བདེ་པོ་འཚོས།
དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཕྱིའི་དངོས་པོ་ཉིན་རེ་ནས་ཉིན་རེར་འགྱུར་ལྡོག་དང་གོང་འཕེལ་འགྲོ་བཞིན་པ་མཐོང་དུས་ཡིད་མགུ་བ་ཞིག་རེད་ལ། ཤེས་བྱ་ཡི་སྟེགས་བུ་འདྲ་མཉམ་དུ་གཏད་ཡོད་པ་ནི་དེ་བས་ཀྱང་དགའ་འོས་པ་ཞིག་རེད་མོད། འོན་ཀྱང་ད་དུང་རྒྱལ་ཁབ་ཕྱི་ནང་གང་དུའང་དེའི་དབར་ན་སྟོང་ཆ་ཆེན་པོ་ཞིག་ལྷག་འདུག་སྙམ། དེ་ནི་གནའ་ནས་ད་བར་མྱངས་པའི་བུད་མེད་ཀྱི་ལས་དབང་དེ་རེད། དེ་ཡང་སྤྱི་ཚོགས་ཀྱི་ཁོར་ཡུག་ནས་ཕམ་ཁ་ཉོ་བ་གཅིག་པུ་མ་ཡིན་པར་དེ་ནི་དཔལ་འབྱོར་འགྲན་རྩོད་ཁྲོད་ནས་ཕམ་ཁ་ཉོས་པ་དེ་ཡིན།
ན་ནིང་བོད་ནང་དུ་བྱུང་བའི་གནས་ཚུལ་ཞིག་སྟེ། བོད་ཀྱི་བུ་མོ་ཆུང་ཆུང་ཞིག་རང་ཡུལ་དུ་ལོག་པའི་ལམ་ནས་གྲྭ་ཆས་གྱོན་པའི་རྒྱ་མི་ཞིག་ཁོ་མོ་བསྐྱོད་སའི་རླངས་འཁོར་ནང་འཛུལ་ནས་ཅུང་མ་འགོར་བར་བུ་མོ་དེ་སར་བབས་པ་དང་རྒྱ་མི་དེ་ཡང་དེ་མ་ཐག་བབས་ཡོད། རླངས་འཁོར་ཁ་ལོ་བས་འགྲུལ་མི་ཚང་མ་བསྐྱེལ་ཚར་བ་ནས་ཕྱིར་ཡོང་དུས། སྐྱ་ཆས་སྤྲས་ཤིང་རྒྱབ་ཁུག་ཆེན་པོ་འཁྱེར་མཁན་ཞིག་གིས་ལམ་ནས་བཀག་སྐབས། ཁ་ལོ་བས་ཁོའི་སྐེ་ལ་ད་ནངས་སྔ་དྲོ་བུ་མོ་དེས་བཏགས་པའི་གཡུ་དེ་ཡིན་པ་ཚོར་ནས། སེམས་ལ་རང་བཞིན་གྱིས་དོགས་སློང་བྱུང་ནས་ས་ཁུག་ཅིག་ནས་གཅིན་པ་གཏོང་ཁུལ་གྱིས་ཉེན་རྟོག་པར་ཁ་པར་བཏང་སྟེ་ཅུང་ཙམ་ཕྱིན་མཚམས་སུ། ཉེན་རྟོག་པའི་རླངས་འཁོར་བཅུ་གྲངས་ཤིག་བསླེབསཏེེ། རྒྱབ་ཁུག་ཁུར་བའི་མི་དེའི་རྒྱབ་ཁུག་ནང་བརྟགས་པས་ཚེ། ད་གཟོད་ད་ནངས་ཀྱི་བུ་མོ་བསད་དེ་རྐང་ལག་དང་བཅས་པ་ནང་ཁྲོལ་མ་ལག་ཚང་མ་བསྡུས་ཡོད་པ་རྟོགས། ཞིབ་ཏུ་འདྲི་གཅོད་བྱས་པའི་མཐར། མི་དེས་ལས་ཀ་དེ་འདྲ་བྱས་ནས་ལོ་ཉི་ཤུ་ཙམ་ཕྱིན་པ་མ་ཟད་ཁོ་ཚོར་ཚོགས་པ་ཆེན་པོ་ཞིག་ཡོད་པ་དང་དེའི་མགོ་གཙོ་ཡང་རྒྱ་ནག་གི་སྨན་པ་སྐད་གྲགས་ཅན་ཞིག་ཡིན་སྐད་འདུག
མིའི་ནང་ཁྲོལ་རེ་རེས་རྒྱ་སྒོར་ཐེར་འབུམ་འགའ་རེ་ཁུག་པས་མི་དེས་ད་བར་མི་ཉེར་དགུ་ལྷག་བསད་ཡོད་ལ། དེ་ཡང་ཕལ་ཆེ་བ་བུ་མོ་ལོ་ཆུང་རྐྱང་ཡིན་འདུག རྒྱལ་ཁབ་ཡར་ཐོན་ཨ་རིར་ཡང་ཐབས་སྡུག་གི་གནས་ཚུལ་འདི་ལྟ་བུ་མང་པོ་འབྱུང་བཞིན་ཡོད། དེ་ཡང་བུ་མོ་ལོ་ན་བཅུ་གཅིག་བཅུ་གཉིས་ཟིན་ཙམ་ཚོ་གློ་བུར་དུ་བརླགས་པའི་གནས་ཚུལ་འབྱུང་བཞིན་ཡོད། བུ་མོ་རེ་རེས་ཨ་སྒོར་འབུམ་རེ་ཁུག་ནས། མི་ངན་སྐོར་ཞིག་གིས་མི་འཚོང་རྒྱག་གིན་ཡོད།
དེ་རིང་རྒྱ་ནག་ནས་ཀྱང་ཡིད་སྐྱོ་བའི་གནས་ཚུལ་ཞིག་སྟེ། བུ་མོ་ཆུང་ཆུང་ཞིག་རང་གི་གྲོགས་མོའི་སྐྱེས་སྐར་སྤྲོ་ཚོགས་ལ་ཞུགས་སྐབས། ཆང་རག་བཏུངས་ནས་ར་བཟི་སྟེ་མི་གཞན་གྱི་བསླུ་བྲིད་འོག་ཏུ་ཚུད་ནས། སྐྱེས་པ་ཞིག་གི་སྙན་པའི་སྐད་ཆར་མགོ་འཁོར་ནས་ཁོ་དང་མཉམ་དུ་ཉེ་འགྲམ་གྱི་མགྲོན་ཁང་ཞིག་ནང་ཕྱིན་སྟེ་ཆང་རག་བཏུངས་ནས་བསྡད་ཡོད་ཀྱང་ཁོ་མོ་དྲན་པ་འཐོར་བས་ཅི་ཡང་མ་ཚོར། མཐར་དྲན་པ་སོས་དུས། ད་གཞི་ནས་རང་ཉིད་འཁྱག་ཁང་ཞིག་ཏུ་ལུས་ཤིང་ལུས་ཡོངས་རྫོགས་ཁྲག་གིས་བརྫུས་པ་རྟོགས།
སྨན་པར་ཁ་པར་བཏང་སྟེ་ཁོ་མོར་སྐྱོབས་རོགས་ཞུས་པས། སྨན་པ་ཚོས་ཞིབ་ཏུ་བརྟག་དཔྱད་བྱས་དུས། ཁོ་མོའི་ལྟག་རྒྱབ་ཀྱི་སྒལ་ཚིགས་མཚམས་སུ་རྨ་ཁ་ཁྲུ་གང་ཙམ་བཟོས་པ་མ་ཟད། མཁལ་མ་གཉིས་བརྐུས་ཟིན་པ་རྟོགས་ཡོད། དེ་ལྟར་ཡིན་ན་ཡང་ཁོ་མོས་ད་དུང་ན་ཟུག་མ་ཚོར། རྒྱུ་མཚན་ནི་སྔར་བཏུངས་པའི་ཆང་གི་ནང་དུ་བཟི་སྨན་སྣ་ཚོགས་བསྡེབས་ཡོད་པ་དང་འཁྱག་ཁང་དེས་ཀྱང་ན་ཟུག་མི་ཡོང་བར་ཕན་པས། དུས་ཡུན་ངེས་ཅན་ཞིག་ལ་ཚོད་ཚོད་ལ་རང་ཉིད་ཀྱི་ནང་ཁྲོལ་བརླགས་ཡོད་མེད་ཀྱང་མ་ཚོར། དེར་བརྟེན་མཁལ་མ་རེ་རེས་རྒྱ་སྒོར་ཁྲི་སུམ་ཅུ་ལྷག་རེ་ཁུག་པས་ཁོ་མོ་ལྟ་བུ་གཞོན་ནུ་མ་དུ་མ་ཞིག་གི་མཁལ་མ་རྐུན་ལ་ཤོར་བས་མཐར་ཚེ་སྲོག་ཀྱང་ཤོར་བཞིན་ཡོད་འདུག
ཉེ་ཆར་རྒྱ་གར་གྱི་བྷིང་ལོ་ཁྲོང་ཁྱེར་ནས་ཀྱང་བུ་མོ་ལོ་ན་བཞི་ཅན་ཞིག་རྐུན་ལ་ཤོར་ནས། བདག་པོས་ཤེས་དུས་རྐུན་མས་དངུལ་འབུམ་འགའ་མེད་ན་ཕྱིར་མི་སྤྲོད་ཅེས་ཉེན་བརྡ་བཏང་ན་ཡང་ཁོ་མོའི་ཕ་མ་གཉིས་ལ་དངུལ་མེད་སྟབས་མཐར་བུ་མོ་དེ་ཁོང་གཉིས་ཀྱི་མིག་གི་མཐོང་སར་བསད་ཡོད་སྐད། མཐོང་ན་འཛམ་གླིང་འདི་ནི་བུད་མེད་ཚོའི་དམྱལ་ཁམས་ལྟ་བུ་ཞིག་ཏུ་གྱུར་དང་འགྱུར་བཞིན་འདུག་ལ། ཚོང་པ་ཚོའི་ཆེས་རིན་ཐང་ཆེ་ཞིང་མེད་ཐབས་མེད་པའི་ཚོང་རྫས་ཤིག་ཏུ་གྱུར་འདུག
ངོ་མ་འཛམ་གླིང་ལ་བློ་མིག་ལྡན་པའི་ཁྲིམས་སམ་འཇིག་རྟེན་ལ་དཀར་ནག་གི་ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་ན་ད་མངོན་རན་རེད་འདུག་སྙམ།
2015/1/7
་་་་་་་་་་་་་ ཉེན་རྟོག་པའི་རླངས་འཁོར་བཅུ་གྲངས་ཤིག་བསླེབསཏེེ། རྒྱབ་ཁུག་ཁུར་བའི་མི་དེའི་རྒྱབ་ཁུག་ནང་བརྟགས་པས་ཚེ། ད་གཟོད་ད་ནངས་ཀྱི་བུ་མོ་བསད་དེ་རྐང་ལག་དང་བཅས་པ་ནང་ཁྲོལ་མ་ལག་ཚང་མ་བསྡུས་ཡོད་པ་རྟོགས། ཞིབ་ཏུ་འདྲི་གཅོད་བྱས་པའི་མཐར། མི་དེས་ལས་ཀ་དེ་འདྲ་བྱས་ནས་ལོ་ཉི་ཤུ་ཙམ་ཕྱིན་པ་མ་ཟད་ཁོ་ཚོར་ཚོགས་པ་ཆེན་པོ་ཞིག་ཡོད་པ་དང་དེའི་མགོ་གཙོ་ཡང་རྒྱ་ནག་གི་སྨན་པ་སྐད་གྲགས་ཅན་ཞིག་ཡིན་སྐད་འདུག ་་་་་་་་་་་་
་་་་་་་་་་་་ མཁལ་མ་གཉིས་བརྐུས་ཟིན་པ་རྟོགས་ཡོད། ་་་་་་་་་་་་་་
་་་་་་་་་་་་ཁོ་མོའི་ཕ་མ་གཉིས་ལ་དངུལ་མེད་སྟབས་མཐར་བུ་མོ་དེ་ཁོང་གཉིས་ཀྱི་མིག་གི་མཐོང་སར་བསད་ཡོད་སྐད། ་་་་་་་་་་་་
ཡག་པོ་བྲིས་འདུག རྒྱལ་གཞུང་ངན་རུལ་དུ་གྱུར་ན་སྤྱི་ཚོགས་ནང་འཆལ་སྤྱོད་མང་པོ་བྱུང་བ་ཆོས་ཉིད་རེད།