སྤོ་ཆུང་ཚང་དོན་གྲུབ་ལྷ་དར།
——-(བཀའ་དྲིན་ཆེ་བའི་སྐྱེས་མཆོག་ཁོང་དགོངས་པ་རྫོགས་ནས་མི་ལོ་༢༥ འཁོར་བར་མྱ་ངན་གུས་འདུད་དང་བཀའ་དྲིན་རྗེས་དྲན་དུ་ཕུལ།)
གྱ་དགུའི་ནམ་ཟླ་ཧ་ཅང་འཁྱག་པའི་དགུན་ཟླ་ངར་མ་ཡི་དུས་དེར།།
གྲོང་སྡེའི་དགོང་འདོན་སོང་བའི་བརྩེ་ལྡན་གཅེན་མོས་དངངས་འཚབ་ཀྱི་ཀློང་ནས།།
སྒོ་མོ་ཧར་གྱིས་ཕྱེས་ཏེ་༧པཎ་ཆེན་གཤེགས་པའི་གཏམ་ངན་དེ་བཤད་པར།།
བསོད་བདེ་བསྐམས་སོང་ཞེས་པའི་ཨ་མའི་ངུ་གཏམ་སྐྱུར་མོ་དེ་བརྗེད་མེད།།
བདེ་བའི་ལམ་ནས་བདེ་བར་བགྲོད་ཟིན་བདེ་གཤེགས་ཡོངས་ཀྱི་བསྔགས་ཡུལ་ཏེ།།
བདེ་ལྡན་ཞིང་གི་བདེ་བའི་ཁྲི་འཛིན་བདེ་གཤེགས་སྤྱི་གཟུགས་འོད་དཔག་མེད།།
གངས་ཅན་འགྲོ་ལ་ཟག་མེད་གསུང་གིས་ཟག་བཅས་དུཿཁ་གཞོམ་པའི་ཐབས།།
ཇི་བཞིན་འདོམས་ཕྱིར་མུ་མེད་བསྐལ་པར་མུ་མེད་སྐྱེ་ཕྲེང་དངར་དེར་འདུད།།
རབ་མཛེས་སྔོ་ལྗང་རྩྭ་ཐང་བུ་མོས་མཐོ་རིས་སྐྱེད་ཚལ་མོག་པོར་བྱེད།།
བང་རྩལ་མྱུར་བའི་གྱི་ལིང་ཁྱུ་ཡིས་འཕྲུལ་འཁོར་རིགས་ལའང་སྐྱེངས་པ་སྟེར།།
དབྱངས་གསལ་སོ་བཞིའི་པིར་ལ་དགའ་བའི་སྒྱུ་རྩལ་མཁན་གྱི་མ་ཡུམ་སྟེ།།
གང་སྐུ་བལྟམས་པའི་མདོ་སྨད་བིས་མདོར་སྨྱུག་རྩེའི་ལམ་ནས་བསྟོད་དབྱངས་འབུལ།།
ཐུབ་པའི་མཛད་བཟང་རྗེས་སུ་མཐུན་པར་ས་སྐྱོང་རིགས་ཏེ་འཁོན་རྒྱུད་དུ།།
མཚན་དཔེའི་གཟི་འོད་འབུམ་ཕྲག་གསལ་བའི་མཆོག་སྤྲུལ་ཉི་གཞོན་མངོན་པ་ལ།།
ནང་ཁུལ་འགལ་བ་སྤྲིན་རུམ་ནག་པོས་ཡང་སྤྲུལ་ཉི་གཞོན་བསྒྲིབས་བྱས་ཀྱང་།།
ལས་སྨོན་བཙན་པོས་སྤྲིན་རུམ་ཀློང་ནས་གདན་སའི་ཁྲི་འཕངས་ཁྱེད་ལ་དབང་།།
ཁྱེད་ལ་དབང་བའི་གངས་རིའི་ཁྲི་ཅོག་དཀའ་སྡུག་བསྣོལ་མའི་སྟེགས་བུ་སྟེ།།
ཕྱོགས་ཞེན་རྨོངས་པས་ར་རོར་གྱུར་རྣམས་བླ་དཔོན་ཁྱེད་ཀྱི་དམ་འབངས་ལ།།
ན་ཚོད་རབ་ཕྲའི་གྲུ་འཛིན་མགོན་པོ་གངས་ཁྱིམ་འཛིན་པའི་གཅེན་པོ་དང་།།
ཝ་སྤྱང་དམར་ནག་གུང་ཁྲན་གོང་མན་ཁྲི་འཛིན་ཁྱེད་ཀྱི་ཁྱིམ་མཚེས་རེད།།
དེ་ཕྱིར་མཐོ་སྒང་དབྱིག་གི་འཛིན་མར་སྨེ་ཅན་དཔུང་གིས་སྒྱོགས་མདེལ་དང་།།
དངུལ་ལོའི་བཟི་ཆང་དྲག་མཚོན་ཐོག་སེར་གཡོ་ཧམ་སྤེལ་མས་ལོ་དགུར་དྲངས།།
གཞིས་འཛིན་གཅེན་པོ་ལྷོ་མཐར་ཕུད་ཅིང་གངས་ཁྱིམ་དཀར་པོ་ཁྲག་མཚོར་བསྒྱུར།།
དེ་ལྟའི་དཀའ་སྡུག་ལོ་ཟླའི་དབུ་ཁྱུད་དཔའ་བོ་ཁྱེད་ཀྱིས་བདག་གིར་བསྐྱངས།།
སྐར་ལྔའི་དཔུང་གིས་གངས་རིའི་བླ་སྲོག་ཀ་ཁའི་དབྱངས་རྟ་ཡབ་མེས་ཀྱི།།
གཅེས་ནོར་ཐུབ་བསྟན་ལུགས་ཟུང་སྒྲོན་མེ་བརྙས་སྨོད་གཏོར་རྒོལ་མཐའ་ལ་གཏུགས།།
སྤུན་ཟླ་གྲངས་མེད་ལྔ་ལམ་བརྫངས་ཏེ་ཁ་ཅན་གཏེར་མཛོད་ཤར་མཐར་དྲངས།
དེ་ཕྱིར་བགྲང་འཁོར་བཅུ་ཕྲག་ཟུང་དང་ཉག་མ་གཉིས་ལས་མ་སོན་ཀྱང་།།
མུན་པ་རིམ་དགུའི་ཐུ་འོག་ཚུད་པའི་བོད་འབངས་ཉམ་ཐག་ཤཱཀྱའི་བསྟན།།
བཟོད་མེད་རྒུད་པའི་ལོ་ནག་ལས་གྲོལ་སྐྱིད་ཀྱི་ངལ་གསོ་རེག་པའི་ཕྱིར།།
རྩ་ཆེའི་ཡོད་ཚད་ཞུམ་མེད་བློས་གཏོང་”ཁྲི་བདུན་སྙན་ཞུ་”ཁྲག་གིས་བྲིས།།
ཁྲི་བདུན་ཚིགས་བམ་རྐང་གཉིས་ཡུལ་གྱི་དམྱལ་ཁམས་གསལ་བའི་མེ་ལོང་དང་།།
ལོ་རྒྱུས་ཤིག་གི་གོད་ཆག་མངོན་པའི་བེམ་རོའི་རྡོ་རིང་ཁྲག་རླབས་ཅན།།
མ་འོའི་གཡོ་འཕྲུལ་ཐལ་བར་སྲེག་ཕྱིར་མུན་ནག་ཀློང་གི་ཞུགས་ཆེན་དང་།།
གངས་ཅན་བསྟན་འགྲོའི་ཚེ་མཐའ་སྐྱོབ་བྱེད་ཁ་བའི་གདུང་འབོད་དྲང་སྲོང་ཚིག།
ཟླུམ་གཟུགས་ཧྲིལ་པོ་གཞོམ་ལ་རྔམས་ཤིང་དཔུང་སྟོབས་རྒོད་པའི་མ་འོ་ཡང་།
གང་གི་ཐུགས་སྟོབས་རྡོ་རྗེའི་གཞུ་རྒྱུད་ཁྲི་བདུན་ཚིག་གི་མདའ་རྣོན་དེས།།
སྙིང་ཁམས་གཡོས་ཤིང་བྲེད་ཤ་སྟེར་བས་ཉེས་མེད་གང་སྐུ་ཆུ་ཤེལ་དབང་།།
ལྕགས་དྲྭའི་གསེབ་ཀྱི་རྒྱ་སྟག་བཞིན་དུ་ཁྲིམས་ཀྱི་མུན་པར་ལོ་དགུར་བཙུད།།
ཁ་བའི་རིགས་ཞེན་ཕུགས་འདུན་ཡོངས་བྲལ་གདོང་དམར་སྤྲང་པོའི་ཁྱུ་ཚོགས་དང་།
དམར་སྲུང་དམག་གིས་སྡིག་ལག་བསྒྲིལ་ཏེ་འཐབ་རྒོལ་ལོ་ཟླར་མཐུད་ན་ཡང་།
དཔའ་ངར་ཞུམ་མེད་བདེན་པའི་གཏན་ཚིགས་དབྱར་སྐྱེས་རྔ་བཞིན་མཐོ་བར་བསྒྲགས།།
དེ་ཕྱིར་ཁྱོད་ཉིད་དཔའ་བོ་སྟོང་གི་ཁྱུ་མཆོག་ཡིན་ལ་དམ་པ་ཀུན་གྱི་དམ་པ་ཡིན།།
གངས་ལྗོངས་ཆེད་དུ་བདེན་དོན་སྐྱོང་བས་བཙོན་སྐྱོད་ངན་རྒུ་མྱངས་ཟིན་ཀྱང་།།
བཙོན་ལས་གྲོལ་རྗེས་ད་དུང་སླར་ཡང་གངས་རིའི་རང་མདངས་གསོ་བའི་སླད།།
མདོ་དབུས་ཁམས་གསུམ་ཆིབས་ཞལ་བསྒྱུར་ཏེ་ལོ་ཟླ་ནག་པོའི་དགུ་ཚིགས་ནས།།
ཚེ་སྲོག་ལྷག་པའི་བོད་འབངས་རྣམས་ལ་དགའ་སྐྱོ་འབུམ་གྱི་འཚམས་འདྲི་མཛད།།
རྟ་མཆོག་རྒོད་པོའི་བང་རྩལ་ཀློང་ནས་ཁྱེད་སྐུ་ས་མཐོར་བྱོན་དུས་དེ།།
དུས་ངན་ཀློང་གི་དུས་བཟང་ཞིག་དང་མུན་ནག་ཁྲོད་ཀྱི་དཀར་ངོགས་ཤིག།
ཁ་དོག་མེད་པའི་དགུན་ཟླ་སྐྱ་མོར་དབྱར་ཟླ་ལྔ་པའི་མཛེས་ལྗོངས་ཤིག
འགུལ་སྐྱོད་བྲལ་བའི་བོད་མི་རྣམས་ལ་ཚེ་སྲོག་གསར་པའི་མདུན་སྐྱོད་ཅིག།
སྲོལ་རྒྱུན་ལྔ་རིག་ཕ་བཟང་བུ་ལ་དེང་གི་ཚན་རྩལ་ལུས་ཕྲ་མ།།
གཉེན་དུ་བསུས་ཏེ་གངས་ལྗོངས་རིག་དཔལ་དུས་རབས་མཐུན་པའི་མདུན་སྐྱོད་སླད།།
འབད་དུང་ཟབ་མོས་བརྩོན་པར་མཛོད་ཅེས་གངས་ཕྲུག་རྣམས་ལ་ཞེན་བསྐུལ་བས།།
གནའ་དེང་ཟུང་གི་ལམ་ཆེན་འདྲེན་པའི་ཤིང་རྟའི་སྲོལ་འབྱེད་ཁྱེད་མིན་སུ།།
མཐོ་སྒང་བོད་ཀྱི་མི་རིགས་སྲོལ་རྒྱུན་གནས་ལྔའི་མཛོད་ལ་བརྙས་སྨོད་ཀྱི།།
མཆིལ་ཞགས་འཕེན་བྱེད་”༡ པ་སངས་”ལ་སོགས་བཅོས་སྒྲུང་རིགས་ཀྱི་མཚང་བརྟོལ་ཅིང་།།
གདོང་དམར་བོད་པ་ལས་བརྩོན་དཔའ་ལྡན་མེས་པོའི་རིག་གཞུང་བླ་མེད་ཅེས།།
གསུང་གི་ཟེགས་མས་རྩམ་གཟན་རྣམས་ལ་བག་འཁུམས་བྲལ་བའི་བློ་སྤོབས་བྱིན།།
ཕྱི་ལོ་གྱ་དགུའི་མི་རབས་གསར་པའི་རང་བཙན་སྒེར་ལངས་ཐོག་མའི་སྐབས།།
དཔའ་བོ་ང་བརྒྱད་བཙོན་ལས་གྲོལ་མཛད་བདེན་པའི་དཔའ་ཡི་རྒྱབ་རྟེན་དེས།།
མི་རབས་གསར་པར་ཡར་ལངས་སྙིང་སྟོབས་རིགས་ཞེན་འབུམ་གྱི་བློ་སྤོབས་སྦྱིན།།
བཙན་རྒོལ་རྒྱལ་སྐྱོབ་རིང་དུ་འཚོ་བའི་རྒྱབ་རི་སྨུག་པོ་ཁྱེད་ཉིད་ཡིན།།
༧གོང་ས་མཆོག་ལ་གཅེས་བཀུར་མཚོན་པའི་འགྱུར་མེད་རྡོ་རྗེའི་སྒྲ་དབྱངས་གང་།།
ལན་མང་བསྒྲགས་པས་དགྲ་བོའི་ངན་གཡོ་རྨང་ནས་ཕམ་པར་མཛད་པ་ཡིས།།
ཡུན་རིང་ལྷག་པའི་གཞུང་བླའི་རྩོད་གཞི་མ་ལུས་ཐལ་བའི་རྡུལ་དུ་བཅོམ།།
༧རྒྱལ་མཆོག་ཡབ་སྲས་ཐུགས་དམ་གཙང་མས་གངས་ཅན་ཆིག་སྒྲིལ་མདུན་དུ་བསྐུལ།།
རྩྭ་ས་རྩོད་གླེང་སྤུན་ཟླ་ནང་དམེ་ཆོལ་གསུམ་རིས་འཛིན་བྷོ་ཊ་ཡི།།
ནད་རྙིང་བཅོས་པར་གསུང་གི་སྨན་མཆོག་གཏན་ཚིགས་ཟབ་མོས་ཡང་ཡང་བསྩལ།།
ལོ་འཁོར་ཉི་ཤུར་ཐུ་འོག་ཉལ་བའི་ལྷ་ལྡན་སྨོན་ལམ་བསྐྱར་གསོ་མཛད།།
དེ་ལྟར་ཁྱེད་ཀྱིས་ཁ་བའི་ཆིག་སྒྲིལ་གངས་ལྗོངས་བསྟན་པའི་རྒྱལ་མཚན་བཙུགས།།
མདོར་ན་ཁྱེད་ཀྱིས་གཅེས་འོས་སྐུ་སྲོག་མཐོ་བའི་གོ་ས་སྤྲོ་སྐྱིད་སོགས།།
གངས་ལྗོངས་སྣོད་བཅུད་ཕན་བདེའི་སླད་དུ་རང་གི་ཡོད་ཚད་བློས་བཏང་ཡང་།།
འདྲེན་བྱེད་ཡ་གཅིག་བྱེད་ལས་དབེན་པའི་རྩམ་གཟན་འགའ་ཡིས་ཁྱེད་ལ་སྨད།།
ལྷག་པར་བལ་ཡུལ་ཕེབས་སྐབས་ཉན་ན་མི་འདོད་གཏམ་རྒྱུད་སྐྱུར་མོ་ད་དུང་ལུས།།
ཀྱེ་ཧུད་བླ་འབངས་དམ་སྐྱོན་དེ་དང་ཕ་རོལ་དགྲ་བོ་རྒྱ་གཞུང་གི།།
ངན་སྤྱོད་གཡོ་ཡི་ཆོ་འཕྲུལ་རྒོད་པའི་ལྐོག་གྱུར་སྒྲ་གཅན་ཁ་ནག་དེས།།
གང་སྐུ་དྲི་བྲལ་ཉི་མ་གཞོན་ནུ་གློ་བུར་ནུབ་རིའི་ཀློང་དུ་བརྫངས།།
གངས་ཅན་ལྗོངས་སུ་མུན་ནག་འཐིབས་ཤིང་ངུ་འབོད་སྟོང་གིས་རི་ཀླུང་གཡོས།།
དེ་ནས་བཟུང་སྟེ་གཞིས་ལུས་བོད་འབངས་ལམ་སྟོན་མེད་པའི་ལོང་བ་དང་།།
དགྲ་འདུལ་གཉེན་སྐྱོང་འགོ་དཔོན་བྲལ་བས་བདག་མེད་དྭ་ཕྲུག་ཁྱུ་ཞིག་གྱུར།།
ནོར་གྱི་འཛིན་མ་ལྗང་མདོག་ཉམས་ཤིང་དལ་འགྲོའི་བུ་མོ་རྒྱུ་བ་ཆད།།
རྟ་བདུན་དབང་པོའི་དྲོད་འཁོལ་ཡལ་ཅིང་ཟླ་བའི་ཟེར་མདངས་མོག་པོར་གྱུར།།
སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་ཕྱི་ལོ་༢༠༠༡། ཟླ ༨། ༩ ཉིན་ས་རཱ་མཐོ་སློབ་ཏུ་བྲིས་ཤིང། ༢༠༡༤། ༡། ༢༨ ཀུན་གཟིགས་མཆོག་དགོངས་པ་རྫོགས་ནས་མི་ལོ་༢༥ འཁོར་བའི་ཉིན་མོར་བསྐྱར་བཅོས་ཁ་སྣོན་ཞུས།། །།
༡《པ་སངས་དང་ཁོ་མོའི་ལྕམ་སྲིང་ཚོ》
བོད་མིའི་བདེ་སྡུག་འབའ་ཞིག་ཐུགས་ལ་བཅངས་པའི་སེམས་དཔའ་ཆེན་པོ།
བོད་སྐད་ཡིག་གི་རྩིག་རྨང་སླར་གསོ་གནང་བའི་སྐྱེས་ཆེན་དམ་པ།
བོད་མི་རིགས་ལ་སྙིང་སྟོབས་ཀྱི་ཚེ་སྲོག་སྦྱིན་པའི་དེད་དཔོན་ཆེན་པོ།
ཁྱེད་ནི་་་་་་་བོད་མི་མང་གི་སེམས་ཁོང་ན་ནམ་ཡང་ཡལ་བ་མེད་པའི་ཉི་མ་དངོས་ཡིན།
སྐྱེས་བུ་དམ་པ་ཁོང་ལ་གུས་བཏུད་ཞུ། འོན་ཀྱང་། ནོར་བུ་རང་ལག་ཡོད་དུས། །ནོར་བུའི་ནོར་ཉམས་མོ་ཆོད། ཟེར་བའི་དཔེ་ཅིས་མི་བདེན། ཁོང་སྐུ་འཚོ་བཞུགས་སྐབས་ཁོང་ལ་བསྟོད་ཚིག་དང་དད་མཁན་ཧ་ལམ་དཀོན་པོ་རེད། གཅིག་གཅིག་རེད། གཉིས་གཉིས་རེད་ཟེར་ཁ་བརྡུང་གི་ཚིག་ཆར་བབས་ཀིན་འདུག་སྐབས་དེར་ང་རང་ལོ་ཆུང་ཆུང་རེད་ཏེ་བསམ་བློའི་ནང་ཁོང་བླ་ཆེན་ཞིག་དེ་འདྲའི་ཐབས་སྡུག་ཞིག་ཨེ་ཡིན་དྲན་བྱུང་། དེ་མཚུངས་དེང་དུས་ཡང་སྐྱེས་བུ་དམ་པ་མང་པོར་དེ་དང་དེ་བཞིན་ཁ་བརྡུང་གནང་བཞིན་འདུག །དུས་གཞན་ཞིག་ཏུ་སྐྱེས་བུ་དམ་པ་དེ་རྣམས་འཇིག་རྟེན་ཁམས་འདིར་མ་བཞུགས་ཚེ། ཁོང་རྣམ་པར་བསྟོད་ཚིག་དང་རྗེས་དྲན་མང་དག་ཞིག་ཀློག་ཐུབ་ཚད་ཞིག་མིག་ནང་མི་གཤོང་བ་ཞིག་ལུང་པ་གང་རྒྱུ་གཏན་གཏན་རེད། ཆོ་ཡོད་མེད་རྣམ་པ་ཚོའི་གཟིགས་འཚལ།
ང་ཚོས་ད་དུང་སྔར་ལས་ལྷག་པ་གཟབ་གཟབ་བྱེད་དགོས་པ་ནི། པཎ་ཆེན་ཡང་སྲིད་བཙན་འཁྲིད་དང་། ཁྲི་བྱང་ཡང་སྲིད་ཕན་མེད་གྱུར་པའི་དུས་ངན་ཅིག་རེད་དོ།།
ཁྲི་བྱང་ཡང་སྲིད་ཕན་མེད་ཨེ། ངོ་གདོང་ནས་བལྟ་སྐབས། དོལ་རྒྱལ་འགོག་གིན་པར་སྣང་ནའང་། ཡིན་ཡ་དེ་གོང་ས་མཆོག་གིས་ང་རང་ཚོར་བླ་མ་ལ་གནས་ལུགས་ཀྱི་ཐད་ནས་སུན་འབྱིན་བྱེད་ཆོག་པའི་སྲོལ་བཏོད་པ་རེད་ལ། བྱེད་སྟངས་འདིའི་ཤུགས་རྐྱེན་མུ་མཐུད་དུ་རྒྱ་ཁྱབ་ཏུ་འགྲོ་ངེས་རེད། འདི་ལའང་གསར་བརྗེ་འབོད་ཆོག་པར་བསམ།
རེད་རེད་ཀརྨ་ལགས་ཀྱིས་གསུངས་པར་བདེན། སྐུ་འཚོ་བཞུགས་དུས་ཚོང་པ་རྒྱགས་པ་རྒྱལ་ཚོང་པ་ཟེར་ནས་བོད་པའི་སྤྱི་ཚོགས་ནས་ཕུད་ཡོད། ད་མ་བཞུགས་པའི་ཉིན་མོར་སེམས་དཔའ་ཆེན་པོ་ཟེར་ནས་བསྟོད་ཁུལ་བྱེད་སྟངས་འདི་རིགས་ཡ་མ་སླ་ཡི་བྱེད་སྟངས་རེད།
ཆུང་དུས་༧ཀུན་གཟིགས་པཎ་ཆེན་ཐེངས་མཇལ། །གཤེགས་དུས་མིག་ཆུས་ངོ་གདོང་ཉིན་གསུམ་བརླན། །ད་དུང་དྲན་པ་ཙམ་གྱིས་གདུང་བས་བསྣངས། །སྙིང་གི་ནོར་བུ་ཁྱོད་ལ་རབ་ཏུ་དུང་། །གང་གི་བཞེད་དོན་ཆོས་དང་རིག་པའི་གཞུང་། །མི་ནུབ་དར་ཞིང་གདོང་དམར་བོད་ཀྱི་རིགས། །རྣམ་པར་རྒྱལ་བའི་བཞེད་དོན་ལྷུན་གྲུབ་པའི། །སྨོན་པ་སྒྲུབ་པའི་ལས་འདིས་དགྱེས་གྱུར་ཅིག ། །
དོན་འགྲུབ་ལྷ་དར་ཐུགས་རྗེ་ཆེ་ཞུ། དངོས་གནས་ཡག་པོ་འདུག ངས་ཀྱང་ཁོང་ལ་རྗེ་དྲན་ཞུ་བཞིན་ཡོད།