ཨ་འདུས་པ།
མི་གི་དམྱལ་ཁམས་གཤིན་རྗེ་ཡི་རྒྱལ་ས་ན། །
འཇིགས་པའི་སྒོ་ཆེན་བཅོ་བརྒྱད་ནི་ཕྱེས་སྐད་གདའ། །
གར་འགྲོའི་ངེས་པ་ནི་རང་ལ་ཡང་མ་མཆིས་ན། །
ཕྱི་མའི་ལམ་རྒྱག་དད་པ་འདི་གླེང་རེ་རན། །
གཤོག་པ་ཡོད་ཀྱང་མི་ཤི་སར་འཕུར་རྒྱུ་མེད།
སྒོར་མོ་མང་རུང་འཆི་མེད་གནས་ཉོ་རྒྱུ་མེད། །
སྐྱེ་གཟུགས་མཛེས་པས་འཆི་བདག་དེ་མི་ཁུག་པས། །
ད་ནི་དད་པ་ཞིག་བཤད་ན་འོས་འཚམས་ཡིན། །
མཛེས་པའི་རང་བྱུང་ཁམས་ཧམ་པས་རྨང་ནས་བརྔོགས། །
བསིལ་འཇམ་གཙང་བོ་དག་ཤེས་བཞིན་རྙོག་པར་བྱས། །
དྭངས་གཙང་མཁའ་དབུགས་ཀྱང་ད་ནི་འབག་བཙོག་གྱུར། །
གོ་ལ་གཙང་མ་འདི་ང་ཚོས་མ་བརྫད་དམ། །
མགོ་བོའི་སྐྲ་ལོ་ནི་ཉིན་རེར་ཇེ་དཀར་གྱུར། །
ཐོད་པའི་གཉེར་རིས་ཀྱང་ལོ་རེར་ཇེ་མང་སོང་། །
སེམས་ཀྱི་འགྱུ་བག་ཀྱང་ལུས་ཤུགས་ལྷན་དུ་ཉམས། །
ད་ནི་དད་པ་ཞིག་བཤད་ན་འོས་འཚམས་ཡིན། །
བོད་ལ་ཡོད་པའི་ཁྱད་ནོར་དེ་དད་པ་ཡིན། །
དད་པ་ཡོད་པའི་མི་རིགས་འདི་སྐྱིད་པོ་ཡིན། །
བདེ་སྐྱིད་ལྡན་པའི་ཡུལ་གྲུ་དེ་ཕྱུག་པོ་ཡིན། །
རང་ཉིད་གར་ཡོད་མ་བརྗེད་ཨ་བོད་པ་ཚོ། །
དད་པ་ཡོད་ན་འཛད་མེད་ཀྱི་རྒྱུ་ནོར་དེ་ཡིས་ཉན། །
དད་པ་ཡོད་ན་རྟག་བརྟན་གྱི་མཛའ་གྲོགས་དེ་ཡིས་འགྲིག །
དད་པ་ཡོད་ན་བདེ་སྐྱིད་ཀྱི་གཞིས་ཁྱིམ་དེ་ཡིས་རྙེད། །
དད་པའི་བྲོ་བ་རང་ངོས་ནས་རྙེད་པར་གྱིས། །
དད་པ་ཡོད་ན་ཁྱི་སོ་ལས་རང་བསྲེལ་འཁྲུངས། །
དད་པས་འཇོན་ན་པད་འབྱུང་ཡང་སྒོ་རྩར་འགུགས། །
དད་པས་སྟོབས་ཀྱིས་མ་བསྒོམས་ཀྱང་གྲོལ་བ་མང་། །
དད་པས་བསླུས་པའི་ལོ་རྒྱུས་ཤིག་ཡོད་དམ་ཅི། །
སོར་མོའི་ཕྲེང་བའི་གཏུ་མིག་ཀྱང་དད་པས་བསལ། །
གཅུང་དགའ་བོ་ཡི་འདོད་ཆགས་ཀྱང་དད་པས་བཅད། །
ལྷས་བྱིན་ཁྲོས་པའི་མེ་དཔུང་ཡང་དད་པས་བཅིལ། །
དད་པ་མེད་ན་བྱམས་མགོན་ཡང་ཁྱི་མོར་མཐོང་། །
དད་པ་ཅན་ལ་དངོས་གྲུབ་ཀུན་རང་འཁོར་ཡིན། །
དད་པ་མེད་ན་ཡོན་ཏན་ཀུན་སྐྱོན་དུ་འཆར། །
དད་པ་མེད་ན་ཆོས་གྲལ་དུ་མི་ཚུད་པས། །
མ་དད་པ་དེས་བསླུས་ཚུལ་དེ་ཤེས་པར་གྱིས། །
ཡོད་ན་དེ་ཡིས་ཆོག་པ་དེ་དད་པ་ཡིན། །
མེད་ན་དེ་ཡིས་ཕོང་བ་ཡང་དད་པ་ཡིན། །
མན་ངག་སྙིང་བཅངས་ནུས་པ་ཡི་དད་པ་དེ། །
སྲོག་ལ་བབས་ཀྱང་མ་འདོར་ཨ་ཨ་རོགས་ཚོ། །
ཅེས་པའང་རྗེ་བླ་མ་ས་སྐྱ་པ་ཆེན་པོའི་སྣང་གསུམ་བཀའ་ཁྲིད་ཉན་པའི་ཞོར་འཕྲོས་སུ་ཨ་འདུས་པས་རང་ཉིད་ལ་གསལ་འདེབས་ཙམ་གྱི་དོད་དུ་བྲིས་སོ།།
དད་པས།
་
དད་པ་སྔོན་འགྲོ་མ་ལྟར་གསུངས། །
དད་པ་དངོས་གཞི་ལྷ་ལྟར་བསྲུངས། །
དད་པ་རྗེས་བསྡོ་སྨོན་ལམ་གསུངས། །
དད་པས་དད་ལྡན་དོན་ལྡན་གསུངས། །
་
ཀརྡོས།
དད་པ་གླེང་ཚུལ་སྙན་གི གྱེར་ཡོད།
ངའི་དྲྭ་མིང་གཞན་ལ་གྱེར་འདོན་པ་ཟེར།