བུ་ཆུང་ལྡུམ་ར་བསོད་ནམས།
ཁ་སང་རྒྱ་གར་རང་བཙན་གྱི་ཉིན་མོར།
ཆར་སིམ་སིམ་རྒྱུན་ཆད་མེད་བབས་ཀྱང་།
དགའ་སྤྲོའི་ངང་གཞས་དང་ཞབས་བྲོར་རོལ།
དེ་རྗེས་འདམ་རྫབ་ཀྱི་ཁེངས་བའི་གསང་ལམ་དུ།
ལག་ཏུ་ཉི་གདུགས་ཐོགས་ནས་འགྲོ་སྐབས།
ཁྱེད་ཀྱི་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོས།
ཆར་ཐིགས་ཡིན་ནམ་མིག་ཆུ་ཡིན།
ངའི་མཁུར་ཚོས་ཀྱི་རི་སྒང་ཉུལ་ནས།
ངའི་སེམས་ཀྱི་གཤོང་པ་བརླན།
ངའི་ཡིད་ལ་སྨུག་པས་གཡོགས།
དཔའ་བོ་ཚེ་དབང་ནོར་བུ་ལགས།
ཁྱེད་ཀྱིས།
རང་དབང་གི་མེ་ཙག་མཁའ་ལ་ཁྱབ།
འཇིགས་བྲལ་གྱི་འབོད་སྒྲས་ས་གཞི་ཁེངས་།
བཙན་གནོན་གྱི་ཆུ་རྙོག་སྟེང་ནས་དཀྲུགས།
ཁྱེད་ཀྱི་ཡོད་ཚད་སྦྱིན་ནས།
ཐོབ་ཤོར་ཀྱི་བསམ་བློ་གཅིག་ཀྱང་མེད་པར།
འབར་བཞིན་པའི་མེ་ལྕེར་ཞོན་ནས།
འཇིག་རྟེན་ཕ་རོལ་ལ་གཤེགས།
ཁྱེད་ལ་གཙང་ཆབ་སྔོན་མོ་མཆོད།
ཁྱེད་ལ་ཁ་བས་ལམ་སྣ་འདྲེན།
ཁྱེད་ཀྱི་ལྷག་བསམ་གྱི་རྩམ་པའི་རོ་བཅུད་དེ།
གངས་ཅན་པའི་བླ་སྲོག་གི་གཏེར་སྙིང་ཡིན།
ཁྱེད་ཀྱི་བདེན་པའི་མེ་ཙག་དེ།
ང་ཚོས་སྟོབས་ཤུགས་ཡོད་ཚད་ཀྱིས་གསོ།
ཁྱེད་ཀྱི་འཆི་གསོན་གྱི་སྐུལ་མ་དེ།
ང་ཚོས་ནུས་པ་ཡོད་ཚད་བསྡུས་ནས་འབོད།
ཁྱེད་ཀྱིས་རྐང་རྗེས་ཁྲ་ལམ་ལམ་དེ་དེད་ནས།
ངེད་ཅག་རང་དབང་གི་གོ་འཕང་ཐོབ་ལ་སྙེག
ང་ཡང་དེའི་ཉིན་མོ་ནུབ་གླིང་སྒྱུ་མའི་གྲོང་ཁྱེར་ནས་
ཞོགས་པའི་ཉི་འོད་ཁང་ཆུང་ལ་འཕྲོས་ཚེ།
ཁ་འདོན་གཉིས་པ་ཞིག་གི་འདུ་ཤེས་ཡོད་པའི་གློག་ཀླད་སྒོ་ཕྱེས་མ་ཐག
དྲ་གྲོགས་རྔ་བ་ཚེ་སྐྱིད་ཀྱིས་ཏིང་སྒྲ་དང་བཅས་བརྡ་འཕྲིན་ཞིག་སླེབས་བྱུང་།
དེ་ནི་བོད་མི་རིགས་དཔའ་བོ་ཚེ་དབང་ནོར་བུ་མཆོག་གིས་སྐུ་ལུས་རིན་ཆེན་ཕུང་པོ་བོད་མི་རིགས་ཀྱི་ཆེད་དུ་མར་མེ་རྐང་གཅིག་གི་ཚུལ་དུ་འཛམ་གླིང་ལ་ཕུལ་བས་གསར་འགྱུར་རེད།
སྟབས་གཅིག་ལ་ཅི་བྱེད་མེད་པར་ལུས་སོང་།
སླར་ཡང་འདུ་ཤེས་གཉིས་པ་རྙེད་དུས།
སེམས་ཀྱི་འདུན་པ་ཡོད་ཚད་མར་མེའི་རྐོང་བུ་གཅིག་དང་མཉམ་དུ་ཁྱེད་ལ་ཕུལ།
སེམས་ཀྱི་མིག་ཆུ་ལྡོག་པོ་ཡོན་ཆབ་དངས་མོ་ཞིག་མཉམ་དུ་ཁྱེད་ལ་གཏོར།
སེམས་ཀྱི་རེ་བ་ཡོད་ཚད་སྨོན་ལམ་སྙན་མོ་ཞིག་དང་མཉམ་དུ་ཁྱེད་ལ་བཏབ།
ཁྱེད་ནི་བོད་མི་རིགས་ཀྱི་སྡུག་བསྔལ་དབྱངས་སུ་འདྲེན་པས་རོལ་མོ་ཡིན།
ཁྱེད་ནི་བོད་མི་རིགས་ཀྱི་བདེ་སྡུག་དངོས་སུ་སྟོན་པས་གློག་བརྙན་ཡིན།
ཁྱེད་ནི་བོད་མི་རིགས་ཀྱི་བདེན་དོན་འཛམ་གླིང་ལ་སྒྲོག་པས་ཕོ་ཉ་ཡིན།
ཁྱེད་ནི་བོད་མི་རིགས་ཀྱི་སྙིང་སྟོབས་ལ་བདེན་དཔང་བྱེད་པས་དཔའ་བོ་ཡིན།
ཁྱེད་ནི་གཞན་ཕན་བྱང་སེམས་ཅན་གྱིས་བརྗེད་མི་སྲིད་ལ། རིགས་ཞེན་དང་ལ་རྒྱ་ཅན་གྱིས་དེ་བས་ཀྱང་བརྗེད་མི་སྲིད།
དངོས་གནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་གཅེས་པའི་རང་སྲོག་དམར་པོ་བློས་གཏང་བ་ལ་འཇིག་ཞུམ་དང་ཡ་ང་སྤུ་ཙམ་ཡང་མེད་པའི་གཞིས་ལུས་རྒྱལ་གཅེས་པའི་ཕོ་རྒོད་དེ་ཚོའི་སྙིང་སྟོབས་ལ་ཡི་རངས་ཡོད་པ་མ་ཟད་སྐྱེ་བ་རྗེས་མར་དལ་བརྟེན་རིམ་བརྒྱུད་ཀྱིས་མཐར་ཐུག་བདེ་ཆེན་ཞིང་དུ་སྐྱེ་བའི་སྨོན་ལམ་ཡང་ཡོད།
ཡིན་ནའང་ངོས་ཀྱི་རྟོག་སད་བསམ་ཚུལ་ལ། དེང་སང་བོད་ཁམས་མདོ་སྟོད་སྨད་དགོན་སྡེ་ཁག་མང་པོ་ཞིག་ནས་གཞོན་སྐྱེས་དགེ་འདུན་པ་རྣམས་ཀྱིས་སྐུ་ལུས་མེ་བསྲེག་གཏང་བའི་ལུགས་སྲོལ་ཞིག་སྤང་རི་ལ་མེ་མཆེད་པ་ནང་བཞིན་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་ལུགས་སྲོལ་ཐ་ཆད་འདི་ལ་ངོས་ནས་སྐྱོན་ཆེན་པོ་བཞི་མཐོང་གི་འདུག
༡ སྐྱོན་དང་པོར་མེར་བསྲེག་གཏོང་མཁན་ཚང་མ་གསང་སྔགས་རྡོར་རྗེ་ཐེག་པའི་ཆོས་ཉམས་ལེན་གནང་མཁན་ཤ་སྟག་ཡིན་དུས་ནང་ཆོས་སྐབས་སུ་གདན་གསུམ་ཚང་པའི་ལྷ་ཞེས་ཕུང་ཁམས་གཤེགས་པ་གཤེགས་མ་དང་། དབང་ཡུལ་ཁྲོ་བོ་ཁྲོ་མོ་ཞེས་གསུངས་པའི་ལུས་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས་ལ་བརྙད་པ་དང་རྨོད་པ་སོགས་བྱས་ན་གསང་སྔགས་ཀྱི་རྩ་ལྟུང་འབྱུང་ནས་ངན་སོང་དུ་སྐྱེ་ཞེས་གསུང་ན་བརྟེན་དང་རྟེན་པར་བཅས་པའི་ལུས་དང་ལུས་ལྷ་ཡོངས་རྫོགས་མེར་བསྲེག་གཏང་ན་ཕྱི་མ་མི་ཟད་པའི་རྣམ་སྨིན་ཅི་ཙམ་མྱོང་བ་བཤད་མ་དགོས་པ་རེད།
༢ སྐྱོན་གཉིས་པ། ང་ཚོའི་བོད་ཕྱི་ནང་གི་སྤྱི་ཚོགས་ནང་དུ་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏང་མཁན་དང་དཀའ་ལས་རྒྱག་མཁན་མང་ཆེ་ཤོས་དེ་ཆོས་དང་ཆབ་སྲིད་གཉིས་ཀའི་ཐད་ནས་དེང་དུས་ཀྱི་སློབ་སྦྱོང་ཡོད་མཁན་ཤ་སྟག་ཡིན དེང་སང་བཙན་བྱོད་བོད་པའི་སྤྱི་ཚོགས་ནང་དུ་ཆེད་ལས་གསོ་སྐྱོང་ཞེས་པའི་ལས་འགུལ་དང་དེ་མི་འགྲུབ་པའི་སྡུག་སྐད་རྒྱག་ནས་བསྡད་ཡོད། ཆོས་དང་ཆབ་སྲིད་གང་གི་ཐད་ནས་ཡིན་ཀྱང་མཐོ་རིམ་འཛིན་གྲྭ་མཐར་སོན་ཚར་བ་དེ་རྣམས་ང་ཚོའི་མ་འོང་བོད་ཀྱི་སོན་རྩ་ངོ་མ་དེ་རྣམས་ཡིན། ཁོང་རྣམས་ཀྱི་མི་ཚེ་ཕྱེད་ཀར་མ་འོང་བོད་ཀྱི་བསྟན་སྲིད་གཉིས་ཀྱི་དོན་དུ་དཀའ་ལས་རྒྱབ་ནས་བསྐྱེད་བསྲིང་བྱས་པ་དེ། ཉིན་མ་གཅིག་ལ་སྐར་མ་ཁ་ཤས་ཞིག་གི་ནང་དུ་ཐལ་བ་སྦར་མོ་གང་ལ་བསྒྱུར་བཞག་ན། ཙནྡན་གསེར་ལས་རིན་ཆེ་བས། བློན་པོས་སོལ་བ་བྱས་ལ་ལྟོས་། ཞེས་པའི་དཔེ་ལྟར་དུ་ཡིན། མེར་བསྲེག་གཏོང་མཁན་དེ་རྣམས་མ་ཡིན་པའི་ཕྱི་ལོགས་ཞིག་ནས་མ་འོང་བོད་བསྟན་པ་ཆབ་སྲིད་འདི་ལ་བདག་པོ་རྒྱག་མཁན་ཞིག་སུ་ཡོང་གི་རེད། རྒྱ་གར་གཞིས་ཆགས་ཁག་ནང་ཡོད་རྒན་གོག་དེ་ཚོས་བདག་པོ་རྒྱག་གི་རེད་དམ། ཡང་ན་བོད་ནང་ལོགས་སུ་ཡོད་པའི་མགོ་གཉིས་རྒྱལ་འཚོང་བ་དེ་ཚོས་བདག་པོ་རེད། སུས་བདག་པོ་རྒྱག་གི་རེད་བསམ་བློ་ཐོངས་དང་། ང་ཚོ་བོད་ཀྱི་རྩ་དོན་བརྩད་དུས་བསམ་བློ་གཏང་ན་རང་བཙན་ཐོབ་པ་ལས་ཀྱང་རང་དབང་སླར་གསོ་དེ་གལ་ཆེན་པོ་ལ་བཞག་དགོས་རེད། རང་བཙན་ཉིན་མ་གཅིག་ཐོབ་སྲིད་པ་རེད། ཡིན་ནའང་རང་དབང་སླར་གསོའི་སྐབས་སུ་ང་ཚོ་ཆེད་ལས་པ་མེད་ན་ཐབས་མེད་རེད། དེང་སང་བོད་ནས་རྒྱ་གར་ལ་རང་ལུས་སྲོག་འབེན་དུ་གཙུགས་ནས་གཞོན་སྐྱེས་མང་པོ་ཞིག་ཡོང་གི་ཡོད། བོད་གཞུང་ནས་ཀྱང་དེ་ལ་བདག་པོ་རྒྱབ་ནས་རེ་བ་བྱས་ཤིང་བསྐྱེད་བསྲིང་བྱེད་ཀྱི་ཡོད། སྤུ་གུ་སྣབས་ལུགས་ཆུང་ཆུང་ཞིག་ལ་རེ་བ་བཅོལ་ནས་བདག་པོ་རྒྱབ་པ་ལས། ད་ལྟ་ཁ་ཡོད་ལག་ཡོད་ལ་ཡོད་བཞིན་པའི་ཤེས་ལྡན་མི་སྣ་དེ་ཚོ་དོན་མེད་ཕྲོག་རླག་ཏུ་སོང་ན་ང་ཚོའི་གྱོང་རེད་བསམ།
༣ སྐྱོན་གསུམ་པ། ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོར་བྱས་པའི་བཙན་བྱོལ་བོད་གཞུང་གི་འཐབ་རྩོད་འདི་ནི་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་འཛམ་བུ་གླིང་གི་རྒྱལ་ཁབ་མི་ཉུང་བ་ཞིག་ནས་ཀྱང་འཚེ་མེད་ཞི་བའི་ལྡིང་ཆ་འདི་ཡི་སྒང་ནས་བོད་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཀྱི་ཡོད། ༼འཚེ་མེད་ཞི་བ༽ཞེས་པའི་ཚིག་དུམ་འདི་ཉིད་ཀྱང་ང་ཚོའི་ནང་ཆོས་ནང་གི་ཉམས་ལེན་གྱི་སྙིང་པོ་དེ་ཡིན།
སངས་རྒྱས་ཀྱིས་ཀྱང་། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། ཞེས་གསུངས་ཡོད། འཚེ་བ་ཞེས་པ་དེ་ཉིད་ཀྱང་གཙོ་བོ་སོ་སོའི་ཀུན་སློང་ལ་རག་ལས་ཡོད། འཚེ་བ་བྱེད་སའི་ཡུལ་རང་གཞན་གཉིས་ལ་ཁྱད་པར་གང་ཡང་མེད། ཀུན་སློང་གཞན་ལ་འཁོན་འཛིན་གྱིས་རང་ལ་འཚེ་བ་བྱས་ན་ཐབས་དེ་ལས་སྡུག་པ་ཞིག་མེད་རང་གཞན་གཉིས་ཕུང་གི་ལས་ངན་བསགས་པ་ཡིན། དེ་བས་བོད་ལ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམ་པ་དང་མ་ཟད་དམར་སེར་ངུར་སྨྲིག་གིས་ཆོས་གོས་མནབས་པའི་དགེ་འདུན་པ་རྣམས་ནས་ངང་ཐུང་མཆོང་རྒྱག་གི་བསམ་བློ་ཚབ་བེ་ཚུབ་བེའི་ངང་ནས་སྐུ་ལུས་མེར་བསྲེག་གཏོང་བའི་སྤྱོད་ངན་གྱི་ལས་འགུལ་དེ་རིགས་མ་གནང་རོག་ཞེས་ཞུ་བ་ཡིན།
༤ སྐྱོན་བཞི་པ། ང་ཚོའི་བོད་གཞི་བྱེས་གཉིས་སུ་ཡོད་པའི་འཚེ་མེད་ཞི་བའི་ལྟེ་གནས་ཀྱི་ཆོས་གྲྭ་ཆེན་པོའི་དགོན་པ་དེ་རྣམས་མ་འོང་ལོ་ཁ་ཤས་ཀྱི་རྗེས་སུ་རྒྱ་ནག་གཞུང་ནས་ཐབས་ལམ་འདྲ་མིན་བརྒྱུད་འཇབ་རྒོལ་བ་དང་དྲག་སྤྱོད་པའི་ཤོག་ཁག་ཞིག་ཏུ་བསྙད་ནས་འཛམ་བུ་གླིང་གི་ལྡིང་ཆའི་སྒང་ལ་མི་སྟོན་པའི་ངེས་པ་མེད་པས་འཕྲལ་ཕུག་རྒྱངས་གསུམ་ཇི་དགེར་སྤྱད་ནས་གཟབ་གཟབ་གནང་དགོས།
ཀརྨ་ཡེ་ཤེས་ནས། མཆན་དུམ་དེ་སྐྱར་ཟློས་མང་པོ་བྱེད་ཚུལ་ལ་གཞིག་ན་ཁྱེད་ཀྱི་འཚེ་མེད་ཞི་བའི་ནང་དོན་གཏིང་ཟམ་མོ་ཞིག་གོ་ཡོད་ཚོད་མ་རེད།
གང་ལྟར་འཚེ་མེད་ཞི་བའི་ཁ་གཡང་སྒྲོག་མཁན་མི་ཉུང་བ་ཞིག་ཡོད་ཚོད་རེད། འཛམ་གླིང་ཟླུམ་པོ་འདིའི་སྟེངས་ན་འཚེ་མེད་ཞི་བདེ་བཤད་མཁན་མང་ཡང་དོན་དམ་པར་དེང་རབས་གོ་མཚོན་ཐོག་པའི་དམག་མི་དུང་ཕྱུར་མང་པོ། གྲོང་ཁྱེར་ཆེན་པོ་རེ་རེ་སྐར་ཆ་གཅིག་ལ་བརླག་ཐུབ་པའི་མཚོན་ཆ་ཉིན་རེ་བཞིན་དར་རྒྱས་བྱེད་བཞིན་པ་ལས་འཚེ་མེད་ཞི་བ་ཡིན་གསུངས་ནས་དེང་རབས་མཚོན་ཆ་མེད་པར་བཟོ་མཁན་གྱི་རྒྱལ་ཁབ་སུ་ཡོད་རེད། ཨ་རི་རྒྱལ་ཁབ་གཅིག་པོར་མཚོན་ན་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་ཐུབ་མཁན་གྱི་དམག་མི་ག་ཚོད་བྱུང་སོང་། རྒྱལ་གཅེས་དཔའ་བོ་རེད་གསུངས་ནས་སྲིད་འཛིན་ལ་སོགས་འཛོམས་ཏེ་གཟེངས་བསྟོད་བྱེད་བཞིན་ཡོད་པ་རེད་མ་གཏོགས་འཚེ་མེད་ཞི་བ་དང་འགལ་སོང་ཟེར་མཁན་སུ་ཞིག་ཡོད་པ་རེད། ང་ཚོས་བྱང་ཆུབ་སེམས་མཆོག་མ་བཏོན་པ་ཙམ་གྱིས་རང་དབང་མི་ཐོབ་པ་ད་དུང་ཤེས་མེད་འདྲ། འོ་ན་གཞིས་ལུས་བོད་མས་རྩ་ཞིང་བརྩད་ནས་ནང་དམེ་བྱས། ཕྱི་སྡོད་བོད་མས་མཐོང་ཆུང་ཐུབ་ཚོད་ངང་ནས་ནང་དམེ་བྱས་ཏེ་བསྡད་ན་དེས་ཞི་བདེ་ཡོང་རྒྱུ་ཡིན་པ་འདྲ། ད་གང་ལྟར་མཐོ་སྲིད་སྐྱོང་ནས་བཟུང་དམའ་དྲ་འབུ་ཡན་ཆད་ལ་ཞི་དྲག་གཉིས་ཀྱི་སྒོ་ནས་བོད་དོན་སྒྲུབ་འདོད་མེད་པ་ཡིན་ན། གཞིས་ལུས་བོད་མིར་རྒྱ་དམར་གྱིས་མནར་གཅོད་སྡུག་བསྔལ་དེ་འདྲ་ཞིག་བྱུང་བས་གཞི་རྩ་དེ་བཙན་བྱོལ་གཞུང་དམང་རེད། བོད་ཀྱི་གཏམ་དཔེར། ར་རྫི་མི་ཐུབ་ན་ཐུབ་ཁ། སེར་བ་མི་ཁོག་ཀྱང་བཀག་མདོག་བྱས་ནས། མེ་འབར་སྟེངས་ལ་ཤིང་སྐམ་འཇོག་མཁན་དེ་བཙན་བྱོལ་གཞུང་དམངས་རེད། ད་ཕྱི་སྡོད་བོད་མིས་ནུས་པ་དང་སྙིང་སྟོབས་ཟད་པ་ཡིན་ན། སྲིད་སྐྱོང་གསར་བས་གསུངས་པ་ལྟར་༧རྒྱལ་བ་ཡིད་བཞིན་ནོར་བུ་རྒྱ་ནག་ལ་ཕེབས་ཐབས་བྱེད་པའི་སྐབས་དང་བསྟུན་ནས་ང་ཚོ་ཕྱི་སྡོད་བོད་མི་ཚང་མ་རྒྱ་ནག་ལ་ཡོང་གི་འཇུག་རོགས་ཀྱིས་བོད་དོན་ཟེར་བ་ཚིག་གཅིག་ཀྱང་མི་བཤད་ཟེར་ནས་རྒྱ་གཞུང་ལ་གསོལ་བ་ཕུར་ཚུགས་སུ་བཏབ་ན་ཡག་ཤོས་རེད།
དཔའ་མཛངས་སྙིང་སྟོབས་བཙན་པོ་མདུན་བསུས་ནས། དམར་ནག་དྲག་པོའི་དཔུང་ལ་མ་འཛེམས་པར། རང་ལུས་རིན་ཐང་ལྡན་པའིགཟུགས་སྐུ་འདི། དམར་པོའི་དཔུང་ལ་བདེན་པའི་བརྡ་ཞིག་ཡིན།
༄༅།།སྐུ་ཞབས་ཚེ་དབང་ནོར་བུ་ལགས་སྐུ་སྲོག་དོར་བ་བོད་མིའི་རང་དབང་ཆེད་ཡིན་པརཤེས་རྟོགས་ཀྱིས་ཆོལ་གསུམ་བོད་མི་རྣམས་ནས་དམ་པ་ཁོང་ངན་འགྲོར་མི་ལྟུང་བའི་བསྔོ་སྨོན་གསོལ་འདེབས་གནང་སྐྱོངས་ཡོད་པ་ཞུ།།
ཀརྨ་ཡེ་ཤེས་ལགས་ནས་བསམ་ཚུལ་ཡག་པོ་དྲིས་འདུག་འོན་ཀྱང་སྐུ་སྲོག་མེར་བསྲེག་གཏོང་བའི་སྤྱོད་ངན་གྱི་ལས་འགུལ་ཡིན་གྱི་མ་རེད་རྒྱ་དམར་དབང་འཛིན་པའི་སྤྱོད་ཚུལ་ལ་འུ་ཐུག་ཐབས་ཟད་པ་ཡིན་ནེ་རེད།།