—ཁ་བས་འོས་སྦྱོར་བྱས། (བོད།)
བོད་མི་སྤྱི་བོ་གནམ་བསྟན་ཞིག་ཡིན་ནས་བཟུང་ཆོས་དང་བླ་མ་ལ་དད་ཟེར་བ་རེད། འོན་ཀྱང་དེ་ལ་དད་སྟངས་དེ་ཕྱོགས་རིས་དང་ཞེན་ཁོག་གི་དབང་དུ་སོང་བ་ཙམ་ལས་དད་པ་ཡང་དག་པ་ཞིག་ཡོད་པ་དཀོན། དཔེར་ན་གྲུབ་མཐའ་གཅིག་ལ་དད་ན་གཞན་དེར་སྐུར་འདེབས་ཀྱི་ལས་བརྩམས་པ་དང་། བླ་མ་གཅིག་ལ་དད་ན་དེ་མ་ཡིན་པ་དག་ལ་མི་དགའ་བར་ལྟ་བ་སོགས་ནས་ཤེས་པ་ཡིན། འོན་ཀྱང་དེ་ཆོས་དད་མང་ཚོགས་རང་ངོས་ཀྱི་ནོར་འཁྲུལ་རེད་དམ་ཡང་ན་གང་རེད་ཟེར་ནས་རྒྱུ་མཚན་འཚོལ་བར་འགྲོ་ན། འདི་ལྟར་སེམས་ཏེ། ནམ་རྒྱུན་ཐ་ན་མང་ཚོགས་ཉམ་ཆུང་བ་དག་ལྟོགས་ཤི་ཐེབས་གྲབས་བྱེད་ཅིང་ཡོད་ནའང་ཆོས་ལས་གང་ཡང་མི་དགོས། ངས་མོ་རྒྱག་ཡོང་། རིམ་གྲོ་འདི་དང་དེ་གྱིས། འབུལ་བ་འདི་དང་དེ་ཁྱེར་ཤོག ངའི་ངག་ལ་མ་ཉན་ན་དམ་ཚིག་ཉམས་འགྲོ་ཚུལ་དང་། དེ་ཉམས་སོང་ན་གསོན་འཇིག་རྟེན་ཁམས་ལ་མི་ལས་ལས། མི་ཟས་ཟོས་ནས་བསྡད་ཀྱང་སྙིང་པོ་མེད་ཚུལ་སོགས། དབང་བསྒྱུར་གྱི་དམིགས་ཡུལ་གཙོ་བོར་བཟུང་ནས་རང་གི་དམིགས་ཡུལ་འགྲུབ་ཐབས་ཁོ་ནའི་ཆེད་དུ་སློབ་གསོ་སྤེལ་འདུག་མཁན་གྱི་དམ་པ་དང་རིན་པོ་ཆེ་ཁོང་རྣམས་ལ་ཐུག་ཡོད།
སྔོན་དུས་བོད་ཀྱི་བླ་ཆེན་དག་གིས་ཆོས་སྲིད་གཉིས་ལ་ཇུས་གཏོགས་གནང་བའི་བག་ཆགས་ད་དུང་ཡང་ཇི་མ་ཇི་བཞིན་གནས་ཡོད་རྐྱེན། གཅིག་བྱས་ན་སྐྱག་ལང་ལ་ཤོར་ཏེ་དེ་ལྟར་མ་གནང་ན་མི་འགྲིགས་པ་ཡང་ཡིན་རྒྱུ་རེད། མདོར་ན་ཆོས་ཀྱི་དམིགས་ཡུལ་ཙམ་ལས་བརྒལ་ཏེ་འཇིག་རྟེན་གྱི་བྱ་བ་ཚང་མར་ཁོང་རྣམ་པས་སྟངས་འཛིན་བྱས་ཏེ་སྲིད་ཀྱི་གོ་བབས་མཐོན་པོར་བཟུང་ཡོད་དུས། ཇི་ལྟར་བཤད་རུང་དེ་ལ་དབང་བསྒྱུར་གྱི་འདུ་ཤེས་མེད་པ་མི་སྲིད། དེས་ན་ང་དང་ངའི་ཆོས་ལ་དད་ན་ཞིང་ཁམས་ལ་སྐྱེ་འགྲོ་ཚུལ་དང་། གཞན་དང་གཞན་གྱི་ཆོས་ལ་དད་ན་དམྱལ་བར་ལྷུང་འགྲོ་ཚུལ་སོགས་ནས་འགོ་བཙུགས་ཏེ་རང་གི་སྲིད་དོན་དུ་ཆོས་བེད་སྤྱད་དེ། དེ་དག་མ་ལབ་ཀ་མེད་དུ་འགྱུར་གྱིན་ཡོད།
རྒྱུ་མཚན་དེ་དག་ལ་བརྟེན་ཏེ་མང་ཚོགས་བྱིངས་ལ་ངའི་བླ་མ་དང་ཁོའི་བླ་མ། ངའི་ཆོས་དང་ཁོའི་ཆོས། མི་འདི་ང་ཚོའི་བླ་མ་ལ་མི་དད་མཁན་ཞིག་ཡིན་པས་ཤི་ནའང་ཤི་ཆུགས། བླ་མ་འདི་ང་ཚོའི་ཆོས་ལུགས་ཀྱི་བླ་མ་མིན་པས་བཀྲོངས་ནའང་བཀྲོངས་ཤོག་སྙམ་པ་སོགས་ཡ་ང་བའི་རིས་གཅོད་ཀྱི་བསམ་བློ་གུ་དོག་པོ་དེ་ཡོང་གིན་ཡོད། བསམ་བློ་འདིའམ་དད་པ་ཕྱོགས་རེ་བ་འདིའི་རླུང་གིས་འུ་ཚང་གི་མི་རིགས་འདི་སྔ་ས་ཞིག་ནས་སྤུར་མྱོང་ཡོད་ལ། ད་དུང་ཡང་ལྷག་མ་མེད་པར་སྤུར་བའི་ཉེ་རྒྱུ་ཆ་ཚང་ཚང་བསྡད་ཡོད།
རླུང་བུ་འདིས་མི་རིགས་ཀྱི་འདུ་ཤེས་ཡོངས་སུ་གཏོར་འགྲོ་ཞིང་། རླུང་བུ་འདིས་ཤེས་ཡོན་ཅན་ལ་བརྩི་མཐོང་གི་བསམ་བློ་ཡོངས་སུ་སྒྲིབ་འགྲོ། རླུང་བུ་འདི་ལྡང་ཡོང་ན་གཅིག་གྱུར་གྱི་ཨ་ལོང་འཐོར་འགྲོ་ཞིང་། རླུང་བུ་འདི་གཡུག་ཡོང་ན་ནང་མི་སྤུན་ཉེ་ཡིན་ཡང་དུར་ལམ་དུ་རྫོང་འགྲོ དེས་ན་དད་པ་ཡང་དག་པ་ཅན་གྱི་མི་ལ་ཆེས་བརྩི་བཀུར་བྱ་ཐུབ་ནའང་དད་པ་ཕྱོགས་རེ་བ་ཅན་གྱི་མི་ལ་ཧ་ཅང་སྐྲག་ཅིང་ཧ་ཅང་འཇིགས།
ངོ་མ་བདེན་འགུ
ང་ཚོའི་གྲཱ་པ་དང་བླ་མ་ཚོ་རང་གི་དགོན་པར་བཞུགས་ནས་ཆོས་ཉམས་ལེན་གནང་ན་གྲཱ་པ་རང་རེད། དེ་མིན་ཨ་རི་དང་ཡོ་རོབ་ལ་ཡོད་པའི་བོད་པའི་གྲཱ་པ་ཚང་མས་ཆོས་ཚོང་བར་ཡོང་བ་ཡིན་པས་ཁོང་ཚོ་ཚོང་པ་ཡིན་པ་དང་ཁོང་ཚོའི་ཆོས་ཚོགས་ནི་ཚོང་ཁང་རང་རེད་ ཡིན་ནའི་ཁོང་ཚོས་ཆོས་བཙོང་བཞིན་དུ་ཚོང་པ་ཡིན་པ་མཁས་མ་ལེན་པར་ཆོས་པ་ཡིན་ཟེར་ དོན་དུ་ཁོང་ཚོ་གྲཱ་ཆས་གོན་ནས་ནང་ཆོས་ཚོང་མཁན་རེད།
ཡག་པོ་ཞེ་དྲག་རེད། བོད་ནང་གི་མི་རྣམས་སད་འདུག དེ་མིན་བཙན་བྱོལ་ནང་རྙོག་དྲ་ཇེ་ཆེ་རེད།
དད་པའི་འོག་ནས་བོད་རིགས་འདི་ཛམ་གླིང་ནང་གཟི་བརྗིད་ཅན་གྱི་མི་རིགས་ཞིག་ཆགས་པ་དང་། དེང་དུས་ཤེས་ཡོན་གྱིས་མ་ལྡང་བའི་རྗེས་ལུས་སུ་གྱུར་པ་རེད།