འཇམ་གཅེས།
སྙིགས་ལྔའི་འགྲོ་བའི་འདོད་རྔམ་མེ་ལྕེ་ཡིས།།
སྐྱེ་འགྲོའི་བདེ་སྐྱིད་ལྗོན་ཚལ་སྲེག་པའི་དུས།།
གང་ཐུགས་མཁྱེན་བརྩེའི་ཆུ་འཛིན་ཀློང་ཡངས་ནས།།
དམ་ཆོས་བདུད་རྩིའི་ཆར་ཆེན་རབ་ཏུ་ཕབ།།
ས་ཆེན་གོ་ལའི་ཆེ་རྒུད་མ་ལུས་ཀུན།།
རང་རྒྱལ་གཞན་ཕམ་ཕྱོགས་སུ་བརྩོན་པ་ཡིས།།
རེ་དོགས་བདུད་ཀྱི་བཙོན་རར་ཚུད་དུས་སུ།།
ཐབས་མཁས་ལམ་བཟང་གསལ་མཛད་མགོན་ཁྱོད་འདུད།།
གོ་ལའི་རྩེ་མོའི་ཆོས་ལྡན་བོད་འབངས་ལ།།
མི་སྲིན་བདུད་ཀྱིས་ཁ་རླངས་ཕོག་དུས་སུ།།
གཉིས་སྨན་ལམ་བཟང་ལེགས་བཤད་སྒྲ་དབྱངས་ཀྱིས།།
ཚང་དབྱངས་འགྲན་པ་མཛད་ལ་གསོལ་བ་འདེབས།།
ཡངས་པའི་འགྲོ་རྣམས་གཅིག་འགྱུར་འདུ་ཤེས་དང་།།
ཆོས་ལུགས་མཛའ་མཐུན་གསེར་གྱི་ཟམ་ཆེན་བསྐྲུན།།
འགྲོ་ཀུན་སེམས་ཀྱི་དབུལ་བ་སེལ་བའི་ཕྱིར།།
ཆོས་དང་མ་འདྲེས་བཟང་སྤྱོད་སྤེལ་མཛད་འདུད།།
ཐབས་མཁས་ཐུགས་རྗེ་ཉེ་རིང་མི་མངའ་བར།།
བདེན་པའི་རྔ་ཆེན་བརྡུང་པའི་སྒྲ་དབྱངས་དེས།།
ཆེ་རྒུད་མ་ལུས་ཡིད་ཀྱི་གཏན་པ་འཕྲོག །
ཞི་བདེའི་གསེར་གྱི་རྟགས་མ་ཁྱེད་ལ་ཕུལ།།
ཉེ་གཅིག་དུས་ཀྱི་ཡོ་ལངས་སྣ་ཚོགས་ཁྲོད།།
ཕྱི་ནང་རིས་མེད་ཆོས་སྲིད་ཚན་རྩལ་སོགས།།
མཁས་བླུན་ཀུན་གྱིས་ལམ་སྟོན་སྒྲོན་མེ་རུ།།
ཁྱེང་ཉིད་ཕྱོགས་སུ་འཚང་འདིར་ངོ་མཚར་ཆེ།།
བདག་སོགས་ཡངས་པའི་འགྲོ་བ་ཡོད་དོ་ཅོག།
ཇི་སྲིད་རྒྱལ་བ་མ་གྱུར་དེ་སྲིད་དུ།།
ཁྱེད་ཐུབས་བྱམས་དང་སྙིང་རྗེའི་དྲི་བསིལ་འོག།
སྐད་གཅིག་ཙམ་ཡང་འབྲལ་བ་མ་གྱུར་གཅིག།
ཞེས་པ་འདི་ཡང་འཕགས་མཆོག་འཇིག་རྟེན་༸མགོན་པོ་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ཉེ་ལྔ་ཧྲིལ་པོར་འཁོར་བའི་སྐལ་བཟང་དུས་ཀྱི་དགའ་སྟོན་གྱི་ཉིན་མོ་རུ་འདན་ཆོས་འཁོར་གྲྭ་རིགས་འཇམ་གཅེས་སམ་པུར་མིང་ལྷ་རྒོད་ཀྱིས་འཕགས་ཡུལ་རྡ་རང་ས་ལ་ནས་ཡིད་དྭངས་བ་ཆེན་པོའི་སྒོ་ནས་བྲིས་པའོ།། །།
རང་གི་སློབ་མར་གསང་སྔགས་དབང་བཀུར་གནང་། །
གཞན་གྱི་སྟོན་པར་ཆེ་བསྟོད་མཐུན་ཟམ་བཙུགས། །
དད་ལྡན་ཡོངས་ལ་སེམས་ཀྱི་ཞི་བདེ་བསྐྲུནད། །
དད་མེད་ཚོ་ལའང་ལུས་བདེར་ཆགས་སྟངས་གསུངས། །
བཀའ་བསྟན་གཉིས་པོའི་དགོངས་པ་ཁོང་ཆུབ་ནས། །
གཞི་ལ་བློ་རིག་ཚན་རིག་གཏེར་སྟོན་མཛད། །
ལམ་ལ་ལྟ་བ་གྲུབ་མཐའ་ཁ་གསལ་ཐོག །
འབྲས་བུར་ནང་ཆོས་ཟུང་འཇུག་སྙིང་པོ་བསྟནད། །
ཕྱི་རོལ་ཉན་ཐོས་གོས་དམར་རྒྱུན་དུ་བཞེས། །
ནང་དུ་བྱང་སེམས་སྤྱན་ཆབ་ཕྱི་རུ་བསིལ། །
གསང་བར་གསང་སྔགས་དམ་ཚིག་ནང་དུ་སྦས། །
ཕྱི་ནང་གསང་གསུམ་ཉེ་འཚེ་ཀུན་བྲལ་ཤོག །
ཀརྡོ་ལགས་ཀྱིས་མཆན་བཟང་ཚིགས་བཅད་མས།།
ཁ་བ་ཅན་གྱི་མགོན་ལ་རང་བཞིན་བརྗོད།།
ག་ས་གང་དུ་འགྲོ་དོན་མཛད་པོ་ནི།།
ང་ཚོས་མགོན་པོ་མིན་ན་སུ་ཞིག་ཡིན།།
དུས་བབ་ནང་།
http://www.tibettimes.net/news.php?showfooter=1&id=9592