_རྟུལ་ཕོད་ཀྱིས།
སྔོན་གླེང་།
འགྲོ་བ་མི་ལ་ཆོས་ལུགས་བྱུང་བ་ནས་བཟུང་སྟེ་དད་པ་ལོག་སྤྱོད་བྱེད་མཁན་ནི་གཟུགས་དང་གྲིབ་མ་བཞིན་དུ་འགྲོགས་ནས་བྱུང་ཡོད་པ་ཞིག་ཡིན་པས། དེ་ཙམ་ལ་ཧང་སང་དགོས་པ་དང་ཉེས་ཅན་དུ་བལྟ་དགོས་པ་ཤིག་ཀྱང་མིན་མོད། འོན་ཀྱང་། ཤེས་རིག་དར། དམངས་གཙོ་འཕེལ། རང་དབང་རྒྱས་བཞིན་པའི་སྐབས་འདི་ལྟ་བུ་ཞིག་ལ། བོད་ཀྱི་ཆབ་སྲིད་པ་ཚོས། དམངས་ཀྱི་དྭངས་གཙང་གི་དད་པ་དག དད་པའི་ས་ནས་མི་འཇོག་པར། རང་གི་རྐུབ་སྟེགས་སྲུང་བྱེད་དང་གཞན་གྱི་མགོ་བོ་རྡུང་བྱེད་ཀྱི་ཐོ་བ་ཞིག་གི་ས་ནས་གནམ་ལ་ཕྱར་ཏེ་རང་སྲུང་གཞན་རྡུང་གི་ལས་སྒྲུབ་ཀྱིན་པ་ནི་ཆེས་འཇིགས་སུ་རུང་བ་དང་གནམ་ལ་མི་ཤོང་བའི་ནག་ཉེས་ཆེན་པོ་ཞིག་གསོག་བཞིན་ཡོད་པས། སྐབས་འདི་ལྟ་བུ་ཞིག་ལ་དད་པ་ལོག་སྤྱོད་ཟེར་བའི་མིང་ཚིག་ཞིག་བཙན་གྱིས་བསྒྲིགས་པ་མ་ཡིན་པར་ཐོལ་གྱིས་བྱུང་བ་མ་ཟད། སྲིད་དོན་གྱི་གར་སྟེགས་ཐོག་ནས་དེ་ལ་རྒོལ་མཁན་གྱི་སྐྱེས་བུ་ཤ་ལ་རུས། རུས་ལ་རྐང་ཡོད་མཁན་ཞིག་བྱུང་བ་ཐུབ་པ་ནི་རིན་ཐང་ཆེན་པོ་ལྡན་ཡོད། རྒྱུ་མཚན། ཅིག་ཅེ་ན། བོད་པས་ཀྱང་། འགྲོ་བ་མི་སྤྱི་འགྲོས་ལྟར་ནག་ཉེས་འདི་དག་ལ་རྒོལ་བའི་སྲིད་དོན་གསར་བརྗེ་ཞིག་བསླང་མི་སྲིད་པ་མིན། དྲང་མོ་བཤད་ན་བསླང་དགོས་ངེས་ཤིག་ཀྱང་རེད་འདུག མ་མཐའ་ཡང་། དམངས་གཙོ་དང་རང་དབང་སོགས་ནི་བླ་སྤྲུལ་ཞིག་གིས་དབང་གནང་བ་ནང་བཞིན་གོང་ནས་བརྩལ་ཡོང་རྒྱུ་ཞིག་མིན་པར་འོག་ནས་རྩད་དེ་ལེན་དགོས་རྒྱུ་ཞིག་ཡིན་པས་ངེས་ཤེས་རྙེད་དུ་འཇུག་ཐུབ།
[མ་གཞི་དོན་དམ་པའི་དམངས་གཙོ་དང་རང་དབང་སོགས་ནི་སྐྱེས་བུ་སྒེར་རེ་རེའི་ནང་བསམ་བློའི་ངོར་སྨིན་དགོས་པའི་ཤེས་རིག་ཅིག་ཡིན་པ་ལས། ཕྱིའི་སྒྲིག་གཞི་དང་རྣམ་པ་ཙམ་ནི་ད་དུང་བོད་ལ་མཚོན་ན་གལ་ཆེན་དེ་ཙམ་ཆགས་མི་འདུག རྒྱུ་མཚན། རྡ་རམ་ས་ལས་དམངས་གཙོ་དང་རང་དབང་སོགས་ནི་པེ་ཅན་ལ་ཕྱིར་ཁ་གཏོང་བྱེད་ཙམ་ལས་རང་གིས་རང་ལ་ལག་བསྟར་བྱེད་ཀྱིན་མེད་པ་འདིས་ཤེས་ཏེ། རང་དང་ལྟ་བ་ལངས་ཕྱོགས་མི་མཐུན་པའི་ཚོགས་སྒེར་ཡོངས་རྫོགས་གཙང་ཕྱགས་བྱེད་ཀྱིན་ཡོད་པའི་སྣང་ཚུལ་མ་རུང་བ་མུན་པ་འཐུམས་པ་ལྟ་བུ་ཞིག་ཡོང་གིན་ཡོད་པ་འདིས་གསལ་བཤད་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་པས་སོ། །]
འགྲེལ།
འདིར་དད་པ་ལོག་སྤྱོད་བྱེད་སྟངས་ངོས་གཉིས་ན་བལྟས་ཡོད།
དང་པོ།_དད་པ་རང་དོན་སྒྲུབ་ཆེད།
རང་ཉིད་སུ་ཞིག་ལ་དད་པ་ཆེ་མདོག་དང་དམ་ཚིག་གཙང་མདོག་གིས་ཁོང་གི་བཀའ་བཞིན་སྒྲུབ་རྒྱུ་ཡིན་ཚུལ་དང་། ཁོ་བོ་ཅག་ནི་ཤ་རིའི་བུ་དང་མོའུ་གལ་གྱི་བུ་ལྟར་དེའི་འཕྲིན་ལས་བྱེད་པོ་ལྟ་བུ་ཞིག་ཏུ་བསྐུར་ནས་རང་ལ་སྲིད་ཀྱི་རྐུབ་སྟེགས་འཐོབ་ཆེད་ཆོས་ཀྱི་དད་པ་དང་དམ་ཚིག་བཤད་དེ་དམངས་ཀྱི་དད་པ་སྲིད་ཀྱི་རྐུབ་སྟེགས་སླད་བེད་སྤྱོད་ལོག་པར་གཏོང་གིན་ཡོད། དོན་གྱིས་འདི་ལྟར་དད་པ་བཤད་ནས་ཆོས་འཆད་ཀྱིན་ཡོད་པ་ལས། རང་གི་ལྟ་བ་དང་ལས་འཆར་བཤད་ནས་སྲིད་སྒྲུབ་ཀྱིན་མེད། འཇིག་རྟེན་མི་ཆོས་ཀྱི་ངོས་ནས་བཤད་ན་རང་གི་ལྟ་བ་དང་ལས་འཆར་བཤད་ནས་སྲིད་ཀྱི་རྐུབ་སྟེགས་རྩོད་པ་ནི་འོས་འཚམ་ཞིག་ཡིན་ཡང་། ད་དུང་འདི་ན་དད་པ་ལོག་སྤྱོད་ཀྱི་མུན་པ་འཁྲིགས་པ་ནི་ཆེས་བློ་ཕམ་ཞིག་ཅི་ལ་མིན། ནུབ་ཕྱོགས་ཀྱི་དཔལ་ཡོན་མྱོང་མཁན་ཡིན་ཟེར་མཁན་དག་ལ་འདི་འདྲ་བའི་ལྟ་བ་སྲིད་ཇུས་ལས་མེད་ན་ནུབ་ཕྱོགས་ཀྱི་དཔལ་ཡོན་མྱོང་དང་མ་མྱོང་ལ་ཁྱད་པར་དུམ་འབྲུ་ཙམ་ཡང་མི་འདུག
སྡོམ།_རང་ལ་དད་པ་ཡོད་ཚུལ་དང་དམ་ཚིག་གཙང་ཚུལ་བཤད།+རྐུབ་སྟེགས་སྒྲུབ།=དད་པ་ལོག་སྤྱོད།
གཉིས་པ།_དད་པ་གཞན་མགོ་རྡུང་བྱེད།
དད་པ་ནི་མིའི་སེམས་ཀྱི་དགོས་མཁོ་སྐོང་བྱེད་ཀྱི་ཟས་ཡིན་པ་ལས་གཞན་མགོ་རྡུང་བྱེད་ལྕགས་ཀྱི་ཐོ་ལུམ་ཞིག་ཏུ་ནམ་ཡང་འགྱུར་མི་རིགས། ཡིན་ནའང་། བོད་ཀྱི་ཆབ་སྲིད་པ་དག་གིས་དད་པ་དང་དམ་ཚིག་བཤད་ནས་རང་དང་ལྟ་ཚུལ་མི་མཐུན་པ་དང་བསམ་ཚུལ་མི་གཅིག་པ་དག དད་པ་མེད་པ་དང་དམ་ཚིག་མི་གཙང་བར་བསྒྱུར་ནས་དམངས་ཡོངས་ཀྱི་ངོར་ནག་པོ་ནག་རྐྱང་བཟོ་ཐབས་བྱེད་ཀྱིན་ཡོད་པ་ནི་ཆེས་མུན་ནག་ཅིག་ཅི་ལ་མིན། ཡང་ཅིག་བཤད་ན། དད་པ་ནི་སྐྱེས་བུ་སྒེར་གྱི་འདོད་མོས་ཤིག་ཡིན་པ་ལས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་མིན་པས་སྤྱི་དམངས་ཡོངས་ཀྱི་རྩི་བཀུར་བྱ་དགོས་པའི་གནས་ལུགས་ཤིག་གཞར་ཡང་མེད། ཡིན་ནའང་། རྡ་སར། རང་གི་འདོད་མོས་དང་མི་མཐུན་པའི་སྐྱེས་བུ་དག་ལ། མཚན་སྨོད། དོལ་ཚོགས། མྱུལ་མ་སོགས་ཀྱི་མིང་བྱང་བཀལ་ནས་དམར་གསོད་གཏོང་གིན་ཡོད་པ་ནི་མཐར་དེད་ན་དད་པ་ལོག་སྤྱོད་བྱེད་སྟངས་ཤིག་ལས་གཞན་གང་རེད་མི་འདུག རྒྱུ་མཚན། སྐྱེས་བུ་དེ་དག་ལ་མིང་བྱང་འདི་དག་དད་ཞེན་ཆེ་བའི་དམངས་ཀྱི་ངོར་འཇོག་ཐུབ་སོང་ན་དད་པའི་སྟོབས་ཀྱིས་གནས་ལུགས་མི་མཐོང་བ་ནི་ཆོས་ཉིད་ཡིན་པས། སྐྱེས་བུ་དེ་དག་གིས་གནས་ལུགས་དང་རྒྱུ་མཚན་ཅི་ཞིག་བཤད་ཀྱང་། དད་པས་བཀག་ནས་ཨ་མཆོག་ཏུ་འགྲོ་མི་སྲིད་པ་ཞིག་ཡིན་པས། དེ་དུས་སྐྱེས་བུ་དེ་དག་ལ་མིང་བྱང་འདི་དག་བཀལ་བའི་དགོས་པ་ཡོངས་སུ་འགྲུབ་སོང་བ་ཅི་ལ་མིན། རྒྱུ་མཚན། ཁོ་ཚོ་དམངས་ཀྱི་ངོར་ནག་པོ་བཟོ་ཐུབ་སོང་བས་སོ།
ཡིན་ནའང་། དད་པ་ཆུང་དུ་འགྲོ་བ་དང་བསྟུན་ནས་གནས་ལུགས་མང་ཙམ་ཤེས་ཀྱིན་ཡོད་པས། ནམ་གཞར་དུ་ནག་བསུབས་མི་ཐུབ་པ་ཤེས་པར་གྱིས། མཚམས་འདི་ནས་ངས་གནས་ལུགས་ཤིག་ཤེས་པ་ནི་ཁོ་བོ་ཅག་གིས་དད་པའི་ཆེད་དུ་ཡོད་དགུ་རྩལ་སྤྲུག་བྱེད་དོན་ནི་རྐུབ་མི་རྡོལ་བའི་ཆེད་དུ་རེད་འདུག་པ་དེ་རེད།
སྡོམ།_གཞན་ལ་དད་པ་མེད་ཚུལ་དང་དམ་ཚིག་མི་གཙང་ཚུལ་བསྒྲགས།+ནག་པོ་བཟོས།=དད་པ་ལོག་སྤྱོད།
གསལ་བཤད།
ངས་རྡ་སའི་སྣང་ཚུལ་དངོས་ལ་བལྟས་ནས་དད་པ་ལོག་སྤྱོད་བྱེད་སྟངས་ངོས་གཉིས་ཁོ་ན་འགྲེལ་བཤད་བྱས་པ་ཙམ་ལས། འདི་ལས་གཏིང་ཟབ་པ་དང་རྒྱ་ཆེ་བའི་རྒྱབ་ལྗོངས་ཡོད་ངེས་པས། གང་ཉིད་ཀྱིས་བཤད་པའི་དད་པ་ལོག་སྤྱོད་འདི་ཁོ་ན་ཉིད་དུ་ལྟ་མི་རིགས།
8/10/2015
དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བྲིས་འདུག་པའི་ངས་རྟུལ་ཕོད་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན་ནོ།།
རྟུལ་ཕོད་ལགས་ གནས་ལུགས་མང་ཆེ་བ་བདེན་པར་མཐོང་ ཡིན་ནའི་་་༼་་དམར་གསོད་གཏོང་གིན་་༽་་་ཞེས་པ་དེ་དྲང་པོ་མ་རེད་། དེ་ལ་འབྲེལ་བཤད་དང་དཔང་པོ་གང་ཡོད།?????
རྟུལ་ཕོད་ལགས། དངོས་དོན་གྱི་རྩོམ་ཐུང་ཞིག་སྤེལ་འདུག དགའ་བསུ་ཞུ། དེང་སྐབས་བཙན་བྱོལ་བའི་ནང་དུ་རྨོངས་དད་ལས་བརྒལ་བའི་གནས་ལུགས་ཤིག་ཡོད་མི་སྲིད་པ་ལྟ་བུ་རེད། དངོས་གནས་དཀའ་མོ་རེད།
རྩོམ་ཡག་པོ་བྲིས་འདུག ད་གཞི་ནས་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལགས་ཀྱི་གཞུང་འཛིན་སྲིད་ཇུས་འགྲེལ་རྒྱག་འགོ་ཚུགས་སོང་། ཧ་ཅང་ཡག་པོ་རེད།
ལོ་མང་རིང་ང་ཚོའི་སྤྱི་ཚོགས་དང་མི་སྡེ་རུ་དད་པ་ལོག་སྤྱོད་པས་གནམ་སར་མི་ཤོང་བའི་ནག་ཉེས་ཤིག་མི་རིགས་ལ་བསགས་བཞིན་ད་དུང་རྒྱལ་གཅེས་པ་དང་ལ་བརྒྱ་པའི་མིང་བྱང་འོག་འབངས་མི་རྣམས་བསམ་པའི་དཔལ་ཡོན་ལ་ཤུགས་རྐྱེན་ངེས་ཅན་རེ་ཐེབས་ཡོད། འོན་ཀྱང་ཆེས་དགའ་འོས་པ་ཞིག་ལ་དེང་གི་འཆར་ང་ཚོའི་ན་གཞོན་དག་སེམས་ཁམས་ཀྱི་དཔལ་ཡོན་མདུན་ནས་མདུན་དུ་སྤྱོད་བཞིན་པ་ཅིས་ཀྱང་དགའ་འོས་ཤིག་རེད། དཔེ་ན། ཨ་རི་བ་མི་རིགས་ནག་པོའི་ཐོབ་བརྩོད་པས་ཁོང་གིས་ངས་མི་རིགས་ནག་པོ་འདི་བཞིན་མི་རིགས་དཀར་པོ་གཉམ་དུ་འདྲ་གཉམ་ཆགས་པའི་རྨི་ལམ་ཞིག་གཏང་གི་ཡོད་གསུངས་པ་བཞིན་ད་ཆ་དངོས་སུ་རྨི་ལམ་དངོན་འགྱུར་ཆགས་ཟིན་པ་ང་ཚོས་མཐོང་གལ་ཆེ། ཁོང་ནི་ང་ཚོ་ལ་སློབ་སྟོན་པ་དང་དགེ་དགེན་ཡག་ཤུགས་ཤིག་རེད་ཟེར་ན་མཆོག་གི་རེད། དེས་ན་ང་ཚོའི་དད་པ་ལོག་སྤྱོད་ཤོག་ཁག་འདིས་ང་ཚོའི་མི་རིགས་དང་མི་རིགས་ཀྱི་བསམ་པའི་དཔལ་ཡོན་ལ་ཆེས་ཡ་ང་བའི་འཁོར་ཡུག་ཞིག་བསྐྲུན་ཡོད། འདི་དག་གི་བྱེད་ཤུགས་ལས་མི་སྡེ་སྤྱི་ཚོགས་སུ་འཆམ་མཐུན་དང་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་རྩོམ་ཡིག་རང་དབང་དད་མོས་རང་དབང་སོགས་རང་དབང་ཡོད་ཚོད་དད་པ་ལོག་སྤྱོད་ཀྱིས་དམངས་ལ་ལོག་འགྲེལ་གྱིས་ཚད་བཀག་རང་བཞིན་བཟོས་ཡོད་པ་ཆེས་གསལ་བོ་རེད། ད་སྐབས་ན་གཞོན་པ་རྣམས་ཀྱིས་དད་པ་ལོག་སྤྱོད་པའི་འོག་ཏུ་མི་འགྲོ་བ་མ་ཟད་བསམ་བློའི་རང་དབང་ལ་ལོངས་སྤྱོད་བཞིན་པ་ནི་ང་ཚོའི་མིགས་ཀྱི་བསམ་པའི་དཔལ་ཡར་རྒྱས་འགྲོ་བ་ངོས་འཛིན་གསལ་བྱེད་ཆོག་པ་རེད། དད་པ་ལོག་སྤྱོད་པའི་འོག་ཏུ་འཛུལ་ན་ཁྱེད་རང་མི་ཚད་ལྡན་རེད་འདུག་གམ། ལེགས་པར་དཔྱོད། ལེགས་པར་བརྟག ལེགས་པར་སོམ་དང་།
ནོར་བཅོས/ མི་རིགས་ཀྱི་བསམ་པའི་དཔལ་ཡོན་ཡར་རྒྱས་འགྲོ་བར་ངོས་འཛིན་གསལ་པོ་བྱེད་ཆོག་པ་རེད།
༢༠༡༥ལོའི་ཟླ་བ་གཉིས་པའི་ཚེས་ལྔ་ཉིན་མོར་ཨ་རིའི་རྒྱལ་ཡོངས་ཞོགས་ཇ་གསོལ་འདེབས་ཀྱི་ཚོགས་ཆེན་སྐབས་སུ་ཨོ་བྷ་མས་《ཆོས་ལུགས་ཀྱི་དད་པ་ཡིས་མི་རྣམས་བཟང་ཕྱོགས་སུ་ཁྲིད་ཡོད། འོན་ཀྱང་། ང་ཚོས་མཐོང་ཡ་ལ་དད་པས་ཁ་ཕྱོགས་བསྒྱུར་ནས་མི་རྣམས་ལོག་ལམ་དུ་ཁྲིད་ཅིང་། དད་པ་བེད་སྤྱོད་བཏང་ནས་མི་རྣམས་གཉའ་གནོན་དང་། སྐྱི་གཡའ་བའི་གནས་སུ་ཁྲིད་ཡོད། མཚམས་རེ་དད་པ་མཚོན་ཆ་ནང་བཞིན་བེད་སྤྱོད་གཏོང་བཞིན་ཡོད། འགྲོ་བ་མིའི་ལོ་རྒྱུས་ནང་དུ་དད་པ་བེད་སྤྱོད་བཏང་ནས་ཆོས་ལུགས་གདོན་འདྲེ་ཇི་བཞིན་བཟོས་ཡོད་ལ། དོན་དངོས་དེ་ལྟར་གནང་ཡོད།》་་ཅེས་གསུངས་ཡོད།
ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་བོད་ཀྱི་སྲིད་འཛིན་འོས་མི་ཀླུ་མཁར་བྱམས་གཉིས་ཀྱི་དད་པ་ལོག་སྤྱོད་ཀྱི་གནད་དོན་ཐོག་ཏུ་གཟིགས་ཕྱོགས་ལ་ཁྱད་པར་མེད། ཀླུ་བྱམས་ཀྱིས་བཙན་བྱོལ་སྤྱི་ཚོགས་དང་སྦྱར་ནས་དད་པ་ལོག་སྤྱོད་ཀྱི་སྐོར་གསུངས་ཀྱི་ཡོད། ཨོ་བྷ་མས་འཛམ་གླིང་སྤྱིའི་དད་པ་ལོག་སྤྱོད་པའི་ནག་ཉེས་གསུངས་ཀྱི་ཡོད། ཁོང་གཉིས་ཀྱི་བལྟ་ཚུལ་གཅིག་པ་རེད།
ཀླུ་བྱམས་ཀྱིས་རང་བཙན་ལོག་སྤྱོད་དང་་་་སྲིད་སྐྱོང་གི་སྡིང་ཆ་རྩེད་ཆས་བྱས་པ་ལ་འགྲེལ་བཤད་ཅིག་བསྐྱོན་རོགས་གནང་།
ཕོ་རྒོད་ལགས། ཀླུ་བྱམས་ཀྱིས་རང་བཙན་ལ་ལོངས་སྤྱོད་དང་སྲིད་སྐྱོང་གི་ལྡིང་ཆ་ལ་རྩོད་ལེན་བྱས་ནས་ལྟ་བ་བཞི་གསུང་ཡོད་པའི་དེར་ཞིབ་དཔྱད་ཐོངས་ཅིག་ལགས།
དད་མེད་ཅིག་གིས། དད་ལྡན་རྣམས་ལ། དད་པ་ལོག་སྤྱོད་འགྲེལ་པ་འདི་ནི། ཧ་ཅང་ཧམ་པ་ཆེ་དྲགས་པ་མིན་ནམ་སྙམ་མོ།།
ངས་དད་མེད་བཤད་པ་འདི་ནི། ཀླུ་འབྱམས་ལ་གོ་དགོས་པ་ལས། རྟུལ་ཕོ་ལགས་ལ་མིན་ནོ།།