ཁྲོ་གཏུམ།
-དགེན་ལྷ་ལུང་ལ་ཕུལ་བའི་སེམས་ཀྱི་ཁ་བཏགས་དཀར་བོ།
དེ་རིང་ཉི་མ་འདི་ལྟར་འོད་ཀྱིས་དབེན་པར་གྱུར་དོན་གྱིས་ང་རང་སྐྱོ་སྣང་གི་ན་བུན་ཞིག་ལས་རབ་རིབ་ཏུ་བཏང་སོང་། དུས་རབས་ཀྱི་ངོ་གདོང་ནས་རང་ཉིད་ཀྱི་བྱ་བའི་འགུལ་བསྐྱོད་ཚང་མར་གཏན་འཇགས་ཀྱི་སྲབ་སྐྱོགས་མེད་དོན་ཅི་ཞིག་ལགས། ཡུལ་གྱར་བའི་འཁོར་ཡུག་འདིའི་གཡས་གཡོན་དང་ཟུར་ངོས། མགོ་འཇུག་གང་དུ་ཡང་ང་ལ་ཡོད་ཆོག་ཆོག་གི་གཏན་ཚིག་ཞིག་མེད་པས་ན། ས་ཕྱོགས་འདི་ནི་ཚ་གདུང་གིས་ངོ་སྐྱི་བསྲེགས་ཤིང་རྡ་ལི་ཡིས་གྲོད་ཁོག་འབུར་བའི་ལང་ཚོ་ཉམས་ས་ཞིག་དང་། གང་ནི་བཟང་མིན་གྱི་ལམ་ཞིག་མི་རྙེད་ལ་བདེན་པ་ཅོག་ཅོག་གི་གཏམ་ཞིག་རག་དཀའ་བའི་སྥྱི་ཚོགས་ཀྱི་གས་སྲུབས་རེ་རེ་ནས། ང་ཚོས་ཁ་སོས་སོང་བ་དང་ནམ་ལངས་ཐུབ་པའི་གཏམ་རྒྱུད་ཞིག་ཇི་ལྟར་འབྲི་དགོས། རྡོག་སྣེ་འཁོར་ཕྱོགས་ཤིག་གིས་ཡུལ་གྱར་བའི་ལྟེབ་ཁུག་ཏུ་ལྷུང་བར་ཕྱིར་བལྟས་རེ་བྱས་ན་འདི་ནི་སྣང་ཚུལ་གཡའ་ཆགས་མ་ཞིག་ཏུ་གྱུར་འདུག མཐོ་རིམ་སློབ་གྲྭའི་རྐས་རིམ་དང་པོར་ཞུགས་པའི་ཉིན་དེ་ནས། འཛིན་ཁང་གྲུབ་བཞི་ནར་མོ་འདིའི་བྲག་ཅ་དང་བསྡེབས་པའི་བོད་སྐད་དག་མོས་ཁྲིད་གཞི་རེ་རེར་དབྱེ་ཞིབ་བྱས་ཏེ། ངལ་དུབ་དང་དཀའ་སྡུག་གི་ཞལ་འཛུམ་ནམ་ཡང་བསྟན་མ་མྱོང་བའི་དགེན་ལྷ་ལུང་གི་གཟི་ཉམས་དེ་དག་ནི། ངའི་བློ་གྲོས་ཀྱི་མཚོ་ངོགས་སུ་དྭངས་གཙང་གིས་འདྲེས་བ་མང་དུ་གདའ། ངས་ཀྱང་འདུག་སྟེགས་མཐའ་མ་དེའི་གྲུ་ཁུག་ནས་རྣ་བ་ཅོར་ཅོར་དང་བློ་རིག་གྲིམ་གྲིམ་གྱིས་ཡོད་ཚད་རག་དགོས་པའི་ཧམ་པ་ཚད་མྱོང་བའི་འབད་བརྩོན་ནི་ཆད་མྱོང་མེད། འདི་ལྟར་ཉིན་ཞགས་ཟླ་ལ་གཏུག་པའི་ལོ་ངོ་གཉིས་ཀྱི་ཚེ་ཐག་ཚར་བའི་དེ་རིང་ལོ་འཁོར་རྗེས་མའི་རེ་བ་དང་རྨི་ལམ་གྱི་མགོ་འཛུགས་ཞུ་སྐབས། “མཇུག་མཐའི་སློབ་ཐུན”ཟེར་བ་ཞིག་ཁྱེད་ཀྱི་སློབ་ཐུན་དང་འགྲོགས་ནས་སློབ་ཁང་དུ་གྲགས་སོང་། དབྱངས་འགྲོས་འདིའི་རླབས་ཀྱིས་དེད་པའི་སློབ་མ་དག་གི་ཚོར་འདུ་ནི་གཡོ་གྲུ་ཞིག་གིས་རྦ་རླབས་ཁྲོད་ལ་ངོ་རྒོལ་བྱེད་པ་དང་འཁུ་བས་སྡོད་མི་ཚུགས་པའི་གཡོ་སྐྱོམ་བྱེད་ཀྱིན་ཡ་ཆུང་ལ་མནོ་བསམ་སྣ་ཚོགས་ཀྱི་འཚང་ཁ་རབ་ཏུ་འཛིངས་སོང་། འདི་ནས་ངས་རང་ཉིད་ཀྱི་ནུས་པ་ཁྱེད་དང་འགྲོགས་པའི་སློབ་སྟོན་གྱི་བར་ན་ནམ་རྒྱུན་རྟ་ཁ་གློད་པའི་བསམ་གཞིགས་ཀྱི་རྩེད་ཁང་དེར་ཕྱིར་བལྟ་ཐེངས་གཅིག་བྱེད་དགོས་བྱུང་ཐལ། ཉིན་འདིར་ཁྱེད་ཀྱིས“སློབ་སྦྱོང་གི་འབྲས་བུ་འབོར་ཆེན་ལེན་ན་འབད་བརྩོན་གྱི་ཆུ་རྒྱུན་མུ་མཐུད་དུ་བཞུར་དགོས་པ་དང་ད་ལྟའི་ཁྱོད་ཚོའི་ཚད་ཐིག་ནི་ཡར་རྒྱས་སུ་འགྲོ་ན་ལྷོག་སེ་འགྲོ་བ་ཞིག་རེད་ལ། ཉམས་ཆགས་སུ་འགྲོ་ན་ལྟིག་སེ་ལྷུང་བ་ཞིག་ཡིན་པས་ཧ་ཅང་གཟབ་གཟབ་བྱེད་ཚུལ་རེད། ད་དུང་ང་ཚོས་སློབ་གྲོགས་བར་གྱི་བརྩེ་བ་རྒྱུན་འཁྱོངས་བྱས་ཏེ་ང་ཚོའི་ཚེ་སྲོག་དེ་འཇིག་རྟེན་ནས་ཇི་ལྟར་བསྐྱོད་དགོས་པ་དེ་བར་དུ་ང་ཚོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། ལྷག་པར་དུ་འཆམ་མཐུན་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་བང་རིམ་ལ་བལྟས་ནས་སྤྱི་ཚོགས་མཐུན་བསྒྲིལ་གྱི་སྙིང་སྟོབས་གཙུག་འཛིན་བྱེད་དགོས།”གསུངས་བ་འདི་སྐད་ཆའི་སྡོམ་དུ་གྲུབ་འདུག དེ་རིང་གི་སློབ་ཁང་འདི་ནམ་རྒྱུན་དང་མི་འདྲ་བར་མིག་ཟུང་རིག་རིག་གི་སློབ་བུ་ཚོར་སྐྱོ་ལྷང་ལྷང་གི་གཏམ་རྒྱུད་རེ་འཆད་རྒྱུ་ཡོད་པ་ཏན་ཏན་ཡིན་ནའང་། ཡུན་འཐུང་བའི་སློབ་མཐུན་གྱི་བར་གསེང་ནས་ལྷོད་ལྷོད་ཀྱི་སྙིང་ཤ་ག་ཚོད་ཞིག་བསྐྱུར་དགོས་སོང་། རེ་གཉིས་ཤིག་གི་སེམས་ཀྱི་དུང་ཀ་ཁྱེད་ཀྱི་གསེར་བསྙན་དུ་བརྗོད་ནས་ཚར་བ་བཅས་ཀྱིས་དུས་ཚོད་དེར། ཉན་པར་མི་སྤྲོ་བའི་དྲིལ་བརྡ་དེ་ཐོན་ནས་འཛིན་ཁང་འདིའི་མཁྲིས་ཀྱི་དབྱངས་འགྲོས་གསོན་པོ་ཞིག་རྒྱང་དུ་གྱེས་པ་རེད།
དེ་རིང་ནི་ཁྱེད་སོང་བའི་བདུན་ཕྲག་གཅིག་གི་རྗེས་རེད། ངས་ཟིན་བྲིས་ཀྱི་ཤོག་ལྷེ་རེ་རེར་ཕྱིར་བསློགས་བྱས་ནས་སྡོམ་ཚིག་ཏུ་གྲུབ་པའི་སྐད་ཆ་གང་མང་ཞིག་ཟིན་ཤོག་གི་བར་གསེང་དག་ན་གཟི་བརྗིད་ཀྱིས་འགྱིང་བའི་ཚིག་འབྲི་རེ་རེ་ཞིབ་ཀློག་བྱེད་ཀྱིན་ཡོད། དེ་ནི་ང་ལ་མཚོན་ན་རིན་དོད་ལྡན་པའི་གསེར་སྲང་སྟོང་ལས་ཕན་ཐོག་ཆེ། ལོ་རྒྱུས་དང་བརྡ་སྤྲོད་ཀྱི་ཚིག་འགྲོས་རེ་རེ་ལ་ཁྱོད་ཀྱི་དཔྱོད་ཤེས་ཀྱི་རིག་པའི་གློག་ཞགས་ཤར་མར་འཁྱུགས་ཤིང་གསུངས་འགྲོས་བདེ་བོ་དེའི་འགྱུར་ཁུག་ཏུ་དྲངས་ཏེ་སློབ་བུ་ཚོའི་རྣ་བར་ལྡུགས་ལ། ཉིན་རྒྱུན་གྱི་སློབ་མཐུན་སྐབས་སུ་ཁྱེད་ཀྱིས་སྔ་མོ་ནས་གྲ་སྒྲིགས་བྱས་པའི་དཔེ་དེབ་དང་ཟིན་བྲིས་ཀྱིས་མཆན་འོག་བཀང་ནས། ང་ཚོ་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་སྟེར་བའི་ཐུགས་མདུན་དེས་ཉིན་རྒྱུན་གྱི་སློབ་མཐུན་དག་ལས་སྔོན་ལ་ཁྲིད་གཞིའི་དངོས་ཀྱི་བརྗོད་གཞི་དང། དེ་ནས་དེབ་གཞན་པའི་སྟེང་གི་བསམ་ཚུལ་རེ་རེ། དེའི་རྗེས་སུ་རང་ཉིད་ཀྱི་ལྟ་ཚུལ་དང་སྦྲགས་པའི་མཇུག་སྡོམ་དེ་གསུམ་གྱིས་སྐར་མ་ཞེ་ལྔ་ནི་ཇི་ལྟར་ཡལ་བའང་མ་ཤེས་པར་བྱེད་འགྲོ། ཉིན་མ་དེ་ལྟ་བུའི་སློབ་ཐུན་གྱི་འགུལ་བསྐྱོད་ཅིག་ད་ནི་རག་དཀའ་ཚོད་ཀྱི་སོམ་ཉི་ལ་ལྷུང་སོང་། ཁྱོད་རང་ཆེས་ཐོག་མར་ང་ཚོ་དང་མཇལ་དུས་ནས་ཁྱོད་ཀྱིས“ཁྱོད་ཚོ་ནི་ངའི་མགོ་ནས་མཆོངས་ཐུབ་པ་ཞིག་བྱེད་དགོས། ང་ཚོས་མཉམ་འབྲེལ་གྱིས་འཁྲིད་གཞི་འདི་གཉིས་གསལ་གསལ་ཐིང་ཐིང་ཞིག་བྱེད་དགོས”ཞེས་གསུངས་ཤིང་ཉིན་དེ་ནས་འུ་ཚོ་མཉམ་འུར་གྱིས་ཕན་ཚུན་གྱི་སེམས་ཤུགས་ཀྱང་ཆག་མ་མྱོང་མོད། འོན་ཀྱང་ཁ་སང་དེ་རིང་ངའི་འཁོར་ཡུག་ན་ཁྱོད་ཀྱི་སྐད་གསེང་མཐོ་བའི་གསུངས་གདངས་དང་སྨྲ་ལྕེ་དག་མོར་བརྒྱུས་པའི་བོད་སྐད་ཀྱི་དྭངས་མ། སློབ་གྲོགས་ཚོས་གསར་འགྱུར་གལ་ཆེན་སྐོར་གྱི་དྲི་བ་འདྲི་ས། མཚར་གཏམ་དང་དགོད་སྒྲ། འདི་དང་འདི་ལྟ་བུའི་ང་རང་ཆེས་འཕྲོད་པའི་འཇིག་རྟེན་ཞིག་བརླགས་སོང་བ་རེད། དེ་མ་ཟད་སློབ་སྦྱོང་ལ་དོ་སྣང་དང་སྡུག་རུས་ཆེ་ཞིང་ནམ་རྒྱུན་ཁྱེད་ལ་དོག་འདྲི་གང་མང་བྱེད་མཁན་གྱི་སློབ་བུ་ག་ཚོད་ཅིག་གི་སེམས་ཤར་ཡང་ཚ་བསྲེགས་རྒྱུགས་ཀྱིན་མེད་པ་སུས་བཤད་ཐུབ། འདི་ནི་ང་ཚོའི་ལོ་ཟླའི་ཁྲོད་ཀྱི་ཕྱི་མིག་ཞིག་རེད་འདུག ངས་རང་ཉིད་ཀྱི་ཟིན་ཐོ་ལས་ཉུང་ཙམ་ཞིག་ཚུར་བླངས་པ་ཡིན། ༢༠༡༢།༨།༢༢ ལ།
སྐད་ཆ་དེ་གསལ་བོར་གོ་སོང་། གོ་བས་མ་ཚད་སེམས་ལ་ཟུག་སོང་། ཟུག་པས་མ་ཟ་ཚད་སྐད་ཅིག་འཇོག་དགོས་བྱུང་སོང་།
རྡ་ས་འདི་ན་སྐྱོ་བོའི་འཚོ་བ་ཞིག།
རྡ་ས་འདི་ན་སྐྱིད་པོའི་སྣང་བ་ཞིག།
རྡ་ས་འདི་ན་སྒོར་མོ་ཉུང་ཉུང་ཞིག།
རྡ་ས་འདི་ན་དགའ་མ་མང་པོ་ཞིག།
རྡ་ས་ཕ་ས་འདྲ་བོ་འདི་ལ་ནི།
རྡ་སའི་རྒན་མོ་འཕེལ་བའི་སེམས་ནད་དེ།
རྡ་སའི་གསར་བུས་སྐྲ་ལོ་རིང་འཇོག་བྱེད།
རྡ་སའི་གསར་མོས་ཁ་ལ་ཐ་མ་འཛིན།
རྡ་ས་ལྷ་ས་འདྲ་བའི་ཡུལ་འདི་ལ།
རྡ་སའི་སྐུ་ངོ་ཁྲལ་བའི་སེམས་ནད་དེ།
རྡ་སའི་གྲྭ་བས་སྲིད་ལ་ཐེ་གཏོགས་བྱེད།
རྡ་སའི་སློབ་མས་ཐོབ་ཀྱི་གོ་སར་རྔམ།།
རྡ་སའི་མི་ལ་ལས་གྱི་ལམ་གཉིས་ཡོད།
མགོ་སེར་སྦྱིན་བདག་རེག་པའི་ལམ་ཞིག་ཡོད།
མགོ་སེར་སྟུ་མཇེ་རེག་པའི་ལམ་ཞིག་ཡོད།
རྡ་སའི་ལམ་འདི་དཀའ་ལས་སེལ་བའི་ལམ།།
རྡ་ས་འཁྲབ་ས་བཟང་ནོ་བདེན་ན་ཡང་།།
རྡ་ལིས་ཡི་ག་བཅད་ན་མི་སྐྱིད་ཀི།།
རྡ་སའི་རི་ཆུ་ནགས་གསུམ་གཉིད་ལ་ཁད།།
རྡ་སའི་མི་ཕྱུགས་ཉོབ་ན་མི་སྐྱིད་ཀི།།
རྡ་སར་མི་སྣ་སྣ་འཛོམས་བརྒྱ་འཛོམས་རེད།།
རྡ་སར་རེ་སྒུག་ཁྲོད་ནས་མི་སྐྱིད་ཀི།།
རྡབ་རྡབ་སྐད་ཆས་རི་ཁུག་གང་ནས་ཡོད།།
རྡ་ས་མི་སྐད་བསྲེས་མས་མཛོད་དུ་ཡོད།།
འདི་ནི་འཇིག་རྟེན་པའི་འགྲོ་ལུགས་ཤིག་རེད། སྐད་ཆ་དེ་དག་གི་གྲུབ་ཆ་ཡག་པོ་ཞིག་འཁྱོང་མི་འདུག
ད་ཅི་བྱུང་བ་རེད། སློབ་དགེ་ནས་རྒྱང་ཕུད་བཏང་བ་རེད་ཟེར་བ་ཨེ་བདེན། བདེན་ན། དེའི་སྐོར་ནས་ཤེས་མཁན་ཡོད་ན་འབྲི་རྒྱུ། ངའི་གོ་ཐོས་ལ་་་་་ ་་་་་་་་་་་་་་ གང་ལྟར་འཇིགས་ཅན་ཞིག་རེད། མེ་འོད་ཀྱིས་དེང་སང་ཅི་བྱེད་ཀྱི་འདུག
ཁྲོ་གཏུམ་ལགས་ཀྱིས་སེམས་ཀྱི་ན་ཟུག་དང་དུངས་ཀ་མཚོན་པའི་རྩོམ་ཡིག་སྙན་མོ་ཞིག་བྲིས་འདུག