབས་སོགས་སུ་མིག་གིས་རིག་མི་རིག་སེམས་ཅན་ཅི་ཙམ་གསོད་ཀི་ཡོད་མེད་ལ་བསམ་གཞིགས་བྱེད་ཨེ་མྱོང་། མྱོང་ན་འདི་ཡང་འུ་ཅག་གིས་མཚམས་འཇོག་བྱེད་དགོས་ཨེ་རེད། དེས་ན་བོད་པ་ཚང་ད་ནས་བཟུང་འཇིག་རྟེན་འདིར་འཚོ་མི་རུང་བ་ཡིན་ནམ།
དམར་ཟས་སྡིག་ཟས་ཡིན་པ་ཀུན་གྱིས་ཤེས། །
སྡིག་ཟས་ཞིམ་ཤོས་ཡིན་པའང་ཀུན་ལ་འཇགས། །
་
དཀར་ཟས་སྡིག་མེད་ཡིན་པ་ཀུན་གྱིས་ཤེས། །
དཀར་ཟས་རྐྱང་པ་མི་དགའ་ཀུན་ལ་ཡོད། །
་
དམར་ཟས་ལུས་པོར་གནོད་པ་འགའ་ཡིས་ཤེས། །
དཀར་ཟས་ལུས་པོར་་ཕན་པ་འགའ་ཡིས་ཤེས། །
་
སྡིག་མེད་ཕན་ཡོད་གདམ་པ་མཁས་པའི་ལས། །
སྡིག་ཡོད་གནོད་ཡོད་བཞུགས་པ་བླུན་པོའི་གཤིས། །
སྤྱིར་ཤ་ཟ་གཅན་གཟན་གྱི་ལུས་ལ་ཤ་རང་འཕྲོད་ཅིང་ཕན་པ་ཚང་མས་ཁས་ལེན་ཡང་། འགྲོ་བ་མིའི་རིགས་ལ་ནི། ཕོ་བའི་དྲོད་དམ་འཇུ་སྟོབས་དང་། རྒྱུ་མའི་གྲུབ་ཚུལ་སོགས་རྒྱུ་མཚན་མང་པོ་ཞིག་གིས། ཕན་ལས་གནོད་ཆེ་བར་དེང་གི་ཚན་རིག་པས་བསྒྲུབས་འདུག། དེ་ཡང་དུས་ནམ་དང་དུ་ཚན་རིག་པ་སུ་དང་སུས་བརྟག་དཔྱད་ཇི་ལྟར་བྱས་ནས་དེ་ལྟ་བུའི་གྲུབ་དོན་བརྙེད་པའི་ཚུལ་ཞིབ་རྒྱས་ཙམ་བོད་ཐོན་བོད་ཡིག་གི་དཔེ་དེབ་ཚད་ལྡན་རེ་གཉིས་ན་མཇལ་རྒྱུ་ཡོད།
དེ་དག་ཏུ་ཤ་ཙམ་དུ་མ་ཟད། སྒོ་ང་དང་སེམས་ཅན་གྱི་འོ་མས་ཀྱང་མིའི་གཟུགས་པོའི་བདེ་ཐང་ལ་གནོད་ཚུལ་རྒྱུ་མཚན་སྣ་མང་དྲངས་འདུག ཧ་ལས་པ་ཞིག་ལ། འགྲོ་བ་མི་ཞིག་གིས་སྒོ་ང་གྲངས་འབོར་ག་ཚོད་ཅིག་བཟས་ན་ཚེ་ཐག་དུས་ཡུན་སྐར་ཆ་ག་ཚོད་ཅིག་ཐུང་དུ་འགྲོ་བའི་ཞིབ་ཕྲའི་གནས་ཚུལ་ཡང་བཀོད་གདའ། །
བླུན་བཤད་མ་རྒྱག། སྐལ་བ་ཡ་ཐོག་ང་ཚོ་འགྲོ་བ་མི་ཚང་མ་ཤ་གཟན་ཡིན། རི་མགོ་རི་དྭགས་ནས་རྒྱ་མཚོའི་ཉ་སྲིན་བར་དུ་ཟས་བ་རེད། བར་ལམ་ཞིག་ནས་གནོད་ལ་ཕན། ཕན་ལ་གནོད་པའི་ལྡུམ་ཚལ་མང་པོ་བཏབ་པ་དང་འདབ་ཤེས་བ་རེད།
ཕན་རབས་བཤད་ན་ལུས་ལ་གནོད་ནི་རེད།
གནོད་རབས་བཤད་ན་ཚོང་ལ་གནོད་ནི་རེད།
མང་པོ་ཞིག་བཤད་ཀི་མིན།
སྤྱོད་འཇུག་ཟེར་བའི་ཆོས་དཔེ་ཞིག་ན། འདི་འདྲ་ཞིག་གསལ།
ས་སྟེང་འདི་དག་ཀོས་གཡོག་ཏུ།
དེ་སྙེད་ཀོ་བས་ག་ལ་ལང་།།
ལྷམ་མཐིལ་ཙམ་གྱི་ཀོ་བས་ནི།
ས་སྟེང་ཐམས་ཅད་གཡོགས་དང་འདྲ་ཟེར་བ། བྲིས་ཚོད་ལ་བལྟས་ན། རང་གིས་རང་གཅུན་པ་ལས། གཞན་ལ་ཅིག་མི་ཉན། མས་མི་ཉན་ལབ་ནས་ཆོས་དོན་ཞིག་འཚོལ་བཞིན་མེད་པ་གསལ་བོ་མ་རེད་དམ།
དེ་ན་ཁ་བཙུམ་ནས་ཤ་ཟ་མཁན་ཚོ་ལ་ཅིག་ལབ་མ་སྡོད། ཤེས་བྱུང་ངམ།
ལོ་ཡག་རྫོས་ནས་ཡ། ཁྱོད་ངོ་མ་ཟེར་རྗེས་སྙེག་མཁན་ཞིག་ཡིན་པ་གཞུག་ནས་ཤེས་སོང་།
ཁྱོད་འདི་འདྲའི་མྱི་ཞིག་ཡིན་ན། དགེ་སྡིག་ཞིག་ཕར་བཞག། མཐའ་ན་ཡག་སྡུག་གི་དབྱེ་ངོ་ཡང་ཤེས་རྒྱུ་དཀའ་ཙམ་འདུག། ངོ་མ་ཡིན།
༼World Health Organization ༽འདི་བ་གང་ན་ཡོད་ནི་རེད།
༼Large studies in England and Germany showed༽འདི་ཚོ་གང་གང་རེད།
A 2014 Harvard study found ཧ་ཝར་སྒྲའུ་སྦྱོང་ཚན་གཅིག་གིས་མ་གཏོགས་མ་ཤེས་བ་ཨེ་རེད། སློབ་གྲྭ་ཆེན་མོ་དེས་ཞིབ་འཇུག་པའི་སློབ་དཔོན་གྱི་མཚན་མེད་པའི་ཚན་རིག་གི་འབྲས་རྟགས་རྩོམ་འབྲི་བྱེད་དམ།
དྲང་མོར་བཤད་ན། ཁྱོས་དྲ་རྒྱའི་ནང་གི་གད་སྙིགས་ལ་ཆ་མཐོང་སྤྲོད་ནི་ཞིག་ཡིན་པ་འདྲ། དེ་འདྲ་ཡིན་ན། ཁྱོད་ཉུལ་ས་ནོར་ཡོད་པ་རེད།
ཞིབ་འཇུག་གི་འབྲས་རྟགས་ཡིན་ན། ས་དེའི་ལས་ཁུང་གི་མིང་དང་། ཆ་འཇོག་ཡོད་པའི་སློབ་དཔོན་གཅིག་གི་མཚན་དགོས། འབྲས་རྟགས་ཡང་དག་ཡིན་པའི་མཐའ་དཔྱོད་རྒྱབ་ཉེར་གྱི་རྩོད་དགག་བཞག་གསུམ་ཚང་བའི་གྲུབ་དོན་རྒྱབ་ཉེར་དགོས། དེ་མིན།
འདི་འདྲ་ཞིག་བཤད་འབྲི་བྱེད་དགོས་ན། ཞིབ་འཇུག་ཁང་ག་གེ་མོ་དང་སློབ་དཔོན་སུ་ཡིན་འདི་ཡིན་མེད་པ་ཞིག་གི་hoaxs ལ་ཡ་བྱེད་པ་ནི་ཁྱེད་རང་ལྐུག་དྲག་པའི་ལན་ཡིན་པ་ཤེས་དགོས།