——ས་འཛིན་དཀར་པོས།
དབུ་མའི་ལམ་ནས་འཐབ་རྩོད་ཀྱི་རྒོད་པོ།།
མི་ལོ་གསུམ་བཞིར་གོ་རིག་ནི་མེད་པས།།
རུས་ལྤགས་རྩྭ་ལ་འགྱུར་ཡོད་ཅིག་མ་ཤེས།།
རྐང་པའི་ཁྲག་ཐིག་རི་མོ་དེ་བརླག་ཉེན།།
འཚེ་མེད་ཞི་བའི་གོམ་བགྲོད་ལ་བསྐྱོད་དུས།།
རྡ་སའི་རི་ནས་ལྕགས་རྟ་ཞིག་འགྲོགས་ཐས།།
གཡུ་རལ་སྔོན་མོའི་དར་ཆ་དེ་འཕྱར་བཞིན།།
གངས་ཅན་བོད་ལ་རྐང་ལམ་དེ་འཐེན་སོང་།།
ཉམ་ཆུང་མི་ལ་དཔོན་རོགས་ཤིག་མེད་དུས།།
གངས་ཅན་བདེན་དོན་ཚེ་སྲོག་ནི་ཕུལ་ཀྱང་།།
དཔོན་པོའི་མིག་ལམ་ཁྱེད་རང་ནི་མི་འཁོར།།
ཁ་སང་ཁྱེད་རང་རྗེས་ཤུལ་དེ་བསུབས་སོང་།།
ཁྱོད་ཀྱིས་ལྷག་བསམ་དུང་བ་དེ་བརྗིད་ཀྱང་།།
མི་འགྱུར་སྒལ་ཚིགས་བརྟན་པོ་དེ་ཡོད་ཀྱང་།།
དབུ་རང་སྨན་པའི་བདེན་དོན་དེ་བསྐྱོད་ཀྱང་།།
དེང་སང་ཁྱོད་རང་དྲན་མཁན་ནི་རྫོགས་སོང་།།
རྐང་པའི་མཐིལ་ནས་ཁྲག་ཐིག་དེ་བཞུར་གྱིན།།
གངས་ཅན་བོད་ཡུལ་ཚེ་སྲོག་ཅིག་གཏད་ལ།།
ཁྱོད་ཀྱིས་འབོད་ཚིག་ལྔ་བོ་དེ་འཁུར་བཞིན།།
གོ་རིག་མེད་པའི་ཤི་གསོན་ནི་བརླགས་སོང་།།
ཐོགས་མ་ཨ་གསར་ཞིག་གིས་ཁྱོད་བསྟོད་སོང་།།
བར་དུ་ཕྲག་མདོག་འགའ་ཡིས་ཁྱོད་སྨད་སོང་།།
མཐའ་མར་བོད་པ་ཡོངས་ཀྱིས་ཁྱོད་དོར་སོང་།།
དུས་གསུམ་ལས་ལ་བརྩོན་མཁན་ནི་ཁྱོད་ཡིན།།
མཐོ་སྒང་བཙན་པོའི་སྙིང་སྟོབས་ཀྱི་ཟླ་མེད།།
འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་བདག་ཉིད།།
ཡོད་ཚད་མི་རིགས་ཕུལ་བས་ནི་རྟོགས་སད།།
བདག་གིས་ཁྱོད་རང་དེང་སང་ལྷག་དྲན་ལ།།
མཐོ་སྲིད་སྐྱོང་ཟེར་ས་ནས་བཟུང་བྱེས་ཡུལ་འདིའི་ཆེན་པོ་ཡོད་རྒུའི་ལུས་ངག་ཡིད་གསུམ་ནས། བོད་དོན་དུ་ཡོངས་སུ་བློས་གཏོང་མཁན་དཔའ་པོ་གླིང་ཚ་བོར་སོང་བར་ངས་ངོས་འཛིན་གྱིན་ཡོད། རྒྱུན་ལྡན་བོད་དོན་ལ་བྱ་བ་ཞིག་སྒྲུབ་ཀྱིན་པར་ཁས་ཆེ་བའི་བྱེས་ཡུལ་འདིའི་ཚོགས་པ་ཆེ་ཆུང་མཐའ་དག་ནས། བོད་དོན་དུ་ཞི་བའི་འཐབ་རྩོད་པ་ས་ཡ་དྲུག་གི་བུ་གླིང་ཚ་ཚེ་རྡོར་བོར་སོང་བར་ངས་ངོས་འཛིན་གྱིན་ཡོད། གནས་ལུགས་དང་དོན་དངོས་ལ་ཞིབ་འཇུག་པར་རློམ་པའི་བྱེས་ཡུལ་འདིའི་མཁས་མིང་ཅན་དང་རྩོམ་པ་པོ་སུ་ཡིན་གྱི་རྩ་ནས། དོན་དམ་པའི་རིག་གནས་འཐབ་རྩོད་པ་བོད་ཤ་ཁྲག་རུས་གསུམ་འབོད་པའི་སྐུ་ཞབས་གླིང་ཚ་བོར་སོང་བར་ངས་ངོས་འཛིན་གྱིན་ཡོད། ངས་ང་རང་གི་ངོས་འཛིན་འདི་ཚོར་གཞིགས་ནས་ད་དུང་། བོད་པར་དྲིན་ངོ་མི་ཤེས་ཚུལ་དང་དོན་དངོས་མི་མཐོང་སྲོལ་གྱི་ནད་རྙིང་དེ་གྲ་མ་ཉམས་མ་ཆག་ནས་ཡོད་པར་ཐག་བཅད་ཡོད།