བསམ་གླིང་ཚེ་རིང་ལྷ་མོ།
དེ་རིང་ཕྱི་ཟླ་བཞི་པའི་ཚེས་༢༩ཉིན་ཞོགས་པའི་ཆུ་ཚོད་༧།༣༠ཐོག ས་གནས་གཞོན་ནུ་ལྷན་ཚོགས་དང། ས་གནས་བུད་མེད་ལྷན་ཚོགས་གཉིས་ནས། དཔའ་བོ་ཐུབ་བསྟན་དངོས་གྲུབ་བོད་རྒྱལ་ཁབ་ཆེན་པོའི་དོན་དུ་རང་ལུས་མེར་སྲེག་བཏང་བའི་དྲན་གསོའི་མཛད་གོ་ཞིག་གོོ་སྒྲིག་གནང་སོང། མཛད་སྒོ་དེ་མ་སུ་རི་བཤད་སྒྲུབ་ཆོས་འཕེལ་གླིང་དགོན་པར་ཚུགས་པ་དང། མཛད་སྒོའི་ཐོག་བཞུགས་སྒྲོམ་སྟེང་དུ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་སྐུ་པར་ཆེན་པོ་ཞིག་གི་མདུན་དུ་མཆོད་མེ་ཞིག་ཕུལ་འདུག
ཐོག་མར་མཛད་རིམ་སྒྲོག་སྦྱང་དང་མྱ་ངན་ངག་བཅད། དེ་རྗེས་སྐུ་པར་ལ་མཇལ་དར་དཀར་གཙང་སྒྲོན་གནང་མཛད། མཛད་སྒོར་མཉམ་བཞུགས་གནང་མཁན་མི་མང་འཐུས་མིས་གཙོས་མི་མང་ཉི་ཤུ་ཙམ་དང། བོད་ཁྱིམ་གྱི་ལས་བྱེད་རེ་གཉིས། གཏན་སློབ་ཀྱི་བོད་རིགས་སློབ་སྤྱི་དང།
དགེ་ལས་འགའ་ཤས། གཏན་སློབ་ཀྱི་སློབ་ཕྲུག་རྒན་པ་རྣམས་བཅས་མཉམ་བཞུགས་གནང་ཡོད།
མཛད་སྒོའི་ཐོག་གཏན་སློབ་ཀྱི་བོད་རིགས་སློབ་སྤྱི་དང་། བུད་མེད་ཚོགས་གཙོ། ས་གནས་གཞོན་ནུའི་ཚོགས་གཙོ་སོགས་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་དང།
དབུས་གཞོན་ལྷན་གྱི་དཔའ་བོ་ཐུབ་དངོས་གྲུབ་ཀྱི་དྲན་གསོའི་གསུང་བཤད་བཅས་སྒྲོག་སྦྱང་གནང།
ལྷག་པར་དུ་དེ་རིང་དུས་དྲན་སྟེང་མི་ལོ་བཅུ་གསུམ་སྔོན། དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་དང་ལྷན་དུ་ཟས་བཅད་ངོ་རྒོལ་ནང་དུ་མཉམ་བཞུགས་གནང་མཁན་དགུང་ལོ་༨༧ལ་ཕེབས་པའི་སྤོ་བོ་ཀུན་བཟང་ལགས་སུ་མཛད་གཙོ་རྣམས་པས་ལེགས་གསོའི་མཇལ་དར་སྒྲོན།
དེ་རྗེས་སྤོ་བོ་ཀུན་བཟང་ལགས་ཀྱིས་གསུང་དོན།
མི་ཁ་ཤས་ཀྱི་སེམས་ནང་འཚོ་བ་ནི་དགུན་ཚོང་དང་དབྱར་ཚོང་འདྲ་བརྒྱབ་ནས་འགྲིག་འགྲོ་བར་བསམ་ནས་བོད་དོན་ཐོག་ཐུགས་འཁུར་ཞེ་དྲགས་མ་གནང་བ་ཧ་ཅང་སྐྱོ་བོ་རེད།
ཁ་སྔོན་ཟས་བཅད་ངོ་རྒོལ་ལ་མི་ལྔ་ལས་མཉམ་བཞུགས་མ་གནང་བ་སེམས་ཕམ་པོ་བྱུང་གསུང། ༼ཉེ་འཆར་རང་ཆུ་ཚོད་༢༤ཟས་བཅད་ངོ་རྒོལ་ཞིག་གནང་བ་དེར་ཁོང་མཉམ་བཞུགས་གནང་འདུག༽
དེ་རྗེས་ཁོང་གིས་འཚོར་བ་ཟབ་མོའི་ཐོག་ནས། བོད་རང་བཙན་ཡིན། བོད་རང་བཙན་ཡིན།
བོད་རང་བཙན་ཡིན། བོད་རྒྱལ་ལོ་ཞེས་རྒས་ཤིང་འཁོགས་པའི་བཞིན་མདངས་དང། སྐད་མདངས་ཤིག་གི་ཐོག་ནས་སྐད་སེངས་མཐོན་པོས་གསུང་གནང་སོང་བས། འདིར་ཡོད་མཛད་
སྒོར་བཞུགས་མཁན་སྐྱེ་བོ་རྒན་དར་གཞོན་གསུམ་རྣམས་ཀྱིས་ཁོང་གི་གསུང་ལ་རམ་འདེགས་དང་།
ཡིད་ལ་སྨྲ་མི་ཤེས་པའི་འཚོར་བ་ཟབ་མོ་ཞིག་སྤྲད་སོང་བར་སྐྱེ་བོ་ཀུན་མིག་ནས་མཆི་མ་ལྷུང་ལྷུང་དུ་བབས། ཁ་ཤས་ཤིག་མགྲིན་པ་བརྣངས་ནས་ག་བྱེད་འདི་བྱེད་མེད་པའི་ཐོག་ཐལ་མོའི་
རྡེབ་སྒྲ་དང་ཐུགས་རྗེ་ཆེའི་གསུང་བཤད་ཀྱི་སྒྲའི་ཁྲོད་དུ་མཛད་སྒོ་གྲོལ་སོང།
ཀྱག་ཀྱོག་གཞུང་ལམ་རིང་མོའི་ཟུར་ནས་རྔུལ་ཆུའི་ཐིགས་པས་ལུས་ཟུངས་བརླན།།
མ་ཆེན་རྒན་པོའི་མིང་བྱང་འོག་ནས་མི་ཚེའི་རིན་ཐང་རླུང་ལ་བསྐུར།།
འཚོ་བར་འདོད་ཀྱང་འཚོ་བས་ཕོང་བའི་བྱ་བཞག་རིང་མོར་འུ་ཐུག་ནས།།
ལང་མ་འགྱེལ་གྱི་གོམ་སྟབས་རིང་མོ་དམར་པོ་མེ་ཡི་ཀློང་དུ་བསྒྱུར།།
ཐུབ་སྟན་དངོས་གྲུབ།
ཐུབ་པའི་བསྟན་པའི་རྗེས་སུ་བཞུགས། །
བསྟན་དང་འགྲོ་བ་སྙིང་དབུས་སུ། །
དངོས་དང་བརྒྱུད་ནས་ཕན་འདོད་ནས། །
གྲུབ་དང་སྒྲུབ་འགྱུར་ལ་དམིགས་ནས། །
རང་ལུས་རང་སྲོག་མར་མེར་ཕུལ། །
ཁོ་བོའི་རེ་བ་ལ། བཙན་བྱོལ་ནང་དུ་སླར་ཡང་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལྟ་བུ་རང་སྲྲོག་བློས་གཏོང་ཐུབ་པའི་བོད་རིགས་ཤིག་ཐོན་ན་བསམ། འོན་ཀྱང་དེ་ལྟ་བུ་ཡོང་ཐུབ་ཀྱི་མིན་འདུག