ཁ་བྱང་གཅིག་པའི་སྙན་ངག་གི་སྡེ་ཚོ་དང་པོ།
བཙན་པོའི་སྙིང་རྩིད།
དཔའ་བོའི་རྟོགས་བརྗོད།
ལྷ་ཆབ་སྦྱིན་པ།
ཡ་གའི་སྟོད་ན་གངས་ཤིག་མཐོང་བ་མེས་པོ་དམ་པའི་བླ་རི་སྟེ། །
དམའ་མོའི་གཤོངས་ན་མཚོ་ཞིག་འཁྱིལ་བ་མ་དང་སྲི་མོའི་མིག་ཆུ་ཉིད། །
བདག་གི་ཕ་ཡུལ་གཞན་ལ་ཤོར་ནས་མི་ལོ་དྲུག་ཅུ་ཧྲིལ་གྱིས་འདས། །
མུན་པའི་བམ་ཁ་དྲག་ཏུ་བྱེར་བའི་སྙིགས་མའི་དུས་ཀྱི་མཐའ་མ་འདིར། །
སུ་དང་གང་གིས་སྙིང་རྩ་སྒུལ་བའི་བཀའ་དང་ལམ་སྟོན་མེད་ནའང་།།
ཚེ་སྲོག་གསོན་པོ་མེ་རུ་སྒྲོན་ནས་དྲག་པོའི་དཔུང་གི་རྡང་གཏོར་བ། །
ལྷ་དང་ལྷ་མོས་བསྐྱབས་པར་མ་མཛད་རང་ཉིད་འགྲེང་ཚུལ་ལོས་ཡིན་ཏེ། །
མཉམ་འབྲེལ་རྒྱལ་ཚོགས་མིང་ཙམ་ཡིན་པའི་ངེས་ཤེས་གཏིང་ནས་རྙེད་ཚུལ་ལོ། །
གཞན་ལ་རེ་ནས་མི་ལོ་དྲུག་ཅུ་སེ་གོལ་ཙམ་གྱིས་འདས་སོང་སྟེ། །
སྡུག་སྒོམ་བརྒྱབ་སྟེ་གཉའ་གནོན་འཁུར་ནས་མི་ཡི་རབས་གཅིག་རྫོགས་སོང་ལོ། །
ད་ནི་དཔའ་བོ་དཔའ་མོ་རེ་རེས་ལུས་དང་ལོངས་སྤྱོད་བློས་བཏང་ནས། །
སྔ་གཞུག་ཐམས་ཅད་ཐག་གིས་ཆོད་ཚུལ་སུས་ཀྱང་དཀའ་བའི་རྟོགས་བརྗོད་ཉིད། །
དམར་འབྱར་བྱིས་པའི་ནུ་མ་བཅད་ནས་ཨ་མས་མེར་མཆོད་གནང་བཞག་ལོ། །
བརྒྱད་ཅུའི་མ་ཡུམ་ཤུལ་དུ་བཞག་ནས་བུ་ཡིས་སེམས་ཐག་ཆོད་བཞག་ལོ། །
གཞན་ལ་རེ་ནས་ཉི་མ་གཏོང་བའི་བོད་དོན་གླེང་ཚུལ་མ་ཡིན་ཏེ། །
ཡོད་ཚད་རང་གི་འགན་དུ་བླངས་པའི་ངེས་དོན་དཔའ་བོའི་རྟོགས་བརྗོད་ཡིན། །
དཔའ་བོ་དམ་པའི་ཞིང་དུ་བསྔགས་པའི་རྔ་ཁོག་རིང་མོའི་མེ་ལྕེ་དེ། །
ད་ནི་བོད་ས་སྟོད་སྨད་ཀུན་ཏུ་ལྷབ་ལྷུབ་མཆེད་པའི་ངང་ཚུལ་ནི། །
སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་བཙན་པོའི་རྒྱུད་ཀྱི་སྙིང་སྟོབས་ཏེ། །
སྐྱིད་པའི་ཉི་མ་ཅུང་ཙམ་ཤར་བའི་སྐྱ་རེངས་དང་བོ་ཅི་ལ་མིན། །
ཕ་ཡི་མདུན་ནས་བུ་ཆུང་འབར་ཞིང་བུ་ཡི་འཁྲིས་ནས་ཨ་མ་འབར། །
ཕ་བུ་མང་བོ་མཉམ་དུ་འབར་བའི་དཔའ་བོའི་མེ་དཔུང་གསོན་པོ་འདིས། །
འཇིག་རྟེན་ཞི་བདེའི་དཔལ་ལ་སྤྱོད་པར་སྐུལ་བའི་གཡར་དམ་ཆེན་པོ་སྟེ། །
སྔར་མེད་གླིང་བཞིའི་དེབ་ཐེར་ཁྲོད་ལ་སྟོབས་ཀྱིས་བྲིས་པའི་ལོ་རྒྱུས་ཉིད། །
སྔོན་ཚེ་སྟག་མོ་མ་བུ་འགའ་ལ་ལུས་ཀྱི་སྦྱིན་པའི་སེམས་སྐྱེད་དེས། །
མངོན་པར་རྫོགས་པའི་སངས་རྒྱས་ཐོབ་པ་སྟོན་པའི་འཁྲུངས་རབས་ཡིན་སོ་སྐད། །
ས་ཡ་དྲུག་ལ་རང་ལུས་འབུལ་བ་ཆོས་མིན་འཚེ་བར་སྨྲ་བ་འགའ། །
ཉི་མའི་འོད་ཀྱིས་ལོང་བར་འགྱུར་བའི་སྲིན་བྱ་མིན་ན་དེ་ཅི་ཞིག།།
དུས་དང་སྐལ་བ་འདི་འདྲ་ལ་ཡང་ཁ་ཅིག་ནང་དཀྲུག་ལས་ཀྱིས་བྲེལ། །
ཆོས་བརྒྱུད་ལུང་ཚན་བྱེ་བྲག་རེ་ཡི་ཞེན་ཁོག་ཕྲག་དོག་མེ་རུ་འབར། །
དཔའ་བོར་དགའ་བའི་བསྟོད་གླུ་མེད་པར་རྒྱལ་འཚོང་ལས་ཀྱིས་ཤི་བ་ནི། །
བདེ་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱི་མདུན་སར་གནོང་བ་མེད་འདི་མཚར། །
དེང་ན་སྤྲུལ་རྫུན་ཆུ་ཤིང་དར་མས་རྒྱལ་ཁམས་ཁེངས་པར་གྱུར་བ་ན། །
འགྲོ་བའི་སྡུག་བསྔལ་ཁ་ཚིག་ཙམ་གྱིས་གཞན་མགོ་ཧྲིལ་གྱིས་བསྐོར་བ་འདིས། །
བྱང་ཆུབ་སེམས་ཀྱི་རྩ་བ་ཕར་ཟད་རྩེ་མོའི་ཕྱོགས་ཙམ་མ་མཐོང་བའི། །
བདེན་པའི་མེ་ལྕེ་ལྷབ་ལྷུབ་བསྐྱོད་པ་དཔའ་བོ་དཔའ་མོའི་རྟོགས་བརྗོད་ཡིན། །
དགྲ་བོའི་དཔུང་ཆེན་འགུལ་བར་བྱེད་པའི་དཔའ་བོ་རེ་རེའི་འབོད་སྒྲ་དེ། །
དབང་དང་བཙན་གྱིས་འགོག་ཏུ་མ་བཏུབ་གླིང་བཞིའི་ཁྱོན་ལ་མཆེད་པ་འདིས། །
ཤ་ཡི་གསེང་ན་རུས་ཤིག་ཡོད་ཅིང་རུས་ཀྱི་གསེང་ན་རྐང་ཞིག་སྟེ། །
གདོང་དམར་དཔའ་བོའི་ཁྲག་རྒྱུན་དྲོན་མོ་རླབས་ཀྱིས་འཕྱོ་བའི་བརྡ་རུ་སོང་། །
ངུས་པའི་མིག་ཆུ་སྐམ་པ་མེད་པའི་གདོང་དམར་བོད་པའི་ངོ་གདོང་འདི། །
སྐྱོ་བའི་ཤུགས་རིང་འཛད་པ་མེད་པའི་ཐུ་བྷོད་བཙན་པོའི་རྒྱུད་པ་འདི། །
སྟོངས་པར་འགྱུར་བའི་གཡོ་སྒྱུའི་རྨི་ལམ་ཉིན་མོར་རྨི་བའི་སྲིད་གཞུང་ལ། །
བདེན་པའི་ངོ་བོ་མཐའ་ལ་དེད་པའི་དཔའ་བོའི་རྟོགས་བརྗོད་འདི་ཀོ་རྨད། །
ཐེ་ཚོམ་དྲ་བ་དུམ་སེར་ཆོད་པའི་གདོང་མཆོངས་དཔའ་བོ་དཔའ་མོའི་ཚོགས། །
ཉི་མ་རེ་རེར་གཅིག་འཕྲོར་གཅིག་གིས་འོད་ཀྱི་ཕོ་བྲང་བཞེངས་པ་འདི། །
བསམ་ཞིང་བསམ་ན་སྙིང་ཁམས་འགས་པའི་སྨྲ་བསམ་བརྗོད་ལས་འདས་པ་སྟེ། །
འཚེ་བ་མེད་པར་རྒྱལ་ཁམས་སྐྱོབས་པའི་ཐུ་བྷོད་བཙན་པོའི་རྟོགས་བརྗོད་ཡིན། །
སྔོན་ཚེ་གྲི་དང་མདུང་ལ་བརྟེན་ནས་དགྲ་བོ་བསྐྲད་པའི་གཏམ་རྒྱུད་ཡོད། །
ད་ལྟ་བདེན་པའི་མེ་ལྕེ་འདི་ཡིས་དགྲ་བོའི་སྙིང་ཁམས་བསྲེག་པར་བྱེད། །
འཚེ་བའི་སྒྱོགས་ཆེན་སྙིང་ཁར་གཏད་ཀྱང་བརྩེ་བའི་ཐལ་མོའི་ཁ་སིམ་ནས། །
གཞན་གྱི་ཆེད་དུ་རང་ཉིད་འདོར་བའི་དཔའ་བོ་དཔའ་མོ་ངོ་མཚར་ཆེ། །
བདེན་པའི་མེ་ལྕེ་དབེན་པའི་རི་ནས་གྲོང་དང་གྲོང་ཁྱེར་རེ་རེར་མཆེད། །
འཁྲབ་ལྡན་དམག་དང་དྲག་པོའི་མཚོན་གྱིས་འགོག་པར་མ་ནུས་བོད་ཁམས་ཁྱབ། །
དགྱ་བོད་བར་གྱི་ཤ་འཁོན་འདི་ནི་མི་ལོ་སྟོང་ལ་མི་འཛད་པའི། །
དམར་ནག་ཁྲག་གི་མཚོ་ཞིག་འཁྱིལ་ཡོད་རྣམ་ཤེས་སྟོང་གིས་བསྐོར་ནས་ཡོད། །
ཁྱེད་ཀྱི་ལྟེ་ཁྲག་ས་ལ་འཐོར་སྐབས་ལྷ་བསང་སྔོན་མོའི་བསུ་བ་ཡོད། །
ཁྱེད་ཀྱིས་གོམ་པ་དང་བོ་སྤོ་དུས་ཕ་རྒན་ཞིག་གི་རེ་བ་ཡོད། །
ས་ཡ་དྲུག་གི་ཆག་འཇིག་གླེང་བའི་བྱ་དཀའི་སྤྱོད་པ་དེ་འདྲ་ནི། །
ད་སྔ་འཛམ་གླིང་ལོ་རྒྱུས་ཁྲོད་ལ་བྱུང་བའི་གཏམ་གྱི་ཟུར་ཙམ་མེད། །
ཨ་མའི་ནུ་རིན་འཇིག་རྟེན་ཟས་རིན་དཔའ་བོ་ཁྱོད་ཚོས་སོད་སོང་ལོ། །
བོད་དུ་སྐྱེས་ཤིང་བོད་སྐད་བཤད་པའི་མགོ་ནག་བོད་དོན་ཆོད་སོང་ལོ། །
བསྐལ་བ་ཇི་སྲིད་མ་སྟོང་བར་དུ་དེ་སྲིད་གཟི་བརྗིད་ཉམས་པ་མེད། །
ས་ཡ་དྲུག་གི་སྙིང་གི་དབུས་ནས་གཏན་ཏུ་བརྗེད་པ་ག་ལ་ཡོད། །
༢༠༡༢ ༡༢ ༧ ལ་རྡ་སར་བྲིས།
དངོས་མིང་། ལྷ་ཆབ་སྦྱིན་པ། སྨྱུག་མིང་། གནམ་ལྕགས། དགུ་བཅུ་གསུམ་སློབ་གྲྭའི་སློབ་སྤྱི།
—————————————————————————————
དཔའ་བོའི་རྟོགས་བརྗོད།
རྡོ་རྗེ་དབང་ཕྱུག
ལྷུན་པོའི་ལྟོ་བ་དབྲལ་བའི་རྡུལ་གྱིས་ཁོར་ཡུག་མཛེས་མའི་བཞིན་མདངས་ཟོས། །
ཆུ་ཀླུང་མང་པོའི་བཞུར་རྒྱུན་བཅད་པས་གྲམ་ཐང་སྐམ་པོ་རླུང་བུས་བྱེར། །
རྡོ་དང་ལྕགས་ཀྱི་ལམ་ཐིག་རིང་མོས་རྒྱ་དམག་འདུར་བའི་འཚང་ཁ་གྱོན། །
ལྔ་བཅུའི་བགྲང་བྱར་ཆོལ་གསུམ་རི་ལུང་དམར་རླུང་འཚུབ་མའི་མུན་གྱིས་གཏགས། །
དགོན་གྲོང་མང་པོའི་མཁར་རྩིག་བསྒྱེལ་བའི་རྡུལ་ནག་སྤྲིན་པ་ཀླད་ན་འཁྲིགས། །
འཛིན་བཟུང་གཅར་རྡུང་འོ་དོད་གཟན་པོས་ཁོར་ཡུག་ལྷིང་འཇགས་ཕྱོགས་སུ་བདས། །
དམར་གསོད་ལྟོགས་གཟོད་མུ་གེས་བསད་གྲངས་འབུམ་ཕྲག་གཅིག་དང་ཉག་མ་གཉིས། །
གཤིན་རྗེ་གཤེད་མའི་འཕྲང་ལ་བརྫངས་མཁན་བརྩེ་མེད་དམར་པོ་རྒྱ་མིའི་གཞུང་། །
ཤིན་ཏུ་རྙེད་དཀའ་ཚེ་སྲོག་ལྗོན་པར་བདེན་པ་མེ་ལྕེའི་གོས་མནབས་ཏེ། །
ཞི་བ་དམ་པའི་བགྲོད་སྟངས་གཅིག་གིས་དམར་སྲིད་མནར་གཅོད་མུན་པའི་གོས། །
རལ་བའི་ཁུ་ཚུར་ནམ་མཁར་བསྒྲེངས་ནས་ཕྱིར་མིག་མེད་པར་ཕེབས་སྟངས་དེས། །
སེམས་དང་བསམ་པའི་གདགས་སྲིབ་གཉིས་ལ་དྲི་བ་རྣོན་པོས་ཡང་ཡང་གཙགས། །
མ་གཅིག་བུ་ལ་བརྩེ་བ་དེ་ཀོ་བརྩེ་བ་དམ་པའི་མཐའ་ཡིན་ཞེས། །
སྔོན་དང་ད་ལྟའི་དཔྱོད་ལྡན་སྟོང་གིས་གཏན་ཚིགས་རི་མོས་མནན་པ་ཡང་། །
རུམ་ན་འཛུམ་པའི་གཅེས་ཕྲུག་བཞག་ནས་ཨ་མའི་ཚེ་སྲོག་འབར་སྟངས་འདིས། །
མི་བདེན་རྫུན་གྱི་ཀློང་དུ་བསྒྱེལ་འདིས་བསམ་གཞིགས་སྣེ་ཞིག་སེམས་ལ་བསྲིངས། །
དལ་འབྱོར་ལུས་སྲོག་ཕངས་མེད་བསྲེགས་འདི་བསམ་པ་ཙམ་ཡང་བཟོད་དཀའ་བ། །
གཅིག་མིན་དུ་མའི་དཔུང་རྡང་སྦྲེལ་ནས་འབར་ཞིང་འབར་བའི་འོད་སྣང་འདི། །
ཕྲེང་འཛིན་ཕོ་མོ་རྒན་གཞོན་སྟོང་གི་ཡ་ཆུང་སེམས་ཀྱི་ཚེ་འབར་ཏེ། །
བསྐལ་བ་བསྐལ་བའི་བར་དུ་འབར་བའི་བརྡ་སྟོན་སྣེ་མོ་འདི་ན་འདུག།།
གསོད་གཏུབ་ཡ་ངའི་འཇིགས་པ་དང་ནི་གཡོ་བསླུ་འགོང་པོ་སྐྱ་ཁ་མར། །
གདོང་ལེན་ཁུ་ཚུར་གདན་དུ་བཏིངས་པའི་ཚེ་སྲོག་མེ་ལྕེའི་རྩེ་མོ་ན། །
སྤོབས་པས་བྲིས་པའི་རང་དབང་རི་མོ་གཡས་སུ་འཁྱིལ་བའི་ནང་རོལ་ནས། །
དཔའ་གདེང་གད་མོའི་འཛུམ་པ་གྲོལ་བ་དཔའ་བོ་དཔའ་མོའི་ཞལ་རས་མཇལ། །
སེམས་ཀྱི་ཆུ་བོ་མིག་ནས་བཞུར་བ་བཟོད་སྒོམ་རི་བོའི་གསེང་དུ་བབས། །
ཤིན་ཏུ་ཐེག་དཀའི་སྡུག་བསྔལ་ན་ཚས་ལུས་ཀྱི་རི་ལུང་མནན་པ་ལས། །
ཡར་ལངས་མགོ་བོ་བཙན་གྱིས་བཏེགས་ཏེ་རང་དབང་ཉི་མ་འབོད་པའི་བརྡར། །
ལུས་སྲོག་མེ་ལྕེའི་རི་བོ་བསླངས་འདིས་སྲིད་པ་གསུམ་གྱི་བླ་མཁར་མནན། །
བཟའ་བཏུང་ཞིམ་པོས་མཆོད་ཅིང་བོས་ན་ཁ་གདངས་མཆེ་བ་གཙིགས་པ་དག།།
ཚེ་སྲོག་འབར་བའི་མེ་ཡི་རི་བོ་ངུ་འབོད་ཀློང་ན་སྐྱོམ་པ་འདི། །
མིག་དང་རྣ་བ་ཡ་མཚན་དག་གིས་མཐོང་དང་ཐོས་པ་མེད་དམ་ཅི། །
དེ་རིང་ཞིང་ཁམས་གང་དུ་ཡོད་ན་སྐྱོང་ཡུལ་ཞིང་ལ་མིག་དཀྱུས་མཛོད། །
གླིང་ལྔའི་ཁྱོན་ན་བོད་གདོང་འཁུར་བའི་མི་བུ་ཆེ་ཆུང་ཚང་མས་ཉོནད། །
དམའ་བ་དོག་མོ་ས་ན་ཉལ་བའི་ལྷ་ཀླུ་གཞི་བདག་ཡན་ཆད་ཉོནད། །
མེ་ལྕེ་སྐྱོམ་པའི་རྒྱ་མཚོའི་ཀློང་ལ་སྤོབས་པས་བཞུད་པའི་གཉེན་ཉེ་ཚོར། །
གདུང་སེམས་གློ་སྙིང་ཐང་ལ་འདིང་བའི་སེམས་པའི་རི་ལུང་སྒུལ་རོགས་གྱིས། །
སེར་པོ་གསེར་གྱི་ཁྲི་ན་འགྱིང་བ་བླ་མ་སྤྲུལ་སྐུའི་ཚོགས་དག་གསོན། །
བདག་གི་གཉེན་དང་ཉེ་དུ་འདི་ཚོ་བདེ་བ་ཅན་ལ་འདྲེན་མི་དགོས། །
གངས་ཅན་ཞིང་འདིར་ཡར་བསྐྱར་སྐྱེས་ནས་བདེན་དོན་རྩོད་པའི་དཔའ་སྙིང་གིས། །
དགྲ་བོའི་སྙིང་རྩ་སྤར་མོས་འཛིན་པའི་བྱེད་པོ་ཉིད་དུ་སྨོན་ལམ་ཐོབས། །
རྡོ་རྗེ་དབང་ཕྱུག ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་དང་སྤྱི་ཁྱབ་རྩོམ་སྒྲིག་པ།
——————————————————————–
དཔའ་བོའི་རྟོགས་བརྗོད།
_____དཔའ་བོའི་རྟོགས་བརྗོད་མེ་ཡིས་འབྲི།
ཨ་འཇམ། (སྦེང་ལོར།)
གངས་རི་དཀར་བོའི་ངོ་མདོག་བསླུ་བའི་ཤར་གྱི་མེ་སྒྱོགས་བོད་དུ་གཏད། །
ལྷ་ཁང་སེར་པོའི་དབུ་འཕང་བསྙིལ་བའི་རྒྱ་དམག་ཀི་སྒྲ་བོད་ནས་སྤེལ། །
ཕོ་བྲང་དམར་པོའི་གློ་མཆིན་བྲུས་པའི་གཞུང་ལུགས་གཏུམ་པོ་བོད་ལ་བཙུགས། །
བཙན་པོ་ཚང་གི་རུས་རྐང་བཅག་པའི་ལོ་རྒྱུས་ནག་པོའི་ཁ་བྱང་བྲིས། །
དགོན་སྡེ་གཏོར་བའི་རྩིག་རོ་འཛིང་བས་ཁ་བའི་སུལ་མོའི་ཞི་བདེ་རྒུད། །
རུ་གྲོང་བཅོམ་པའི་ཁང་ཤུལ་སྟོང་བས་ཕ་ས་དཀར་མོའི་གླུ་རྟ་ཉམས། །
སྦྲ་ནག་སྲེག་པའི་འབྲོག་ཐང་དབུལ་བས་ཐུ་བྷོད་ནམ་ཟླ་གློ་བུར་འཁྱག།།
དམར་པོའི་སྡིགས་མཛུབ་བོད་ལ་ཀེར་བས་གདོད་མའི་དཔལ་ཡོན་ས་ལ་བརྡབས། །
རྒན་པོ་ཁྲིམས་ར་ནག་པོར་དེད་པས་སྙིང་ལ་ལྕགས་ཐག་བྲབས་རིས་བབས། །
གཞོན་པ་ངལ་རྩོལ་འཕྲང་ལ་བརྫངས་པས་གདོང་ལ་མུ་གེར་ཐལ་བ་འཁོར། །
བྱིས་པའི་ངེས་མེད་དྭ་ཕྲུག་བསྐྱུར་བས་ཁེར་རྐྱང་ངུ་འབོད་བྲག་ཅར་རྒྱུ། །
སྨུག་པོ་གདོང་གི་མི་རྒྱུད་བཟང་བོ་གཞན་དབང་མེ་མདས་ཀུ་རེ་རྩེད། །
ཀླ་ཀློ་རྗེས་ལུས་དམོད་ཚིག་རྩེག་མའི་བྲན་གཡོག་ལྷན་པ་བོད་ལ་བརྒྱབ། །
རྨོངས་དད་མུན་འཐོམས་བརྙས་ཚིག་རྩུབ་མོའི་ཉེས་ཅན་ཞྭ་མོ་བོད་ལ་བསྐོན། །
ཁྱི་སྤྱང་ནོར་ནག་གཤེ་ཚིག་གཏུམ་པོའི་ལོ་དུས་སངས་མེད་བོད་ལ་བཏབ། །
འདི་ལྟར་དར་དམར་འོག་ཏུ་བཅུག་པའི་ཁ་བ་བོད་པར་ན་ཟུག་བཞག།།
ལོ་ཟླའི་མིག་ཆུ་ཞེ་ལ་འཁུར་བས་ས་བྱིའི་ཞི་རྒོལ་སྟོབས་ཀྱིས་འཕྱུར། །
བཙན་གནོན་འཁོན་སེམས་སྙིང་ལ་བཞག་པས་ཕུ་ནུའི་ལག་རྡང་གཅིག་ཏུ་སྦྲེལ། །
སྲིད་ཇུས་ནག་པོ་བྲང་ལ་བཙུགས་པས་ཚེ་སྲོག་མེ་ལྕེ་གྱེན་དུ་བསླངས། །
གངས་ཀྱི་ས་ཁྲ་འོད་དུ་གསལ་བའི་ཚེ་འབར་ཐིག་རིས་ལམ་ལམ་སྤེལ། །
ཞི་འཇགས་དགོན་པའི་ལྕགས་རིའི་འདབས་ན་མངགས་གཏོང་ཁང་གི་སོ་ཁུང་བསྒྲིགས། །
འབྲོག་ཐང་རྫོང་མཁར་སྲང་ལམ་བར་ན་དམག་མི་བཙན་པོའི་རུ་ཁག་བསྟར། །
ཁུ་སིམ་སྡེ་ཆེན་གྲོང་གི་མཐའ་ན་ཉེན་རྟོག་རླངས་འཁོར་འུར་སྒྲ་རྒོད། །
ཆོས་ལྡན་མི་རིགས་བག་ལྷོད་མེད་པའི་གཏུམ་དྲག་འཇིགས་སྣང་བསམ་བཞིན་བསླངས། །
བླ་མ་དམ་པ་ལྐོག་ཏུ་བཀྲོངས་པའི་གཡོ་ཇུས་ཁ་དང་ལག་པ་མྱུར། །
མཁས་དབང་མང་པོ་དམར་འཛིན་བྱས་ཏེ་མ་ཉེས་ཁྲིམས་ཀྱི་བྱང་བུ་བཀལ། །
སྐྱ་སེར་འཇོན་པོ་ཐབས་ཀྱིས་བཀུག་ནས་མུན་པའི་འཇིག་རྟེན་ཀློང་དུ་བཅུག།།
བདེན་པའི་གནས་ལུགས་ཁུངས་རྩ་མེད་པའི་ཕྱོགས་རིས་བཙན་པོའི་དབང་ཤེད་ངོམ། །
ལྟག་སྒོ་ཁོ་ནའི་ལམ་ལས་མེད་པས་མེ་ལྕེ་སྲོག་གི་ངར་གྱིས་བུས། །
སྒེར་གཅོད་ཐུ་མོའི་ཁྲིམས་ལས་མེད་པས་མེ་ལྕེ་བདེན་པའི་དོན་དུ་སྤར། །
རུལ་སུངས་སྟོང་སྐད་ཙམ་ལས་མེད་པས་མེ་ལྕེ་གཞན་དོན་ལས་སུ་བསྒྲོན། །
ཕྱོགས་རིས་ལམ་གྱི་སྲོལ་ལས་མེད་པས་མེ་ལྕེ་དྲང་བདེན་སླད་དུ་འུར། །
རྩ་བའི་བླ་མ་མཇལ་དབང་མེད་པས་མེ་ལྕེ་དད་པའི་སྟོབས་ཀྱིས་སྤེལ། །
སྨྲ་བརྗོད་རང་དབང་ཐོབ་ཐང་མེད་པས་མེ་ལྕེ་རེ་བའི་འབོད་པས་གསོས། །
འགྲོ་འདུག་འདོད་པའི་གདམ་ག་མེད་པས་མེ་ལྕེ་ཞི་བདེ་ཚིག་གིས་དཀྲོགས། །
རང་སྐད་སློབ་པའི་གོ་སྐབས་མེད་པས་མེ་ལྕེ་བོད་ཡིག་བླ་རུ་མཆོད། །
མེ་ལྕེ་འདི་ཉིད་གནོན་ཤུགས་འོག་གི་པོ་ཏཱ་ལ་ཡི་གཙུག་ཏོར་ཡིན། །
མེ་ལྕེ་འདི་ཉིད་ཁྲིམས་མེད་འོག་གི་གངས་རིའི་དཀར་པོའི་དབུ་འཕང་ཡིན། །
མེ་ལྕེ་འདི་ཉིད་སྒྱོགས་མདེལ་འོག་གི་རྨ་རྒྱལ་སྦོམ་རའི་བྲང་ཁ་ཡིན། །
མེ་ལྕེ་འདི་ཉིད་ལྕགས་སྒྲོག་འོག་གི་འབྲི་ཆབ་སྔོན་མོའི་ཟེ་བ་ཡིན། །
གྲྭ་བའི་ལུས་ཀྱི་མེ་ལྕེ་སེར་པོ་གནམ་སྡེ་སྒོ་མོའི་ཤ་ལན་རེད། །
མི་སྐྱའི་སྲོག་གི་མེ་ལྕེ་དམར་པོ་ཚོགས་ཆེན་རྫུན་མའི་ཁྲག་ལན་རེད། །
སློབ་མའི་སྙིང་གི་མེ་ལྕེ་ནག་པོ་སྲིད་ཇུས་ངན་པའི་ཡ་ལན་རེད། །
མི་མང་གཞུང་གི་མེ་ལྕེ་ཚ་བོ་ཡུན་རིང་ཉར་བའི་འཁོན་ལན་རེད། །
མེ་ལྕེ་ཐོགས་པའི་བུད་མེད་དཔའ་བོ་སྐྱབས་མགོན་འདྲེན་པའི་ཕོ་ཉ་ཡིན། །
མེ་ལྕེ་གྲུབ་པའི་ཨ་ནེ་མཛངས་མ་ཞི་བདེ་བསུ་བའི་སྐྱ་རེངས་ཡིན། །
མེ་ལྕེ་འཁྱུད་པའི་ན་གཞོན་རུ་ཁག་ལོ་རྒྱུས་ཤིག་གི་གསལ་བརྡ་ཡིན། །
མེ་ལྕེ་མཆེད་པའི་དུས་རབས་འདི་ཡང་རྟེན་འབྲེལ་ཞིག་གི་སྔོན་འགྲོ་ཡིན། །
ཁ་སང་སྤུན་ཟླར་ལག་ལྕགས་རྒྱག་མཁན་དེ་རིང་མེ་ལྕེ་སྤར་ནས་འཚོལ། །
མདང་ནུབ་བཀྱིག་རྡུང་མནར་གཅོད་འབེབ་མཁན་དེ་རིང་མེ་ལྕེ་ལམ་ནས་འདེད། །
ད་ནངས་བཙན་ཁྲིད་ཁྲོད་ནས་བོར་བ་དེ་རིང་མེ་ལྕེ་བསྐོར་ནས་འཛིན། །
འདི་ལྟར་དཔའ་བོའི་དམ་བཅའི་ཁྲོད་ན་ཉེས་ཅན་ངོ་གདོང་རྔུལ་ཆུས་སྦངས། །
གངས་རི་འབར་བའི་མེ་ལྕེ་ཆེན་པོ་དབུ་མའི་ལམ་གྱི་ས་ཐིག་ཡིན། །
རྩྭ་ཐང་མཆེད་པའི་མེ་ལྕེ་ངར་མ་འཚེ་མེད་པའི་ཞི་བའི་དཔང་རྟགས་ཡིན། །
མུན་ནག་གཤགས་པའི་མེ་ལྕེ་རྣོན་པོ་མི་མང་ཞིག་གི་སྙིང་སྟོབས་ཡིན། །
དུས་སུ་འཕྱོ་བའི་མེ་ལྕེ་མཐོན་པོ་ཕུ་ནུའི་སེམས་ཀྱི་མཚོན་དོན་ཡིན། །
ལྷ་ཡི་ལྡེབས་རིས་གྲི་ཡིས་གཤགས་པས་མེ་ཁ་སྙིང་གི་རུས་པར་སྤར། །
མགོན་པོའི་སྐུ་པར་རྡོག་པས་བརྫིས་པས་མེ་དཔུང་ཁྲག་རྩའི་སྦུབས་སུ་ཞུགས། །
གཉའ་གནོན་ཐམ་ག་ལག་པར་བཀོད་པས་མེ་ཞགས་མཆི་མའི་ཀློང་ནས་བསླངས། །
དྲག་རྡུང་སྦྱར་ཡིག་བཀའ་རྒྱ་བཀྲམས་པས་འུ་ཐུག་མེ་དཔུང་བོད་ལ་དྲངས། །
རང་ཉིད་སྤར་བའི་ལམ་ལུགས་གཙང་མས་གཞན་ཉིད་སྐྱོབ་པའི་སེམས་དཔའ་བྱུང་། །
མི་རིགས་ཤིག་གི་སྡུག་ཡུས་འགོག་ཕྱིར་མེ་ཡི་འོད་སྣང་བོད་ནས་མཆེད། །
དུས་རབས་འདི་ཡི་ལས་འགུལ་ཆེན་པོས་ས་ཆེན་ཡམ་ཡོམ་གཡོ་བར་བྱས། །
ཚེ་འབར་སྟོང་གི་ཟེར་མ་ཤར་བས་དཔའ་བོའི་ཞབས་རྗེས་འོད་དུ་འདྲེས། །
༢༠༡༢ ༡༡ ༡༣ ལ་བྲིས།
དངོས་མིང་། འཇམ་དབྱངས་ཚུལ་ཁྲིམས། སྨྱུག་མིང་། འདྲེ་མེ་འབུད། ཏཱ་ལའི་བླ་མ་མཐོ་རིམ་སློབ་གྲྭའི་དགེ་རྒན།
—————————————————————————————
དཔའ་བོའི་རྟོགས་བརྗོད།
ཁ་བ་སྐམ་པོ།
ཡར་ལུང་ཕུག་ནས་ཤུགས་ཀྱིས་བརྡོལ་བའི་སྤྲེའུ་རིགས་ཤིག་སྐྱེས་ནས་འཚར་བྱུང་། །
ལྷ་རི་གྱང་ཐོར་ཁད་ཀྱིས་བབ་པའི་བཙན་རྒོལ་རྒྱལ་རབས་ཕྲེང་བར་སྨིན་སོང་། །
ཁ་བ་རི་བོའི་ལྕགས་རི་རིང་མོ་ངང་གིས་གྲུབ་ཞིང་ལྷང་གིས་འབུས་དུས། །
རྟ་དམག་བྱེ་བའི་རྨིག་སྒྲ་གསོན་པོས་ཡ་གླིང་ཧྲིལ་བོ་འགེབ་ལ་བྲེལ་ཡོད། །
སྙིང་སྟོབས་ཁྲོ་ཆུའི་ཕ་བོང་རྗིད་པོ་ཁྲག་རྩའི་སྤུབས་ལ་འཁྱིལ་ཞིང་འཐིམས་ནས། །
རང་གི་རིགས་ཀྱི་འདུ་ཤེས་ཟབ་མོ་རུས་པའི་རྐང་ལ་འབེལ་བོར་འཕྱུར་དུས། །
བྷོ་ཊ་བ་ཡི་མཚན་སྙན་འོད་ཆེན་གོ་ལའི་སྒང་ལ་རིམ་གྱིས་འཕྲོས་ཞིང་། །
བོད་པ་ཚང་གི་གསེར་ནག་གཞི་རྐང་བཙུགས་ཤིང་ཚུགས་ནས་འདབ་ལོ་གྲོལ་ཡོད། །
སྔོན་གྱི་རྟོོགས་རིགས་རྡོ་རྗེ་ཕ་ལམ་བཙན་པོའི་མིག་ལས་མཁའ་ལ་འཕུར་ཞིང་། །
ཤེར་རྟོགས་རིག་པ་དུང་གི་མདའ་མོ་མཛངས་བློན་རེ་རེས་གངས་ལ་འཕངས་ཡོད། །
མ་མ་གྲོ་ཞིའི་སྐྲ་ཡི་ལན་བུ་དངུལ་དཀར་ཟོ་ཡི་ནང་ལ་བསླས་བ། །
ཨེ་མ་བཙན་པོའི་བུ་ཡི་སྦྲ་ཁྱིམ་སྣུམ་ཞགས་གྱི་ལེར་གླིང་ལ་བརྒྱང་ཡོད། །
ཉེར་གཅིག་དུས་ཀྱི་མགོ་རྐང་བསྒྲིགས་དུས་བཙན་པོའི་སྙིང་སྟོབས་མྱེ་ལྕེ་ཆིལ་ཆིལ། །
རིགས་ཞེན་འོ་མའི་མཆོངས་གར་རྩེ་ནས་སླར་ཡང་འབུས་སོ་བཙན་པོའི་རྟོགས་རིགས། །
དད་འདུན་ཆུ་ཤེལ་ཟླ་བའི་དཀྱིལ་དུ་བཅོས་རྫུ་མཚན་མའི་རི་བོང་འགྱིང་མེད། །
ལར་རྒྱའི་གསེར་ནག་སྒལ་ཚིགས་སྦོམ་པོ་སྲོང་ངེར་བསྲིང་ཡོད་ཨ་མའི་བུ་རྒོད། །
ཤེས་པའི་རྒྱུད་ཀྱི་ཆོད་སེམས་ཟླུམ་པོ་ཕྱིར་ལྡོག་མེད་པའི་བཞི་ཤད་གླན་ནས། །
གློ་མཆིན་མཚམས་ཀྱི་དམ་ཚིག་བརྟན་པོ་ཕྱག་རྒྱ་ཆེན་པོས་ཡང་ཡང་བཅིངས་སོང་། །
གོ་ལ་གསལ་བའི་སྒྲོན་མེ་འོད་ཆེན་ཡང་དང་ཡང་ནས་རབ་ཏུ་སྦར་བ། །
གངས་རིར་དཔར་བའི་རྟོགས་བརྗོད་གསོན་པོ་དུས་མཐའི་མེས་ཀྱང་འཚིག་པ་མི་གདའ། །
དལ་བརྒྱད་འབྱོར་བཅུའི་ཉེ་བར་ཕྱུག་པའི་སྲོག་གི་རྒྱུ་བ་གསེར་ནག་ལན་ཛ། །
སྒང་བ་བོད་ལ་སྐྱེས་སུ་བཏེགས་པའི་ཤེལ་དཀར་ཟླ་བའི་དུང་ཕྲེང་འཛོམས་པོ། །
མྱེ་ལྕེའི་གྱི་ལིང་གཤོག་ཐོགས་རེ་རེ་ཆིབས་པར་བཅིབས་པའི་བཙན་པོའི་དཔུང་རྒོད། །
གངས་རིའི་སྤོ་ནས་ཧྲག་བསྡུས་གཤར་བ་རྟོགས་བརྗོད་དངུལ་གྱི་སྙེ་མ་ཕོན་པོ། །
མྱེ་ལྕེའི་མེ་ཏོག་ཆུན་པོའི་ཀློང་ནས་རི་སྡེ་དཀྲོགས་པའི་གད་རྒྱངས་ཚོན་པོ། །
དད་སེམས་གོར་མའི་ཆིངས་བུར་བཏབ་པ་ཁྲི་ལོར་འབོད་པའི་དུང་བརྡ་གསལ་བོ། །
རིགས་ཞེན་འོ་མ་དཀྲུགས་པའི་མར་ལོ་ཐང་མར་བརྡལ་བ་དཔའ་བོའི་རུ་དར། །
བསིལ་ལྗོངས་བོད་ཀྱི་འབྲོང་རྒོད་དུམ་བུའི་རྟོགས་པ་བརྗོད་པ་བདུད་རྩིའི་ཕོར་བ། །
བྱམས་བརྩེའི་དུང་བ་རུས་པར་འཐིམས་པའི་ཕ་ལོ་མ་ལོའི་སྙིང་གི་ནོར་བུ། །
ཤ་ལས་སྨིན་པའི་བུ་ཕྲུག་དག་གིས་མིག་ཟུང་གཏད་པའི་བ་སོའི་རྒྱབ་རི། །
མཛའ་མཐུན་འོ་ཆུ་གཅིག་ཏུ་འདྲིས་བའི་ཞེ་མཐུན་རོགས་ལོས་དྲན་པའི་དྭངས་མ། །
འདི་དག་ལས་ཀྱང་མི་རིགས་ཤིག་ལ་གློ་བ་གཏད་པ་རྨད་བྱུང་རྟོགས་བརྗོད། །
མཁའ་ལ་གཤེགས་པའི་གངས་སེང་དག་ལ་ཆོལ་ཞེན་སྡུག་གི་ཚེར་མ་མེད་ལ། །
ལམ་ལ་བཞུད་པའི་དཔའ་རྒོད་དག་གི་ཕྱོགས་གཅོད་ལྐོག་གཡོའི་གྲི་ཐུང་བཏགས་མེད། །
ད་དུང་དུ་ཡང་ལུང་ཚན་བར་ལ་དབྱེ་འབྱེད་ཧམ་པའི་ཁ་ཤོམ་དག་ནི། །
ལ་རྒྱའི་གོང་བུར་སྨིན་ཐག་ཆོད་པའི་གངས་ཅན་པ་ཡི་གཉུག་གཤིས་མ་ཡིན། །
རིགས་ཞེན་གཏེར་མཛོད་སྒོ་མོ་ཕྱེས་ཤིང་འཚེ་མེད་ལྟ་བུར་འཐམ་ཞིང་བཏབ་པ། །
མི་ཚན་གཞན་ལ་ཅིས་ཀྱང་དབེན་པའི་རིན་ཆེན་ནོར་བུ་ཆ་ལག་བདུན་འཛོམས། །
རང་དབང་གསར་བའི་ལམ་རྒྱགས་མོད་པོ་ཁ་བ་རི་བར་ཡང་ཡང་ཕུལ་བའི། །
རྟོགས་བརྗོད་ཤེལ་གྱི་འཛུམ་ཆུང་དྲོན་མོ་ཁ་བ་སྐམ་པོས་ངག་ལས་འཕུར་སོང་། །
2012/11/14ཉིན་བྲིས་གྲུབ།
དངོས་མིང་། བྱམས་པ་དགེ་འཕེལ། སྨྱུག་མིང་། ཁ་བ་སྐམ་པོ། ནོར་གླིང་མཐོ་སློབ་ཀྱི་སློབ་མ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
འབྲོང་དར་རྒྱས།
བདེན་པའི་སྙིང་པོ་སྲོག་ལ་ཞུགས་པའི་ཁ་བའི་ལས་དབང་རླུང་གིས་བྱེར། །
དམུ་ཐག་གསོན་ཤུགས་རྒྱུད་སྐུད་ཕྲ་མོ་རེ་བཞག་སྟོང་གི་དཔང་དུ་བཙུགས། །
མངོན་འདོད་བློ་རིག་ཞི་རྒོལ་རྩལ་ཆེན་དམར་པོ་མེ་ཡི་སྟོབས་སུ་མཆེད། །
ཞི་བའི་ཁམས་ནས་ཞི་བའི་སྙིང་པོ་ཐབས་དང་ཤེས་པའི་ཁམས་ལ་འཐིམས། །
སྲ་མཁྲེགས་སྙིང་པོ་སྟོབས་ཀྱིས་བསྲིངས་ཤིང་འཇུག་པ་མཁའ་མཐའི་ཀློང་ལ་འཁྱར། །
དམིགས་མེད་ཞེན་ཆགས་ཞི་བའི་བདེན་དོན་རྒྱལ་གཅེས་དཔའ་བོའི་བཞུད་ལམ་སྟེ། །
ཡང་དག་འཇུག་ངོགས་ཐབས་དང་ཤེས་པས་བདེན་དོན་མཁའ་ཡི་ཀློང་རིམ་ནས། །
ངོ་མཚར་རྒྱལ་སྲས་དཔའ་བོའི་རྟོགས་བརྗོད་དམར་པོ་མེ་ཡི་གཞུང་ནས་བསླངས། །
བྱམས་ལྡན་ཕ་མ་སྐྱོར་ཞིང་གཉོར་བའི་འཇིག་རྟེན་གནས་མའི་དགུ་ཚིགས་འཐོར། །
སྙིང་རྗེ་བྱིས་པའི་འཛུམ་ཀོང་མེ་ཏོག་ན་རཀ་འབྱུང་བོའི་ཚོགས་ཀྱིས་འཇིབས། །
བརྩེ་ལྡན་མཛའ་མོའི་མི་ཚེའི་བཅུད་སྙིང་རྡོ་རྗེའི་སྲོག་གི་འཚེར་ཡ་ཤོར། །
དོན་གྱི་བདེན་པའི་གནས་སྣང་འདི་ཀོ་སུ་ཡིས་བཟོད་པར་འཚལ་ལམ་ཅི། །
རྒས་ཤིང་འཁོགས་པའི་རྒན་རྒོན་མང་པོས་ཚེ་རྟེན་བུ་ལོ་དྲན་ཞིང་ལྷགས། །
དམར་འབྱར་བྱིས་པའི་ངུ་ངག་གཟན་པོས་བྱམས་པའི་ཕ་མར་རེ་ཞིང་འབོད། །
དུངས་ཅན་བཟའ་ཟླའི་གོམ་སྒྲར་སྒུག་པའི་ཁེར་རྐྱང་སྐྲ་ལོ་འཛིང་ཞིང་གཟེངས། །
ཀྱེ་ཀྱེ་ཁ་བའི་ལས་དབང་འདི་དག་གནམ་གྱི་རྒྱལ་མོས་བསྐོས་སམ་ཅི། །
ཁ་བའི་བསོད་ནམས་ཆུང་བས་ཡིན་ནམ་ལྷ་ཚོགས་དགྱེས་བསྐྱེད་གཡས་ལ་ཐལ། །
ཁ་བའི་དབུ་འཕང་ཉམས་པས་ཡིན་ནམ་ཀླུ་ཚོགས་སྡོང་གྲོགས་གཡོན་ལ་ཤོར། །
ཁ་བའི་དཔུང་སྟོབས་ཞན་པས་ཡིན་ནམ་རྒྱལ་ཚོགས་དབང་ལྔ་ཉམས་ཤིང་དིག །
ཁ་བའི་ལས་དབང་འཕྱུག་པས་ཡིན་ནམ་རྒྱུ་འབྲས་རྒྱ་མ་ཡོ་ཞིང་འཁྱོག།།
བཟོད་མེད་ན་ཟུག་མེ་ཡིས་བསླངས་ཏེ་འཇིགས་མེད་ཚེ་མཐའི་སྲོག་ལ་རྒོལ། །
ཞུམ་མེད་དཔུང་སྟོབས་རྣོན་པོའི་རལ་གྲིས་དམར་ནག་མཚང་གི་གཏིང་རིམ་བྲེགས། །
ངེས་དོན་བདེན་པའི་མེ་ལྕེ་དམར་པོས་འཛམ་གླིང་ཆེ་རྒུ་མཚར་ལ་བཀོད། །
རྒྱལ་སྲས་དཔའ་བོའི་ཞེན་ཆགས་ཕྱིར་མིག་མེ་ལྕེའི་ཀློང་ནས་བོད་ལ་འཕངས། །
ཁྱེད་ཚོ་བཞུད་པའི་རྩུབ་དྲགས་བཤུལ་ལམ་ཚ་རྒྱུད་དག་གི་རྐང་པར་འཁྲེན། །
ཁྱེད་ཚོས་བཞེངས་པའི་ནུབ་མེད་རྡོ་རིང་འཛམ་གླིང་ཟླུམ་པོའི་གཙུག་ན་ཡོད། །
ཁྱེད་ཚོས་བཞག་པའི་ཞལ་གྱི་ཆེམས་ཡིག་ས་ཡ་དྲུག་གི་རུས་ལ་བབས། །
ཁྱེད་ཚོའི་སྐུ་ཡི་ལུས་སྲོག་ལོངས་སྤྱོད་ཁ་བ་རི་བའི་ཞིང་ལ་འཐིམས། །
གཡོལ་མེད་ཆོས་གཤིས་གཟུགས་སུ་བསྐྲུན་པའི་ངེས་དོན་བདེན་པའི་སྙིང་སྟོབས་ཡོད། །
ཟླ་མེད་བློ་གྲོས་དཔུང་དུ་བསྒྲིགས་པའི་དཔའ་སྙིང་སྟག་གི་མཆེ་སྡེར་ཡོད། །
ཞིག་མེད་ཆིག་སྒྲིལ་ཐགས་སུ་སྦྲན་པའི་མཛའ་མཐུན་ཞི་བའི་གདེངས་ཀ་ཡོད། །
དྲང་སྙོམ་རྒྱུ་འབྲས་བློ་མིག་བཀྲ་བའི་གླིང་བཞིའི་ཁམས་ཀྱི་གནས་ལུགས་ཡོད། །
སྣང་སྲིད་འཇིག་རྟེན་ཡངས་པོའི་ངོགས་ན་རེ་བཞག་སྟོང་གི་ཞེན་ཆགས་ཡོད། །
བདལ་དྲུག་མེས་པོའི་རྒྱུད་རུས་ཚལ་ན་རྣོ་དབལ་བཙན་གྱི་གསོན་སྙིང་ཡོད། །
ཕས་རྒོལ་གཡུལ་སའི་ཁྲག་དམར་ཀློང་ན་ཡལ་མེད་དཔའ་བོའི་ཞལ་ཆེམས་ཡོད། །
སྲ་མཁྲེགས་སྲོལ་གྱི་འཇིགས་རུང་ཁམས་ན་ཨུ་ཚུགས་དོན་གྱི་བདེན་པ་ཡོད། །
མར་མེའི་མཆོད་པས་ཐར་ལམ་གསལ་མིན་ངེས་དོན་དེ་ཉིད་མ་མཐོང་ཡང། །
ཤུལ་ལུས་བོད་མིས་བརྒྱ་ཚར་མཆོད་མེའི་འོད་ཀྱི་ཕུང་པོ་སྟོང་དུ་བརྩིགས། །
བསྔོ་སྨོན་གསོལ་འདེབས་ཁྱོད་ལ་ཕན་པའི་ཡང་དག་རིགས་ལམ་མ་རྙེད་ཀྱང་། །
སྐྱིད་སྡུག་གཅིག་གི་རྒྱུན་ཐག་འཕྲེང་འདིར་མགོ་ནག་བོད་པས་ཧྲིལ་གྱིས་བསྒྲིལ། །
མགྲིན་པའི་གྲེ་བ་འགྱུར་དུ་ཁུགས་པའི་གླུ་ཡིས་ཁྱེད་ཅག་ལྷང་ལྷང་གྱེར། །
ལོ་རྒྱུས་གླེགས་བམ་མཐུག་པོའི་གསེང་ནས་ཁྱེད་ཅག་གསེར་ཡིག་འབུར་མས་གྲུབ། །
ཆོས་སྲིད་བསྟན་པའི་གདུགས་དཀར་ཡུག་ལས་ཁྱེད་ཅག་འགྱུར་མེད་རྡོ་རིང་རེད། །
སྙན་ངག་མཁན་པོའི་གསེར་སྙུག་རྣོན་པོས་དཔའ་བོའི་རྟོགས་བརྗོད་འདི་ལྟར་བྲིས། །
རྣོ་ངར་འབྱུང་བོའི་བཙན་སྟོབས་སྲིད་བྱུས་ལྡོག་མེད་ལྕགས་ཁྲབ་ཟོལ་མ་སྟེ། །
འབྱུང་གཞི་འཁོར་མའི་བགྲོད་རིམ་མཚམས་ནས་རིང་ལྡོག་ཆོས་ཉིད་ཡང་དག་གིས། །
ཐོག་སེར་ཁངས་ཆར་འཁྲིགས་རིམ་ཀློང་ནས་འཕོས་པའི་སྣང་ཚུལ་རེ་རེ་འདིས། །
རྒྱལ་གཅེས་དཔའ་བོའི་རྟོགས་བརྗོད་འདི་ཀོ་འགོག་མེད་སྙིང་གི་དབུས་ནས་ཐལ། །
དངོས་མིང་། འབྲོང་བློ་བཟང་དར་རྒྱས། སྨྱུག་མིང་། འདྲེ་མྱེ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
____རྒྱང་རིང་ནས་འཚིག་བཞིན་པའི་ཕུ་ནུ་ཚོར་བལྟས་པ།
ཏཱ་ན་བློ་བཟང་།
ཀེར་རེར་སྒྲེངས་པའི་དཔའ་གདེང་རྒོད་པོ་ནམ་མཁའི་མཐོངས་སུ་བཞེངས་ནས་སོང་། །
རང་ས་སྲུང་བའི་དམ་བཅའ་གོར་མོ་གསེར་འོད་ལམ་ལེམ་འཁྱུག་ནས་སོང་། །
ཤར་རླུང་འཚུབ་པའི་ལྕགས་འཛེར་སྐྱ་བོས་མི་སེམས་རེ་རེར་བསྣུབས་ན་ཡང་། །
གཅེས་པའི་སྲོག་དེས་མེ་ལྕེ་ཀློང་ནས་ལ་རྒྱའི་ངར་སྐད་སྒྲོག་བཞིན་སོང་། །
འབྲོང་ཁྱུ་གཤར་བའི་རྫ་ལམ་སྨུག་པོར་ཚོར་བའི་གློག་ཞགས་བསྐྱིལ་ནས་སོང་། །
རྒོད་པོ་འཕུར་བའི་མཁའ་ལམ་རེ་ན་ལྷ་ཆེན་ཚངས་པའི་ཐིག་སྐུད་ཡོད། །
ཐ་སྙད་སྒྲིག་པའི་གསང་ཚིག་དེས་ཀྱང་ས་ཆེན་བྲང་གཞུང་བཤགས་ནས་སོང་། །
གཅེས་པའི་སྲོག་གི་མདུན་རྒྱབ་རེ་ན་བདེན་པ་སྟོང་གི་ལེའུ་ཡོད། །
འཁྱག་ཤི་ཐེབས་པའི་རི་བོའི་བསྟར་ཕྲེང་ལང་ལོང་འཐིབ་པའི་སྨུག་པས་བཟུང་། །
སྐྱོ་གདུང་སེལ་བའི་དགུ་ཆུའི་རླབས་སྒྲ་གཡོ་འཛུམ་ཁྲོད་ནས་དུར་ཏུ་སྦས། །
ཐུར་ཏུ་བབ་པའི་ལོ་རྒྱུས་འདི་དག་ཁྱེད་ཚོས་ཁ་ལོ་བསྒྱུར་བཞིན་སོང་། །
གཅེས་པའི་སྲོག་གི་དཔང་བོ་འདི་ལ་ལྷ་དབང་ཆེན་པོས་མགོན་སྐྱབས་གཟིགས། །
ཨ་མ་འབོད་པའི་ཨག་སྐད་གཉོམ་པོ་ཕྱིར་མིག་ཁྲོད་དུ་ལུས་ནས་སོང་། །
ཨ་ཕས་བོས་པའི་སྐད་གདངས་སྦོམ་པོ་མེ་འོད་ཁྲོད་ནས་བསྐྱར་ཏུ་ཐོས། །
ཤི་གསོན་མཚམས་ཀྱི་འཇིགས་སྐྲག་ཀློང་ནས་བཟའ་ཟླ་བུ་ཕྲུག་སྣང་བཞིན་སོང་། །
གུས་ཞུ་གུས་ཞུ་འཛམ་གླིང་མི་རིགས་གཅེས་པའི་སྲོག་འདིར་གཟིགས་རོགས་ཞུ། །
ལྷབ་ལྷབ་འབར་བའི་མེ་ལྕེ་ལྡོམ་པོ་ཚ་གདུག་ཉི་མར་འདྲེས་ཏེ་སོང་། །
ཤ་པགས་གས་པའི་ཙག་སྒྲ་རྩུབ་མོས་གསོན་པོའི་བླ་སྲོག་སྒུལ་བཞིན་སོང་། །
ཕྱི་བགྱེ་ནང་བགྱེ་ཕྱག་རྒྱ་ཆེན་པོས་༧གོང་ས་མཆོག་ལ་སྒུག་བཞིན་སོང་། །
གཅེས་པའི་སྲོག་གི་དཔང་བོ་འདིས་ཀྱང་བདེན་པའི་སྒོ་མོ་རྡུང་བཞིན་སོང་། །
གཡུ་འབྲུག་འཁྱུག་སའི་ཕ་ས་སྨུག་པོ་ཤ་རུས་འཚིག་པའི་བསུར་དྲིས་བཟུང་། །
ཨ་མ་ཞིག་གི་སྡུག་གི་ངུ་ཤུམ་མཚན་སྨག་ཁྲོད་ནས་ཡང་ཡང་བཞུར། །
ཨ་ཕ་ཞིག་གི་ཨུ་ཚུགས་མིག་ཆུས་ཕུ་ནུའི་སེམས་ཀྱང་ཡང་ཡང་བརླན། །
ཕ་ས་ཤོར་བའི་དུས་ལོག་འདི་ཡིས་ཁྱེད་ཚོའི་གཅེས་སྲོག་འཕྲོག་ནས་སོང་། །
ཞི་བ་དུང་གི་ཁ་བ་རང་འབབ་བོད་པའི་དཔའ་བོ་དཔའ་མོ་ཚོ། །
རྒོད་པོ་ཁྲོས་བའི་སྙིང་སྟོབས་དྲོད་མོ་གསོན་པོའི་མིག་ཆུའི་རྒྱུན་ན་ཡོད། །
ཡུན་རིང་སྒུག་པའི་འདུན་པ་དེ་ཡང་གསོན་པོའི་རུས་པའི་རྐང་ན་ཡོད། །
བདེན་པ་འཚོལ་བའི་ལེའུ་འདི་དག་གསོན་པོའི་སེམས་སུ་འཐིམ་བཞིན་ཡོད། །
༢༠༡༢ ༡༡ ༡༤ལ།
དེང་སྐབས་ངའི་ཕ་ཡུལ་གྱི་གྲོང་སྡེ་ནས་མེར་བསྲེགས་བསྟུད་མར་བཏང་བ་དང་། སྐབས་འདིར་ངས་ང་རང་རྒྱ་གར་ཡོང་བ་ཡང་ནོར་འཁྲུལ་ཞིག་ཏུ་བསམ་ནས་འགྱོད་པ་སྐྱེ་བཞིན། ཕ་ཡུལ་དུ་ཡོད་ན་མ་མཐའང་ཁོ་ཚོ་དང་སྡུག་གི་ཁུར་རོ་མཉམ་ཁུར་བྱེད་ཐུབ་ནི་རེད་སེམས་སྟེ། རང་གིས་རང་ལ་ལས་བརྡ་བྱེད་བཞིན། མིག་གིས་མཐོང་སའི་འཇིག་རྟེན་ཐམས་ཅད་སྐྱ་ཐང་ཐང་ཡོད་པའི་སྐབས་འདིར། གྲོགས་བོན་རྒྱས་ཚིག་འདི་འདྲ་མ་ཞིག་འབྲི་དགོས་པའི་ཁ་པར་ཡང་ཡང་ཐོན་པས། དེ་ལྟར་བྲིས་ནི་ཡིན་པས་འདིས་ཀློག་པ་པོ་དག་ལ་སུན་པོ་བཟོས་སོང་ན་དགོངས་དག་ཞུས་པ་ཡིན། ཚིག་སྦྱོར་དག་གང་གི་ཐད་ནས་ཡག་པོ་ཞིག་འབྲི་མ་ཐུབ་ཐལ།
དངོས་མིང་། ཏཱ་ན་བློ་བཟང་། སྨྱུག་མིང་། རླུང་ནག ལྗང་རླུང་རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་བ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
གཅན་ཡུ་མོ།
འདོད་རྒུའི་མེ་ཏོག་རྣམ་པར་བཀྲ་བའི་རྒྱུ་འབྱོར་ཟེའུ་འབྲུའི་དགའ་ཚལ་དུ། །
གནག་སེམས་སྤྲིན་རིམ་སྟུག་པོའི་རླུང་གིས་མཛེས་བའི་ཡུལ་འདི་ངར་གྱིས་བཅོམ། །
ཟུར་མིག་སྐྱོ་བའི་སྐྱེ་འགྲོའི་ཚོགས་ཀྱི་ཆགས་སྡང་ནག་པོའི་རྣམ་ཤེས་ལས། །
དྲི་བསུང་འཐུལ་བའི་མཛེས་ལྡན་ཞིང་དེ་བར་དོ་རླུང་གི་ཞགས་པས་བསྡམས། །
ཁ་སང་མི་ཞིག་དྲང་བདེན་ཟེར་བཞིན་མེ་ལྕེ་མཉམ་དུ་བཞུད་པ་ཐོས། །
གནས་ལུགས་དྲང་བོར་བརྗོད་ས་མེད་ཀྱང་སྲོག་གིས་བྲིས་པའི་འཕྲིན་ཡིག་མཐོང་། །
དྲག་སྤྱོད་ཅན་གྱི་རྒྱ་དམར་གཞུང་གི་གསང་བ་གཏོར་བའི་རྒྱབ་དཔུང་དུ། །
མཉམ་འབྲེལ་རྒྱལ་ཚོགས་སེམས་ཤིག་ཡོད་ཚེ་མགོ་བོ་མ་དུད་བདེན་ལུགས་སྐྱོངས། །
དེ་རིང་ནུ་ཞོ་དྲིན་གྱིས་སྐྱོང་མཁན་ཡུམ་ཁྱོད་སྡེ་ནས་འབར་སོང་ཟེར། །
མིག་རྩ་དམར་བོ་ལ་རྒྱར་གཏད་དེ་མི་རིགས་ཤིག་གི་རང་དབང་སླད། །
བྱིས་པས་ཨ་མའི་བེམ་པོའི་མདུན་དུ་དྲང་བདེན་གང་དུ་ཡོད་པ་དྲིས། །
ཨ་རི་རྒྱལ་ཁབ་སྙིང་ཞིག་ཡོད་ཚེ་ཁ་བ་བོད་པར་ལན་ཞིག་སྩོལ། །
ཤར་ནུབ་བར་ཏུ་མཚམས་འཇོག་མེད་པར་དྲང་བདེན་མེ་ལྕེ་ཡང་ཡང་འཕྱུར། །
རེ་བའི་མཐེ་བོང་གནམ་ལ་བསྐོར་བའི་གདོང་དམར་བུ་ཡིས་མ་བཟོད་པས། །
སྐྱོབས་པའི་ཉིན་ཞག་སྨོན་པས་བསུས་ཏེ་ཞུམ་མེད་དམ་བཅའ་ཕྲག་ཏུ་ཁུར། །
འོན་ཀྱང་ང་ཡིས་ཁྱོད་ལ་སྒྲུབ་པ་མ་ཎི་ཙམ་ཞིག་ཡིན་པས་སྐྱོ། །
ཇི་སྙེད་མཁྱེན་པའི་མེ་ལོང་གསལ་བ་འུ་ཅག་ཚང་ལ་མེད་ནའང་། །
ཆོལ་གསུམ་གཅིག་ཏུ་གཞོམ་མེད་ཚིག་གིས་སྤོབས་སེམས་བདག་འཛིན་བྱས་པའི་ཚེ། །
བདེན་པའི་མེ་ལྕེ་དགུང་ལ་འཕྱུར་བའི་ཉམ་ཆུང་སྲོག་གི་བདེན་ཚིག་དེར། །
མི་འགྱངས་ཞི་བདེ་དྲང་བདེན་བརྒྱུད་དེ་བོད་པའི་ན་ཟུག་ཚོར་འོས་སྙམ། །
མེས་པོའི་སྟོབས་དང་གཟི་བརྗིད་འཚོལ་བའི་གསེར་ཡིག་ཁྲོད་ཀྱི་དཔའ་བོ་ཁྱོད། །
ཐུབ་བསྟན་རྒྱས་པའི་ཚིག་གིས་མཆོད་སྦྱིན་ས་ཆེན་འདི་ཡི་སྤྱི་གཙུག་ན། །
རང་ལུས་གསེར་གྱི་རྨུ་ཐག་བཅད་དེ་བདེན་པའི་དཔང་གིས་བསྲེགས་ཉིན་ནས། །
ཤུལ་ལུས་གང་ཟག་མྱ་ངམ་ཐང་ནས་སྐྱོ་གདུང་སེམས་པ་རྣག་གིས་ཟགས། །
གཅིག་མིན་གཉིས་མིན་དཔའ་བོ་བདུན་ཅུ་ཕྲེང་བསྟར་བརྒྱུད་པ་རྒོད་པའི་ཀླུང་། །
ཐེངས་གཅིག་མི་སྙན་གཏམ་ངན་ཐོས་པ་འཇིག་རྟེན་ཞིག་གི་ཆོས་ཉིད་ཟེར། །
འོན་ཀྱང་ཉིན་མཚན་དབྱེར་མེད་ཐོས་པས་བཟོད་མེད་དྭ་ཕྲུག་སྡུག་གིས་འགྱེལ། །
འབྱུང་འགྱུར་ཞི་བདེའི་འོད་སྣང་འཕྲོས་ཡང་ཕ་མེད་བུ་དག་ཅི་ལྟར་འཚོ། །
གདུག་རྩུབ་མཚོན་གྱི་སྒྱོགས་རྡོའི་ཁྲོད་དུ་མི་ལོ་དྲུག་ཅུའི་ལོ་འཁོར་རེར། །
ཕྱོགས་བཞིའི་དྲང་བདེན་ཟེར་བའི་ཚོགས་ཁག་ཁ་ཡི་རླངས་པས་ཁྲོད་ན་འཚོ། །
ཧམ་སེམས་སྟོབས་ཀྱིས་དམར་ཕྱོགས་རྒྱ་ཡིས་ཤར་དང་ནུབ་ནས་དབང་བསྡུས་བས། །
མེ་ལྕེ་ཁྲོད་ཀྱི་དཔའ་བོ་དག་གིས་རེ་བའི་ཚེ་སྲོག་ཐལ་བར་གྱུར། །
དུས་མཇུག་ལས་ཀྱི་ངར་ཤུགས་ཁྲོད་ན་ལྷ་དང་བླ་མའི་མཐུ་ཡང་ཉམས། །
ཁྲག་དང་མེ་ལྕེ་དགུང་དུ་འཕྱོ་བོའི་དཔའ་བོའི་གཟི་བརྗིད་རྫུན་གྱིས་གཏུམ། །
སྙིང་སྟོབས་འཛུམ་དྲུག་མེ་ལྕེའི་ཁྲོད་དུ་འཕྱུར་བའི་དཔའ་བོ་ཁྱོད་ཀྱི་རྗེས། །
ལྷོ་མཐའི་རླུང་བུ་ཉམ་ཆུང་ཞིག་གིས་འགྱོད་གདུང་རི་ལ་བརྒྱུད་བཞིན་གྲགས། །
2012.11.14 ཉིན།
དངོས་མིང་། དྲུག་དཀར་འཚོ། སྨྱུག་མིང་། གཅན་ཡུ་མོ། རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གསར་འགོད་པ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
ཀླུ་མཚོ་སྐྱིད།
ཚེ་སྲོག་དང་པོའི་ངུ་སྐད་ཕྲ་མོ་གདོང་དམར་ཚང་གི་ཁྱིམ་ནས་གྱེར། །
མ་ཎི་ཡིག་དྲུག་དབྱངས་རྟའི་ཁྲོད་ནས་གངས་ཅན་པ་ཡི་མཚན་བྱང་འཁུར། །
ཡངས་པའི་རྩྭ་ཐང་སྟེང་ནས་འཚར་ཞིང་མཐིང་སྨུག་སྦྲ་ཡི་བདག་པོ་ཉིད། །
མི་རབས་ཤིག་གི་སྙིང་ན་འཚེར་བའི་དཔའ་བོ་དཔའ་མོར་ངོ་སོ་བསྟོད། །
ཤར་ཕྱོགས་ཀླ་ཀློའི་ཧམ་སེམས་གནག་པོས་ཨ་མའི་བྲང་གཞུང་བསྔོགས་པ་ཡི། །
ལོ་ཟླ་སྐྱུར་མོའི་གསེང་ནས་བརྡོལ་བའི་གཟུགས་མེད་རྨ་ཁ་སེམས་ལ་བཏོད། །
རྒྱ་སྟག་ཁྲ་མོས་ངར་སྐད་སྒྲོག་ཞོར་གཉའ་ནས་བཙན་གྱིས་མནན་གྱུར་ཀྱང་། །
མཐུན་སྒྲིལ་ལག་རྡང་དམ་དུ་སྦྲེལ་ཏེ་ལ་རྒྱའི་མེ་ལྕེ་དགུང་དུ་འཕྱུར། །
རིགས་ཞེན་དཀར་པོའི་འོད་སྣང་འཕྲོ་བའི་དཔའ་བོ་དཔའ་མོའི་དཔུང་ཚོགས་ཀྱིས། །
གཅེས་པའི་ཚེ་སྲོག་མེ་ལ་བསྒྲོན་ཏེ་བདེན་པའི་རྔ་སྒྲ་སྒྲོགས་པ་དེ། །
གངས་ཅན་པ་ཡི་བུ་རབས་ཚ་རྒྱུད་གཉིད་ལས་དཀྲོགས་པའི་དུང་སྒྲ་ཡིན། །
མུན་པ་སྟུག་པོ་འཐིབས་པའི་ཁྱིམ་དུ་ཉི་གཞོན་བསུ་བའི་སྐྱ་རེངས་ཡིན། །
ཤེས་རིག་སྐྱོམ་པའི་བླ་སྤྲུལ་མཁན་པོ་གྲྭ་བཙུན་སློབ་ཕྲུག་ཕོ་མོ་ཡིས། །
དལ་འབྱོར་ལུས་རྟེན་དྲག་ཏུ་འབར་དུས་སྲིད་པའི་གངས་དག་ཞུ་ལ་ཉེ། །
དམར་འབྱར་བྱིས་པའི་བརྩེ་བའི་མ་དང་སྲོག་ཤིང་ལྟ་བུའི་ཕ་ལོ་སོགས། །
ཁྱིམ་དང་བྲལ་ནས་རབ་ཏུ་འབར་དུས་ཁྲི་ཤོར་རྒྱལ་མོ་ཁོལ་ལ་ཉེ། །
དལ་འབྱོར་ཐོབ་དཀའི་ཚེ་སྲོག་རེ་རེ་དམར་པོ་མེ་ལ་འབར་ཐེངས་རེར། །
སྙིང་རྗེའི་སྤྱན་ཟུང་ཐོད་དུ་མངའ་བའི་ཕྱོགས་ཀྱི་འགྲོ་བ་གྲོགས་སུ་བཀུག །
ན་ཟུག་འབུམ་གྱི་འོ་དོད་ཀློང་ནས་ཞི་བའི་འབོད་ཚིག་སྒྲོག་ཐེངས་རེར། །
ཝ་མོའི་གཡོ་སྒྱུ་འཁྲབ་མཁས་དགྲ་ཡི་དཔོན་པོའི་རྫུན་རྐུབ་རབ་ཏུ་བརྡོལ། །
དཔའ་བོ་དཔའ་མོའི་བསུབ་མེད་ཞབས་རྗེས་ཁྲག་མདོག་དེབ་ཐེར་ཀློང་དུ་བཀོད། །
འོད་དུ་འཚེར་བའི་གསེར་གྱི་ཞལ་ཆེམས་མི་རིགས་ཤིག་གི་སྙིང་ལ་དཔར། །
ཡིད་ལ་དྲན་ཡང་ཇི་བཞིན་འབྲི་ལ་བརྡ་དང་ཚིག་གིས་མི་མཚོན་པའི། །
རིགས་ཞེན་དཔའ་བོའི་རྟོགས་བརྗོད་གསོན་པོ་འདི་ལྟར་སེམས་པའི་གཏིང་ནས་འཕྱུར། །
དངོས་མིང་། ཀླུ་མཚོ་སྐྱིད། ནོར་གླིང་མཐོ་སློབ་ཀྱི་སློབ་མ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
ཨ་རིག་དགེ་མཐོང་།ཝཱར་ཎ།
ཐུ་བྷོད་མེས་པོའི་དེབ་ཐེར་དཀར་པོ་ལུང་རིགས་རྣོན་པོའི་སོ་ཁ་ནས། །
ཤར་ནུབ་ཕྱོགས་བཞིའི་མཚམས་སུ་འཕངས་ཏེ་ད་ལྟ་ཀུན་གྱིས་ཤེས་ཚོད་ཡིན། །
སྲོང་བཙན་སྒམ་པོའི་བཞུད་ལམ་རེ་ན་མི་ཐེག་གསེར་གྱི་ཕྱི་རྗེས་ཡོད། །
དེ་ཡི་རྗེས་འཛིན་དམ་པ་དག་ནི་ད་ལྟ་གླེང་ན་རྫོགས་མཐའ་བྲལ།
ཙི་ནིའི་བཙན་འཛུལ་རླུང་ནག་འཚུབ་མ་གངས་རིའི་ལྗོངས་སུ་སླར་ཡང་བསླེབས། །
རང་ལུས་རིན་ཆེན་མེ་རུ་བསྒྲོན་ཏེ་ཞི་བའི་འོད་ཅིག་མདུན་དུ་བཤམས། །
སུ་ཡིས་མཐོང་ན་སེམས་འདར་རྒྱག་པའི་ད་ལྟའི་བོད་མིའི་སྙིང་སྟོབས་དེ། །
སྒྲོ་འདོགས་སྒེག་མོའི་ཞལ་རས་མི་འཚོལ་དཔའ་བོའི་རྟོགས་བརྗོད་གཏན་ལ་འབེབ། །
སྒང་བ་བོད་ཀྱི་རིག་གཞུང་ཀུན་ལ་དམར་ཕྱོགས་ཁྭ་ཏའི་མཆུ་ཏོ་གཡུག། །
རྒྱལ་བའི་གླེགས་བམ་ལྗིད་ཁོག་ཅན་དག་མེ་ལ་བསྲེགས་ཏེ་སྙིང་ལ་བསྙབས། །
ལོ་རྒྱུས་ཆུ་བོའི་བཞུར་རྒྱུན་ཅན་གྱི་ལྷ་རྟེན་ཆོས་གསུམ་ཆུ་ལ་བསྐྱུར། །
ཡ་ང་མེད་པའི་ཐུབ་ཚོད་འདི་འདྲ་ངེད་ཅག་བོད་མིས་འཁུར་ནུས་སམ། །
ལུང་རིགས་གདམས་ངག་རིན་མེད་གནང་བའི་བརྩེ་ཆེན་རྩ་བའི་བླ་མ་རྣམས། །
དམངས་ཀྱི་ཁུར་རོ་ཡིན་པར་བསྙད་དེ་གྲལ་རིམ་འཐབ་རྩོད་སྣེ་ནས་བཙུར། །
ཆོས་ལུགས་དད་མོས་ཡོད་རབས་སྨྲ་བའི་ཏང་གི་རྩ་ཁྲིམས་རྩུབ་མོ་དེ། །
བོད་རིགས་སྤུན་ཟླའི་གཉའ་ལ་བཞག་ན་འཁུར་བར་ནུས་སམ་གངས་ཅན་པ། །
བྱམས་བརྩེའི་ནུ་ཞོ་ཡང་ཡང་སྦྱིན་པའི་དྲིན་ཆེན་ཕ་མ་རྩིབ་ནས་བསད། །
ཤ་ལས་ཆད་པའི་གཅེས་པའི་བུ་ཕྲུག་སྐྱོང་བའི་གོ་སྐབས་མ་ཕྱིན་པར། །
ཉེས་མེད་གཅར་རྡུང་དྲག་པོའི་འོག་ནས་བཙན་གྱིས་བཙོན་དུ་བཅུག་པ་མང་། །
གདུག་རྩུབ་ཅན་གྱི་བརྙས་བཅོས་འདི་འདྲ་ང་ཚོ་སེམས་ཀྱིས་བཟོད་ནུས་སམ། །
ལམ་སྟོན་གནང་བའི་དགེ་རྒན་ལེགས་པོ་གློ་བུར་ཕྱི་མའི་ཡུལ་དུ་བརྫངས། །
དགེ་བ་སྒྲུབ་པའི་དགེ་སྦྱོང་དག་ལ་ཆ་རྐྱེན་མི་དགོས་བསད་ན་ཆོག །
སེམས་རྩ་གཉོམ་པའི་མང་ཚོགས་ཡོངས་ལ་དོན་མེད་འདྲི་གཅོད་སྣ་ཚོགས་ཡོད། །
སྒེར་གཅོད་དམར་པོའི་ལྟ་བ་འདི་འདྲ་བདག་ཅག་རྣམས་ཀྱིས་འཁུར་ནུས་སམ། །
མེས་པོའི་ཚེ་སྲོག་འབུམ་གྱིས་ཉོས་པའི་བོད་ཀྱི་སྐད་དང་ཡི་གེ་ལ། །
མགོ་དང་གཞུག་ནས་གཅོད་བྲེག་བྱས་ཏེ་ཕན་དང་ནུས་པ་མེད་པར་བྱས། །
ཁ་འབབ་ཆུ་བཞིའི་དྭངས་ཤ་བསྙོགས་ཏེ་གཙང་བའི་ཁ་དོག་གཞན་དུ་བསྒྱུར། །
ཁོར་ཡུག་གཙང་མ་བཙོག་པར་བསྒྱུར་བའི་ཁྲིམས་འགལ་འདི་དག་འཁུར་ནུས་སམ། །
རང་ལུས་མེ་བསྒྲོན་ཞི་བའི་ལས་འགུལ་རྒྱང་རིང་རྒྱུས་མེད་རྒྱ་གར་ནས། །
ཐུབ་བསྟན་དངོས་གྲུབ་ཐུགས་ལ་འཁྲུངས་ཏེ་ཁ་བའི་ལྗོངས་སུ་སྲོལ་བཏོད་གནང་། །
བོད་མིའི་བདེ་སྡུག་སྙིང་ལ་བཅངས་པའི་གངས་ཅན་དཔའ་བོ་དཔའ་མོ་ཚོས། །
དམར་པོའི་སྲིད་བྱུས་གཏིང་ནག་འདི་ཡི་སྔུན་ལ་བུད་དེ་མེ་ལ་བསྲེགས། །
རིགས་ལམ་སྨྲ་བའི་གྲྭ་གཞོན་བཀྲ་བྷེས་རྩོད་གྲྭ་བསྐྱུར་ནས་སྤྱི་དོན་བསྒྲུབས། །
བསམ་མེད་བྱིས་པ་གཞུག་ནས་བཞག་སྟེ་ཨ་མ་ཞིག་གིས་བདེན་མཐའ་བརྩད། །
ཁྱིམ་ཚང་ཁ་བཀོད་བྱ་ལས་གཡུག་ཏེ་རྒན་རབས་ཤིག་གིས་རྒོལ་ལན་སློག །
དགོན་དང་གྲོང་བའི་ཉེ་འདབས་རེ་ན་མེ་བསྲེགས་སྤུན་ཟླའི་བཞུད་ལམ་ཡོད། །
སྟག་ཤར་གཞོན་ནུ་དཔའ་བོ་ཞིག་གིས་བརྩེ་བའི་མཛའ་མོ་དོར་ནས་ཆས། །
ཆོད་སེམས་ཅན་གྱི་ཨ་ཕ་ཞིག་གིས་བཟའ་ཟླ་བུ་ཕྲུག་གཡུགས་ཏེ་མཆོངས། །
འཁོར་ཚོགས་མང་བའི་སྤྲུལ་སྐུ་ཞིག་གིས་ཆིག་སྒྲིལ་ཞལ་ནས་བསྐྱོར་བཞིན་ཕེབས། །
དཔེ་ཁུག་འཁུར་བའི་སློབ་བུ་ཞིག་གིས་ཤེས་རིག་ཐེམ་སྐས་བསྐྱུར་ནས་སོང་། །
མི་སེམས་སྒུལ་བའི་རྩོམ་མཁན་ཞིག་གིས་ཁམས་འདིར་ཁ་ཆེམས་བཞག་སྟེ་བཞུད། །
རྒན་གཞོན་དབྱེ་བའི་ཐ་སྙད་མེད་པར་དཔའ་བོ་འདི་དག་ཕེབས་ཤུལ་ན། །
ས་ཡ་དྲུག་གི་སེམས་ཀྱི་གཏིང་དུ་སྔར་མེད་ཁྲག་གི་གོང་བུ་ཞིག །
སྙིང་དང་གློག་མཆིན་ཡོངས་ལ་ཁྱབ་སྟེ་བསྲན་ཡང་མི་ནུས་ལྕི་བ་ཞིག །
བསིལ་ལྡན་ལྗོངས་སུ་ཞི་བའི་མེར་བསྲེགས་དབུ་འཁྱུད་འབྲི་མཁན་རྔ་བ་ནས། །
གཅིག་རྗེས་གཉིས་མཐུད་དཔའ་བོའི་བགྲོད་ལམ་གོ་ལའི་སྟེང་དུ་འོད་ཆེམ་ཆེམ། །
རྟ་བོའུ་རྫོང་གི་དཔའ་བོའི་མེ་སྟག་དེ་ཡི་ཁ་སྣོན་ཚུལ་དུ་མཆེད། །
ཆབ་མདོའི་ཕྱོགས་ནས་དེ་དང་ཆབས་ཅིག་སླར་ཡང་ཁ་སྣོན་འཕར་མ་གནང་། །
ཀན་ལྷོའི་ཁུལ་ནས་གངས་ཕྲུག་དཔའ་པོ་མེ་ལ་བསྒྲོན་པའི་འོད་ཅིག་འཁྱུག །
འབར་ཁམས་ཡུལ་ནས་འབར་སྟངས་དེ་ཡང་བལྟས་ན་སེམས་ཀྱིས་བཟོད་པར་དཀའ། །
ནགས་ཆུ་འབྲི་རུའི་མེ་ལྕེ་མཆེད་པ་ནགས་ཚལ་བསྲེགས་པའི་དཔེ་ཟླ་ཉིད། །
བླ་བྲང་ཕྱོགས་ཀྱི་རང་ལུས་བསྲེགས་ཏེ་ལ་རྒྱའི་འོད་སྣང་ཆེ་རུ་ཕྱིན། །
རེབ་གོང་རིག་པའི་འབྱུང་གནས་དེ་ནས་རང་རིགས་བསམ་སྟེ་བསྲེགས་པ་མང་། །
བོད་རིགས་སྤུན་ཟླས་ལག་ལྡང་སྦྲེལ་ཏེ་གདུང་སེམས་མཉམ་སྐྱེད་གནང་སྟངས་ལེགས། །
དཔའ་བོའི་སྐུ་ལུས་རྒྱ་ལག་མ་ཤོར་དཔའ་རྟགས་བསྟན་པ་བགྲང་ལས་འདས། །
ཁ་ཆེམས་ཡི་གེ་གཅིག་ཀྱང་མ་ལུས་གོ་ལའི་སྟེང་དུ་གོ་བར་བྱས། །
ཡུལ་གྱར་བོད་མིའི་ཡིད་སེམས་སྐྱོ་བ་ཟླ་བ་གཟའ་ཡིས་བཟུང་དང་མཚུངས། །
སྟོབས་ཆེན་རྒྱལ་ཁབ་ཆེན་པོ་དག་ལ་རེ་བའི་འབོད་སྐུལ་ཡང་ཡང་ཞུས། །
གཞུང་སྒེར་ཟུང་ནས་མཆོད་འབུལ་བསྔོ་སྨོན་དགེ་སྒྲུབ་རི་བོའི་གཏོས་དང་མཉམ། །
བརྩེ་བའི་སྡུག་གི་མིག་ཆུ་དྲོན་མོ་མི་རེའི་གདོང་ནས་ས་ལ་ལྷུང་། །
སྐྱབས་མགོན་སྤྱན་རས་གཟིགས་དབང་མཆོག་གིས་ཐུགས་ཀྱིས་ཁྱེད་ཚོར་གཟིགས་ནས་ཡོད། །
རིས་མེད་སྐྱེས་ཆེན་བླ་སྤྲུལ་ཡོངས་ཀྱིས་ཁྱེད་ཚོའི་རྣམ་ཤེས་འཚོལ་བ་དང་། །
ཆོས་སྡེ་མང་བོའི་འདུ་ཁང་དབུས་ན་འདོན་པའི་དབྱངས་རྟ་ཆད་ཀི་མེད། །
གང་ན་བོད་རིགས་རིགས་ཤིག་ཡོད་ན་དེ་ན་ཁྱེད་ཅག་གླེང་གིན་ཡོད། །
དལ་འབྱོར་མི་ལུས་མེ་རུ་བསྒྲོན་ཏེ་སངས་རྒྱས་བསྟན་པ་བསྲུང་བར་མཛད། །
རང་སྲོག་དམར་པོ་རྒྱ་ལ་ཕྱིན་ནས་བོད་ཀྱི་རིག་གཞུང་བདག་སྐྱོང་གནང་། །
གངས་ཅན་བོད་ཀྱི་ཁོར་ཡུག་གཙང་མ་གློ་སྙིང་ཕུལ་ཏེ་ཉར་བར་བརྩོན། །
མདོར་ན་ལུས་ངག་ཡིད་གསུམ་ཚུན་ཆད་བློས་བཏང་བྱས་པ་བོད་ཀྱི་སླད། །
སྟོང་ཕྲག་བརྒལ་བའི་ལོ་ཟླའི་ཁྲོད་ན་ནུབ་པ་མེད་པའི་འོད་ཟེར་དེ། །
སྟག་མོ་ལུས་སྦྱིན་གནང་བ་དེ་ཡང་འདི་ལས་ལྷག་ཅིག་མ་ཡིན་སྙམ། །
དྲི་མེད་ཀུན་ལྡན་མིག་ཟུང་སྦྱིན་པས་ས་ཆེན་མི་ཡི་སེམས་པ་བསྒུལ། །
མེ་བསྲེགས་བོད་མིའི་སྙིང་སྟོབས་ནུས་ཤུགས་དེ་དང་བསྡུར་ན་ཆེ་ཚུལ་ཡིན། །
རི་རྒྱལ་ལྷུན་པོ་ཁྱུར་མིད་བཏང་ཡང་ལྟོ་བ་མི་འགག་དམར་ཕྱོགས་གཞུང་། །
བདེན་པའི་དར་ཆ་མིག་ཁར་བཤམ་ཡང་འགུལ་རྒྱུ་མེད་པའི་རྒྱལ་ཁབ་མང་། །
གཞན་ལ་རེ་བའི་རྩ་རུལ་སྡོང་བོ་གཅེས་སྐྱོང་མ་མཛད་བོད་རིགས་སྤུན། །
ལ་རྒྱའི་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་རང་དབང་བདེ་སྐྱིད་སླར་གསོ་རེམ། །
ད་དུང་སེམས་ཀྱི་སྐད་ཆ་དམར་པོ་ཤོག་བུའི་སྟེང་དུ་འབྲི་འདོད་ཆེ། །
མི་དགོས་མི་མཛའ་ལས་ཀ་ལྕི་མོའི་འཚང་ཁའི་གསེབ་ནས་མ་ཐར་བས། །
མི་ཡུལ་བོད་ཀྱི་དཔའ་བོའི་རྟོགས་བརྗོད་མ་འཁྱོངས་བདག་སེམས་འཁྱག་ལ་འབྱར། །
མུན་ནག་མདའ་འཕང་བདག་གི་རྙོག་གཏམ་དེ་ཡང་འདི་ལྟར་རྫོགས་སོ་ལོ། །
2012/11/14་ཉིན་ཀཱ་ཤཱིའི་གྲོང་འབོད་པའི་གནས་མཆོག་དེ་ནས་ཚོར་སྣང་བཅས་ཤར་མར་གློག་ཀླད་ཀྱི་ངོས་སུ་བཏགས།
དངོས་མིང་། ཨ་རིག་དགེ་མཐོང་། སྨྱུག་མིང་། ཨ་ཚེ་འབར། སེར་བྱེས་རབ་འབྱམས་པ།
——————————————————————–
ཁ་བྱང་གཅིག་པའི་སྙན་ངག་གི་སྡེ་ཚོ་གཉིས་པ།
གངས་ཀྱི་ཟེ་བ།
དཔའ་བོའི་རྟོགས་བརྗོད།
རས་པ།
ཉི་མ་མཁའ་ལས་ལྷུང་བའི་ཆག་འཇིག་གིས ཁྱེད་ཀྱི་ལུས་པོ་འཚིག་ཅིང ང་ཡི་སེམས་པ་འཚིག
མུན་ནག་གི་འཇིག་རྟེན་འདིའི་སྟེང་དུ
ཁྱོད་ཀྱིས་སྲིད་པའི་སྒྲོན་མེ་བདག་ལ་སྦར་ཏེ
ཁོད་ཡངས་པའི་ནམ་མཁའ་སེམས་པར་བཞག
བདག་ལ་དགོས་ངེས་ཀྱི་ས་གཞིའང་མཐོང་བར་གྱུར
སྙིང་ཉེ་བའི་མི་ལགས
ཁྱོད་ཀྱིས་གཤོག་པར་བཞེས་པའི་མེ་ལྕེ་དམར་པོ
རང་དབང་གི་འདོད་མོས་ཤིག་ལགས་ཏེ
གཟོད་པར་དཀའ་བའི་འོད་སྣང་ལས
སྤྱན་ཆབ་བསིལ་བ་གནང་བྱུང
སྤྱན་ཆབ་བསིལ་བ་གནང་བྱུང་་་་་་་་་་་
༢༠༡༢།༡༡།༡༤ ཉིན།
དངོས་མིང་། འཇིགས་མེད་ཚེ་རིང་། སྨྱུག་མིང་། རས་པ། བཀའ་ཤག་ལོ་རྒྱུས་འབྲི་རྩོམ་ཚན་པའི་ལས་བྱེད།
—————————————————————————————
དཔའ་བོའི་རྟོགས་བརྗོད།
_____མེ་ལྕེ་དང་རྣམ་ཤེས་འཐབ་པ།
ཚེ་རིང་སྐྱིད།
ནམ་མཁར་སྐར་མ་མེད་ལ ཟླ་བའང་མེད་པའི་མཚན་མོ་ཞིག་ལ
ཏག་ཏག་རེད མཚན་མོ་དེར
བསིལ་རླུང་དང་སྡེབས་པའི་སྐད་ཆ་དེ་གསང་བའི་ཚུལ་གྱིས་གོ་བྱུང
མཚན་མོ་དེར་མགོ་བོ་སྔས་ལ་བཞག་སྟེ་ཇི་ལྟར་གཉིད་ཐབས་བྱས་ཀྱང
ངའི་སྟོང་བསམ་དུ
ངའི་འཆར་ཡན་དུ
མེ་ལྕེ་ལྷབ་ལྷུབ་འབར་ཡོང་ལ
ངའི་སེམས་ཀྱི་ཕྱི་ནང
དམར་པོའི་མེ་ལྕེ་ཡིས་བསྲེགས་སོང་བའི་སྣང་བ་ཞིག་གིས
བྲང་གཞུང་ལ་ལག་པས་ཡང་ཡང་རེག་དགོས་བྱུང
ངས་དེ་ལྟ་བུའི་ཐག་རིང་གི་སྐད་ཆ་ལ་ཉན་ཞོར
ཞོགས་པ་རེ་རེར་ཞེད་སྣང་དང་དངངས་སྐྲག་གིས་ཅི་ཞིག་གོ་ཡོང་བར་གཟབ་ཅིང
མཚན་མོ་རེ་རེར་སྐྱི་གཡའ་བའི་འོ་དོད་དང་འབོད་སྒྲ་ལ་བར་སྣང་ནས་རྣ་བ་གཡར་དགོས་བྱུང
འཚིག་བཞིན་པའི་ཁྱེད་ལ་ན་ཟུག་ཇི་ལྟར་ཆེ་བ་ལྟར
རེག་མི་ཐུབ་པའི་ང་ཡི་སེམས་པ་ཡང་ཁྱེད་ཚོ་དང་མཉམ་དུ་ཡང་ནས་ཡང་དུ་འཚིག་བྱུང
ཁྱེད་ཀྱི་རུས་ཐལ་དང་རྨ་དཀྲིས་ཀྱི་ཀློང་ན་དྲིན་ཆེན་མ་ལོ་ཞིག་གི་མིག་ཆུ་དྲན་ཡོང་ན
རྒྱུག་མི་ཐུབ་པའི་རི་ཀློང་དེ་རུ་ང་ཡི་རྣམ་ཤེས་ལྕེབས་ཐག་ལ་བསྐོན་པ་ལྟར
མིག་ཟུང་གྲངས་མེད་ཅིག་གི་མཆི་མའི་མཚོ
འབར་བཞིན་པའི་མེ་ལྕེ་འཇོམས་བྱེད་ལ་བཀོལ་ཚེ
འཇིག་རུང་གི་དོན་རྐྱེན་དེ་ཡང་ཡང་བྱུང་མེད་ཀྱང་སྲིད་ལ
ལག་ཟུང་བྲང་ཁར་སྦྱོར་བའི་སྨོན་ལམ་གྱི་དབྱངས་རྟ་དེ་དག
ཁྱེད་ཚོའི་རྣམ་ཤེས་འདྲེན་པའི་རྒྱབ་རོགས་དེ་ཡིན་སྲིད་ན
མིག་ཆུ་ཁྲག་ལ་འདྲེས་པའི་སྐྱོ་གར་འཕྲོ་རིམ་འཕྲོར་ཅི་ལ་བྱུང
དམར་པོ་མེ་ལྕེ་ཡིས་ཁྱེད་ཚོའི་བ་སྤུ་རེ་རེ་ནས་འཚིག་སྐབས
སེམས་པ་ཞེས་པའི་ང་ཡི་ཚོར་ཤེས་ཀྱང་ཁྱེད་དང་མཉམ་དུ་འབར་སོང་ལ
སྐྱི་ལྤགས་དང་ཤ་རུས་བསྲེགས་ཀྱིན་པའི་བརྙན་པར་དེ་མཐོང་ཡོང་སྐབས
ང་ཡི་རྣམ་ཤེས་ཁྱེད་དང་མཉམ་དུ་སྔར་ནས་འཚིག་ཟིན
ཁ་ཡག་ཚིག་འཇམ་གྱི་འུད་ཤོབ་དེ་ཚོ་དམ་ཚིག་ལ་བརྩིས་ཚེ
ཁྱེད་ཚོའི་ཤ་ཁྲག་གི་བློས་གཏོང་ལ་གསེར་གྱི་ཐམ་ཀ་རྒྱག་པ་ལས
དངུལ་གྱི་གོ་འཁྲབ་གྱོན་ཏེ་བར་དོ་ན་འཁོར་བའི་ཁྱེད་དང་ང་ཚོའི་རེ་བ་སྒྲུབ་ན་རེད
ཁྱེད་ཚོ་ལོ་རྒྱུས་ཁྲོད་ཀྱི་ཀེང་རུས་ལ་གྱུར་ཟིན་ཡང
ཤ་ཆང་གི་ལོངས་སྤྱོད་བར་དུ་སྐད་ཆ་ཚོན་པོ་བཤད་མཁན་ཚོ
ད་དུང་ཡང་འཚོ་ཚིས་དང་འུད་ཤོབ་ཀྱི་ཀློང་ན་བཟི་འདུག
ངས་རང་གི་བྲང་གཞུང་དུ་ལྡིང་བའི་སྙིང་ཞེས་པ་དེའི་སྒོ་མོ་ཡང་ཡང་རྡུང་ཞོར
གཤེགས་ཟིན་པའི་ཁྱེད་ཚོར་དགོངས་དག་ཞུ
ཁྱེད་ཚོའི་གཏོང་ཕོད་དང་ལ་རྒྱ་དེ་ཚོ་བསམ་ན
ངས་ད་དུང་ཁ་རོག་གེར་ཁྱེད་ཚོ་ལ་མྱ་ངན་ཞུ་བཞིན་ཡོད
ཁུ་སུམ་མེར་ཁྱེད་ཚོའི་རེ་བ་སྒྲུབ་བཞིན་ཡོད
བདེ་བར་གཤེགས་མེད་པའི་ངའི་སེམས་ནང་གི་དཔའ་བོ་ཚོ
ངའི་རྨི་ལམ་དང་སྟོང་བསམ་བར་དུ་ཡང་ཡང་འཁོར་བའི་དཔའ་བོ་ཚོ
ངས་ད་དུང་ཁ་རོག་གེར་ཁྱེད་ཚོ་ལ་མྱ་ངན་ཞུ་བཞིན་ཡོད
ཁུ་སུམ་མེར་ཁྱེད་ཚོའི་རེ་བ་སྒྲུབ་བཞིན་ཡོད
དངོས་མིང་། ཚེ་རིང་སྐྱིད། སྨྱུག་མིང་། ཆུ་མིག དྲ་སྣང་གི་བོད་ཀྱི་གཙོ་སྐྱོང་བ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
ཁྲོ་གཏུམ།
_____རྒྱང་རིང་དུ་ལྡང་བའི་སྙིང་གི་དམར་ཤ་ཞིག
མེ་ཕུང་འདེགས་པའི་འབྲོང་ཁྱུ་སྐོར་ཞིག
ངའི་བྲང་གཞུང་གི་དབྱར་སར་སླེབས་དུས
བྲག་རྡོ་ལའང
སྒུལ་ཤུགས་དང་སྒུལ་ཤུགས་ལས་འཕྲོས་པའི་གཏམ་རྒྱུད་བསྙད་འདོད
བློ་ངོས་སུ་བྲིས་པའི་མེ་དཔུང་དེ་དག་གི་མཆེད་སྟངས་ལས
ངའི་ཤ་གསེང་གི་རྒྱུས་ཀ་རེ་རེའང་འགུལ་ལ
རླབས་ཀྱིས་སྐྱོམས་པའི་ཚོར་བ་འདིར་ས་ཡོམ་རེ་རྒྱུག་བཞིན
འོད་ཕུང་འདི་ལ་འགྲེལ་བཤད་ག་རེ་བྱེད་པར་ལྐུགས
ཤིང་ཐུར་ཞིག་འབར་བ་མ་ཡིན་ལ
རྩྭི་ཐུར་ཞིག་དེ་བས་ཀྱང་ངོ
ཚེ་སྲོག་འབར་བའི་གཏམ་རྒྱུད་ཀྱི་ཡོ་ལང་དམར་བོ
རྒྱལ་ཁམས་ཀྱི་བྲག་ཅ་བརྒྱུད་ནས་མཆེད་ལ
ལོ་རྒྱུས་ཀྱི་དེབ་ཐེར་ནས་འབར་ནས
དུས་རབས་ཀྱི་རྟོགས་སད་གངས་རི་ལ་འཐམས་པ
གཡུ་རལ་གསིག་པའི་གད་རྒྱངས་གང་གི་ངར་རོ་ལྷག་མ
ཁྲག་རྒྱུན་ཞིག་འབར་བའི་“ཙག་སྒྲ”འདི་དག
བླ་འཁྱམས་པའི་ཁྱིམ་མཚེས་རེ་རེ
རྩིབས་རུས་ཤིག་ཏུའང་མི་དོ་བའི་དོ་ནུབ
ངས་སང་ཉིན་གྱི་ཉི་མ་ལ་གཏམ་རྒྱུད་ཅིག་བཤད་འདོད
ངས་དེ་རིང་གི་གློ་བ་འདི་སང་ཉིན་ལ་བསྙད་དགོས
ངས་ཁྱེད་ཚོ་སྙིང་ལ་ཉར་ཏེ་གླུ་ཞིག་གྱེར་འདོད
ཚོད་ཚོད་ལ་སྣ་གླུ་རེ་བླངས་བའང་ཁྱེད་ཚོ་དང
བར་བར་དུ་སྨྱུ་གུ་ལ་འཐམས་པའང་ཁྱེད་ཚོ་ལགས
2012/11/8 ཉིན་ལ།
དངོས་མིང་། ཆོས་ཉིད། སྨྱུག་མིང་། ཁྲོ་གཏུམ། ནོར་གླིང་མཐོ་སློབ་ཀྱི་སློབ་མ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
ཀླུ་དཀར་མོ།
ལོ་མང་ན་ཟུག་ཏུ་སྦྲུམ་པའི་རྣམ་ཤེས་ཀྱི་ཕུང་པོའི་ཚོགས
ཕོ་ཏ་ལའི་རྩིག་ལྡེབས་དང་ལྷ་སའི་གྲོང་གི་བཞི་མདོ་ནས་ངར་སྐད་ཀྱིས་ལངས་དུས
བཙན་པོ་སྲོང་བཙན་གྱི་རྣམ་ཤེས་རུམ་པའི་དཔའ་རྟུལ་གྲངས་མེད་ཅིག་དང
མ་ཅིག་ལབ་སྒྲོན་གྱི་དད་སེམས་འཁུར་བའི་མ་ཡུམ་གང་མང་ཞིག
འུར་འུར་འབར་བའི་མེ་དཔུང་ཞིག་གི་ཀློང་རོལ་ནས་མི་ཡུལ་དང་གྱེས་སོང
ན་ཟུག་དང་མིག་ཆུས་སྐྱོམ་བཞིན
སྡུག་བསྔལ་དང་འཁུན་སྒྲ་སྒྲོག་བཞིན
རྒྱང་དུ་བཞུད
གནས་ལུགས་ཀྱི་སྨྲ་ལྕེ་རྒོད་པོའི་སྙིང་རྩ་རུ་འཐམ་ནས
རིགས་ཞེན་དང་ལ་རྒྱ་ཡིས་བརྟས་པའི་ཚེ་སྲོག་གི་འབོད་པ་ཞིག
གངས་རི་དང་རྩྭ་ཐང་བརྒྱུད་ནས་འཛམ་གླིང་གི་སྤྱི་གཙུག་ཏུ་གྲགས་ཤིང
དྲང་བདེན་ཀྱི་ལོ་རྒྱུས་གླེགས་བམ་བླ་སྲོག་ཏུ་རུམ་ནས
ལྷོག་ལྷོག་ཏུ་འཕྱུར་བའི་དུ་སྤྲིན་ཞིག་ལ་ཧམ་སེམས་ཀྱིས་མཆོངས་ཤིང
ཟུག་གཟེར་དང་སྐྱོ་སྣང་གིས
གདུང་དབྱངས་དང་དད་ཞེན་གྱིས
རྒྱང་རིང་དུ་བཞུད
རྟུལ་ཕོད་དང་དཔའ་སྙིང་གིས་བཞེངས་བའི་རྡོ་རིང་ཞིག
དུས་གསུམ་གྱི་ཡང་སྟེང་ནས་མེ་དཔུང་དུ་གྱུར་ཅིང
ས་ཆེན་པོའི་ཀླད་དཀྱིལ་ནས་བདེན་ལུགས་ཆེད་འབར་དུས
སྙིང་སྟོབས་ཤིག་མེ་སྟག་བཞིན་མཆེད་ཅིང
བདེན་དོན་དང་རང་དབང་གི་སྒོ་གླེགས་ཤུགས་ཀྱིས་རྡུང་བའི
བླ་སྲོག་གི་འཕར་ལྡིང་ཞིག
མནར་གཅོད་དང་གཉའ་གནོན་གྱིས་བཙུར་ཞིང
དྲན་གདུང་དང་སྐྱོ་དབྱངས་ཤིག་གྱེར་བཞིན
ང་ཚོ་དང་རྒྱང་དུ་གྱེས་སོང
མི་ཡུལ་དང་གཏན་དུ་བྲལ་ཐལ
2012 . 11. 14 ཉིན།
དངོས་མིང་། ཀླུ་མོ་འཚོ། སྨྱུག་མིང་། ཀླུ་དཀར་མོ། ནོར་གླིང་མཐོ་སློབ་ཀྱི་སློབ་མ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
__________སྦར་ཟིན་པའི་མེ་དེ་འབར་ངེས།
འཆམ་ར་དྲི་མེད་རྒྱལ་མཚན།
རླུང་ནག་འཚུབ་སྟངས་རེ་རེས
དྲག་རླུང་ལྡང་ཐེངས་རེ་རེས
མེ་ལྕེ་དང་མེ་ལྕེ་འཐུད་ནས
མེ་ལྕེའི་ན་ཟུག་ཧྲིལ་གྱིས་བར་སྣང་དུ་མཆེད་དུས
མེ་ལྕེའི་གསེང་ནས་བསྒྲགས་པའི་དབྱངས་རྟ་རེ་རེ
མེ་སྟག་ཕྲ་མོའི་ནང་གི་ན་ཟུག་རེ་རེ
ཤ་དང་རུས་པ་བརྒལ་ནས་སྲིད་པའི་གངས་རི་ལ་འཐིམ་སོང
སེམས་དང་ཚོར་བ་བརྒལ་ནས་མཐའ་ཡས་རྒྱ་མཚོ་ལ་འདྲེས་སོང
ཨ་རོག
མེ་ལྕེའི་ནང་སྙིང་ནས་ཅི་ཞིག་འཚིག་གིན་ཡོད་དམ
མེ་ལྕེའི་འུར་སྒྲ་འདིས་ཅི་ཞིག་འབོད་ཀྱིན་ཡོད་དམ
མེ་ལྕེ་འདིའང་མེ་ལྕེ་མིན་པའི་བཙན་འགྲེལ་དང
མེ་ལྕེའི་ལེའུ་ཤོག་གདུགས་གིས་དྲིལ་འདོད་པ་ནི
མ་མཐའ་ནས་མེ་དང་མེའི་རྔམ་ཟིལ་རྟོགས་མེད་སྟབས
ཁྱེད་རང་གསོན་པ་ནི་ནག་ཉེས་ཡིན་ལ
ཁྱེད་ཀྱིས་བཟོས་པ་ནི་སྡིག་ཉེས་ཀྱི་རྔམས་འཐུག་པོ་ཞིག་ཡིན
རྒྱུ་མཚན་ནི མེ་ལྕེའི་ཁ་དོག་ནི་ནམ་ཡང་དམར་པོར་གྲུབ་ཟིན་པས
ཅིའང་བསྲེག་ངེས་པ་ནི་མེ་ལྕེའི་སྟོབས་ཤུགས་ཡིན་ཚར་བས་སོ
སྦར་མོས་འཐུམ་མི་ཐུབ་པ་ནི་མེ་ལྕེ་ཡིན་མོད
སྦར་མོ་འཚིག་མི་འདོད་པ་ནི་མེ་ལྕེ་འདོར་དགོས་པའི་སྔོན་བརྡ་ཡིན་པས
སྙིང་རྗེ་ཆེན་པོས་འབར་གྱིན་པའི་མེ་ལྕེ་འདི་དག
སྤོབས་པ་ཆེན་པོས་འཚིག་གིན་པའི་ཚེ་སྲོག་འདི་དག
སྨག་ནག་ཁྲོད་ཀྱི་ཚེ་འབར་སྒྲོན་མེ་རེ་དང
ས་ཡ་དྲུག་གི་བླ་ཚེ་སྲོག་གསུམ་པོ་དེ་ཡིན་པར་ཧ་གོ་དགོས
མེ་ལྕེ་གསོད་པའི་སྔོན་འགྲོ་ནི
ཁྱེད་རང་གིས་མེ་ལྕེའི་ན་ཟུག་ཞི་བའི་མཐུ་སྟོབས་སྟོན་དགོས
མེ་ལྕེ་ནི་ན་ཟུག་ཅིག་གིས་འབར་བས་སོ
མེ་ལྕེ་ཤི་བར་སྨོན་པ་ནི
ཁྱེད་རང་ཤི་ཟིན་པའི་འགྲེལ་བཤད་ཡིན
མེ་ལྕེ་འདི་དག་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པས་སོ
༢༠༡༢་༡༡་༡༤ ཉིན་གྱི་དགོང་མོར་བྲིས།
དངོས་མིང་། འཆམ་ར་དྲི་མེད་རྒྱལ་མཚན། ཐེག་མཆོག་རྣམ་གྲོལ་གླིང་གི་མཁན་པོ་སློབ་ཐོན་བྱས།
—————————————————————————————
དཔའ་བོའི་རྟོགས་བརྗོད།
སྐལ་གསུམ་སྲིང་མོ།
མདོ་ཁམས་ཀྱི་རི་ལུང་དང
མདོ་སྨད་ཀྱི་ཡུལ་གྲུ་གང་ས
ལྷ་སའི་ཁོར་ཡུག་ཡོད་ཚད
གས་གཏོར་བཅོམ་གསུམ་གྱིས
བོད་ས་ཡོངས་རྫོགས་ཁྲག་ལ་འདྲེས་ནས
རུས་རྐང་གིས་སྡུག་གྱོང་ཁུར་ཏེ
རེ་གྲངས་ལོ་ཡི་སྐྱོ་གདུང་ནག་པོ
རྨི་ལམ་གྱི་བྲང་གཞུང་ལ་སིམ་པའི་དེ་རིང
ཁ་བའི་དཔའ་རྒོད
ཁྱེད་བོད་མིའི་བདེ་སྡུག་གི་སླད་དུ
བསམ་གཞིགས་སྙིང་རྗེ་བོ་ཞིག་གི་བདེ་དྲོད་གླེང་གིན
འཇིག་རྟེན་གྱི་འཚེ་བ་ཡོད་ཚད
རང་སྟེང་དུ་བླངས་ནས
ལ་རྒྱའི་མེ་ཕུང་དམར་པོའི་ཀློང་ན
ཟུངས་ཁྲག་ལ་རེ་བའི་འཛུམ་མདངས་རྒྱུ་བཞིན
ཚེ་སྲོག་ལ་རིན་ཐང་དང
བརྩེ་མདངས་ལ་ཕྱིར་མིག་མེད་པར
ཕ་མར་ཞེན་པའི་དང་ཀ་བཞག་ཏེ
ཆུང་མར་ (ཁྱོ་ཀར་) དགའ་བའི་ཆགས་སྲེད་དོར་ནས
རུམ་ན་འཛུམ་པའི་གཅེས་ཕྲུག་བསྐྱུར་ནས
མེ་ལྕེ་དེའི་ཀློང་ན
རེ་འཁྲེང་དང་ཐེ་ཚོམ་ཅི་ཡང་མེད་པར
དཔའ་སྙིང་གིས་མདུན་དུ་བསྐྱོད་ཀྱིན
ཆེས་ཐོག་མའི་རེ་བ་གསོན་པོ
ཆེས་མཐའ་མའི་ཕུགས་བསམ་ངོ་མ
མི་རིགས་ལ་སེམས་པའི་འདུ་ཤེས
ཡིད་ཆེས་འགྱུར་མེད་ཅིག་དང
གཏན་འདུན་ལྡོག་མེད་ཅིག་གིས་བཞག་པའི
མཛེས་སྡུག་གི་སྨྲ་བརྗོད་རེ་རེས
མཉམ་འབྲེལ་རྒྱལ་ཚོགས་ལ་གསལ་འདེབས་ལན་གཅིག་དང
བོད་མི་ཚོའི་སེམས་ཁམས་སུ་ཆིག་སྒྲིལ་གྱི་ས་བོན་བཏབ་ནས
དུར་ཁྲོད་ཕྱིར་མི་ལོག་པའི་འཇིག་རྟེན་འགྲིམས་པ
དམྱལ་ཁམས་ནས་འཇིག་རྟེན་གསུམ་ལ་ཁྱབ་ཡོད་ཚོད་ཡིན
སེམས་ཀྱི་ཕུ་ནུ་མིང་སྲིང
བདུན་ཅུ་དོན་གྲངས་ཀྱི་དཔའ་རྒོད་རེ་རེར
རང་དབང་དང་རང་བཙན་ཡོད་ས་ཞིག་ནས
སྐྱེ་བ་མི་ལུས་ཡང་བསྐྱར་འཐོབ་པར་སྨོན
2012.11.14
དངོས་མིང་། གཟུངས་འདུས་སྐྱིད། སྨྱུག་མིང་། སྐལ་གསུམ་སྲིང་མོ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ།
——————————————————————-
ཁ་བྱང་གཅིག་པའི་སྙན་ངག་གི་སྡེ་ཚོ་གསུམ་པ།
འབྲོང་གི་རུ་ཐུར།
དཔའ་བོའི་རྟོགས་བརྗོད།
(ཚན་པ་གཉིས།)
རྫ་སྲས་བདེ་ཆེན།
མེ་ལྕེ་མནབས་པའི་གངས་རི། ༼ཚན་པ་དང་པོ།༽
________དཔའ་སྙིང་ཡ་མེད་ཅན་གྱི་དཔའ་རྟུལ་རྣམས་ལ་གུས་པས་འདུད།
ལྷ་ཚོགས་བྲོས་པའི་བར་སྣང་ཐེད་པོ་ལ། །
རེ་བའི་མིག་ཟུང་རྡུལ་གྱིས་འཐགས་པ་ན། །
རང་གིས་བྲང་ཁོག་སྤར་བའི་མེ་འོད་ཀྱིས། །
ས་གཞིའི་སྨག་ཆེན་བསྲེག་པའི་ངལ་བ་བྱས། །
ལོ་ཚིགས་སྣོག་པའི་སྡེར་མོ་ནག་པོ་དེ། །
ལྷ་སའི་ཡིག་ཚང་ངོས་སུ་ཟགས་པ་ལ། །
ཁྲག་གིས་རྒོལ་བ་བྱེད་པའི་མི་སེར་གྱིས། །
མེ་ལྕེ་རྔུབ་པའི་རྟོགས་བརྗོད་མུ་རུ་བྲིས། །
མ་ཎིའི་དབྱངས་རྟ་འཁྲིགས་པའི་གཞིས་ཀ་རུ། །
མཚོན་གྱི་འཇབ་རྒོལ་འཚང་བ་མ་བཟོད་པར། །
ཟུངས་ཁྲག་མེ་ལ་གསོལ་བའི་ཁ་རླངས་ཀྱིས། །
མུ་མེད་ནམ་མཁའི་དབྱིངས་སུ་གདུང་འབོད་བགྱིས། །
རིགས་ཞེན་སྲོག་ལ་བཏགས་པའི་གཏམ་རྒྱུད་ཅིག།།
མེ་ལྕེའི་སྒྲ་དབྱངས་དམར་བོས་བཀླགས་སྟངས་དེས། །
མཚན་མོའི་སྨག་གིས་བཏུམས་པའི་མིག་མདངས་ལ། །
ང་རྒྱལ་ཅན་གྱི་བྲོ་བ་སླར་ཡང་བྱིན། །
མེ་མདའི་ང་རོ་གཡོ་བའི་དུར་ས་ནས། །
ཁྲག་གི་རྐང་རྗེས་ལུས་པའི་དངངས་སྐྲག་གིས། །
གངས་རིའི་བར་སྣང་རྨས་པའི་སྡུག་ཡུས་ཡང་། །
མེ་སྟག་ཚ་ཚ་འཕྲོས་པའི་གདངས་ལ་དྲངས། །
རུས་རྐང་མེ་ཡིས་བཞུས་པའི་ཁུ་བ་དེས། །
བགྲང་བྱ་ལྔ་བཅུའི་ལན་ཆགས་བརྒྱ་དང་སྟོང་། །
བརྩེ་བ་བོར་བའི་རྒྱ་སྒོ་དམར་བོ་ལ། །
ཚེ་སྲོག་འགག་པའི་སྒྲ་དང་བཅས་ཏེ་བཏབ། །
ཞི་བདེའི་ཤོག་བྱང་འགྱོག་པའི་རྒྱལ་ཚོགས་ལ། །
མྱ་ངམ་མཐོང་བའི་མིག་ཟུང་ཕྲ་གྱུར་བས། །
ལྭ་བ་དམར་སྨུག་ཅན་གྱི་དཔའ་བརྟུལ་རྣམས། །
ཁ་བའི་ཟིན་ཐོའི་ངོས་ནས་སྟོངས་ལ་ཉེ། །
ཡི་གེར་མཁས་པའི་ཝ་མོའི་གློ་སྙིང་ཅན། །
ཁྲི་འཕང་མཐོ་བའི་སྤྱང་གྲུང་སྤྲེལའུའི་ཚོགས། །
ལྐུགས་པའི་བརྟུལ་ཞུགས་འཛིན་པའི་སྡར་མ་ཀུན། །
མེ་རླབས་འཕྱུར་བའི་ཁམས་སུ་བསྲེག་པར་འོས། །
གཏུམ་མོའི་ངོ་གདོང་འཆང་བའི་པེ་ཅིན་ནས། །
འཇམ་པོའི་ཨ་ལན་ད་རུང་མ་འབྱོར་བས། །
འབྲོང་གི་གསོན་སྙིང་བསྲེགས་པའི་དུ་བ་ནི། །
ཧི་མ་ལ་ཡི་ནམ་མཁར་བཏབ་ནས་སོང་། །
སྤྱི་ལོ 2011/ 9 / 9 ལ་བྲིས།
མེ་ལྕེ་ལམ་ལམ་འབར་བའི་ཕྱོགས་སུ། ༼ཚན་པ་གཉིས་པ།༽
ཡར་ལུང་དམག་གི་རུ་དཔུང་རླུང་ལ་བསྟབས། །
བཙན་པོའི་མཁར་རྫོང་ཚ་སྨུག་ཀློང་ནས་རྒས། །
འདས་དོན་སྨག་ལ་འཐིམས་པའི་ཟིན་ཐོ་ལས། །
སྡིག་བོའུ་ནག་པོའི་མཆུ་ཏོ་བོད་ལ་བསྲིངས། །
མུན་པའི་གློ་བ་ཅན་གྱི་སྐུ་དྲག་ལ། །
གངས་རིའི་ལས་དབང་བཅོལ་བའི་ཉེས་དམིགས་ཀྱིས། །
ལོ་རྒྱུས་བོར་བའི་ཤུགས་རིང་ནག་པོ་ཞིག།།
དཔའ་རྒོད་ཁྲི་མ་འབུམ་གྱི་སྲོག་ལ་བརྡར། །
དུས་ཚོད་རྡུལ་གྱིས་འཐག་པའི་དབྱངས་འགྲོས་ལས། །
ཁ་བའི་འགུལ་སྟངས་ལྷོད་པའི་སྨྲེ་ངག་ནི། །
སྲོག་གི་ཟབ་གླེང་བྱེད་པའི་ཕོ་ཚོད་དེས། །
ཟུངས་ཁྲག་སྦར་བའི་འོད་ལ་ལམ་ལམ་སྤྲོས། །
གཏུམ་མོའི་གདོང་རུས་འཛིན་པའི་སྲིད་གཞུང་གིས། །
རྫུན་མའི་དྲ་ཐག་ཁྲོམ་ལ་བསྲིངས་བྱས་ཏེ། །
བྱ་རྒོད་ཧེབ་ཀྱིས་འཚང་བའི་དུར་ཁྲོད་ལ། །
ལག་པ་དམར་བོས་རྐྱོང་སྐུམ་ལན་དགུར་བྱས། །
མུན་པའི་མངའ་ཐང་མཐུག་པོའི་མཚན་མོ་ལ། །
སྲོག་གི་དཔལ་འབར་ཐོགས་པའི་ཉིན་ཐོ་འདི། །
ལོ་ཟླ་སྟོང་ལ་བསགས་པའི་སྡུག་ཡུས་ཤིག།།
འོད་དང་འོད་ཀྱི་རྣམ་པར་སྒྲོན་པ་འོ། །
སྙིང་ཁ་མཚོན་གྱིས་བསྒགས་པའི་འཇིགས་རུང་གིས། །
མིག་ཆུའི་རྒྱུན་ཐག་ཐོར་བ་མ་བཟོད་པར། །
བྲང་གཞུང་འོད་ཀྱིས་བསྲེགས་པའི་མེ་རླབས་ནི། །
ཤ་དང་ཁྲག་གིས་བྲིས་པའི་རྟོགས་བརྗོད་དོ། །
རིགས་ཀྱི་རྒུད་པ་ཆུ་ལོག་རྒྱུག་རྒྱུག་གིས། །
ཁ་བའི་སྙིང་ལ་བསྟབས་པ་རྩུབ་དྲགས་པས། །
ཞེན་ཆགས་བཀྲོལ་བའི་གོམ་སྟབས་རིང་བོ་ཞིག།།
མེ་ལྕེ་ལམ་ལམ་འབར་བའི་ཚུལ་ལ་འདྲེས། །
སྡུག་གཏམ་རླུང་ལ་བཞག་པའི་ཁ་ཆེམས་སུ། །
འོད་ཟེར་ཅན་གྱི་མིག་ཆུ་ལུད་པ་དེས། །
སྲིན་པོའི་བརྟུལ་ཞུགས་འཆང་བའི་སྲིད་གཞུང་ལ། །
འབོད་པའི་གཡབ་མོ་བྱས་ཀྱང་སྟོང་སྐད་དོ། །
སྡུག་གི་སྨྲེ་ངག་ཁོག་ལ་ཅི་བསགས་དེ། །
གནམ་གྱི་ལྷ་ཡིས་གཟིགས་པ་མ་བྱུང་བས། །
གདོང་རུས་རྫུན་མ་ཅན་གྱི་དཔོན་ཆེན་ལ། །
འབོད་ཅིང་ཞུ་བ་འདི་ནི་དཀའ་བ་ལ། །
དངོས་མིང་། རྫ་སྲས་བདེ་ཆེན། ནོར་གླིང་མཐོ་སློབ་ཀྱི་སློབ་མ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
__༼མེ་ལྕེའི་སྙིང་སྟོབས༽ལ་གུས་འདུད་ཞུ་བ།
རྫ་སྐྱེས་ཕུར་བ།
དགོན་འདབས་ཀྱི་སྲང་ལམ་དག་ལ་ཚེ་སྲོག་དང་ཁངས་སྐྱ་བབས་སོང་།།
གྲོང་ཁྱེར་གྱི་རྒྱང་དང་འཁྲིས་ལ་མེ་ལྕེ་དང་སྐད་སྒྲ་ལུས་སོང་།།
སྙོན་འདིང་གི་སྨྲ་ལྕེ་འགུལ་བའི་བྱིས་པ་ཚོ་ལོགས་སུ་སྡོད་ཅིག།
ལོ་རྒྱུས་ལ་རྟོག་བཏགས་བགྲོ་བའི་ཡིག་མཁན་དག་ཕར་ཙམ་སོང་ཀྱེ།།
ཁྲག་དམར་གྱི་རྔམ་སྟོན་དེ་ཉིད་ཡ་གླིང་ལ་ཤོང་བ་ཡོད་དམ།།
བར་བརྒལ་གྱི་སྙིང་སྟོབས་དེ་ཉིད་དུས་རབས་ལ་འོས་སུ་མཆིས་སམ།།
ལྐུགས་ཐོ་དང་འོན་པ་ཁྱུ་ཞིག་དངོས་ཡོད་ལ་སྙོན་མཁན་ཡིན་མོད།།
གྲམ་གཞུང་གི་སྤྲེའུ་ཕྲུག་དེ་ཚོས་བདེན་པ་འང་གསུབ་ཀྱིན་གདའ་སྟེ།།
རྒྱང་མ་དང་ཉེ་ཉེ་ཀུན་ཏུ་མེ་ལྕེ་ལ་འཇགས་པ་མ་བྱུང་།།
ཚེ་སྲོག་ནི་བདེན་པར་བསྩལ་བའི་ཡ་གླིང་གི་མོ་ཕོ་དག་ཀྱེ།།
སུ་ཞིག་གི་ཨམ་ཕྲག་རལ་བའི་སྐྱོ་ངལ་ལ་གདོང་གཏད་དགོས་སམ།།
ང་རྒྱལ་གྱི་རྣམ་ཤེས་དེ་དག་སྤྱི་གཙུག་ལ་སྒྲོན་དུ་མཆི་འོ།།
མེ་ཕུང་དེ་ས་ནས་འབར་བས་ས་གཞི་འང་འཚིག་གིན་གདའ་འོ།།
མེ་ཕུང་དེ་གནམ་ལ་འཕྱུར་བས་གནམ་སྔོན་ཡང་བཞུར་གྱིན་གདའ་འོ།།
ཚེ་སྲོག་གི་མེ་ལྕེ་དེ་ཉིད་ལོ་རྒྱུས་ལ་འབྲི་རུ་གསོལ་ལོ།།
མེ་ལྕེ་ཡི་སྙིང་སྟོབས་དེ་ཉིད་མིའི་རིགས་ལ་འགྲེམ་དུ་གསོལ་ལོ།།
ཚེ་སྲོག་དང་མེ་ལྕེ་གཉིས་པོ་གཡེལ་མེད་དུ་འདྲེས་ཏེ་བུད་སོང་།།
མངོན་སུམ་གྱི་ན་ཟུག་ཚད་མེད་རྨི་ལམ་ལ་བཅོལ་ཏེ་བུད་སོང་།།
དྲན་པ་དང་ས་གཞིའི་གདོང་ལ་འཆི་བ་དང་འོ་དོད་བསྩལ་སོང་།།
གསོན་པ་ནི་ཅི་ཞིག་ཡིན་པའི་འདྲི་རྟགས་གཅིག་ཤུལ་དུ་བསྣར་སོང་།།
མུན་ནག་དང་ཚེར་མའི་ལམ་ན་ང་རྒྱལ་གྱིས་གཟིམས་ཏེ་ཡོད་སོང་།།
ལོ་རྒྱུས་ཀྱི་སྒང་དང་གཤོང་ལ་ཁྲག་དམར་གྱི་ཡི་གེ་བཞག་སོང་།།
ཚོད་མེད་ཀྱི་འདོགས་ཐག་སྣེ་ལ་ལས་སྐལ་གྱི་བྲག་ཅ་འཁོར་རོ།།
སྤྱི་མཚན་གྱི་ནག་ནོག་དེ་ཉིད་རྣག་ཁྲག་གི་ཆག་ཆག་བཏབ་བོ།།
ཕྱི་གཞོགས་ཀྱི་ལྕག་ཚན་གྲངས་མེད་རུས་རྐང་དུ་བྲབས་པ་མང་ཞིང་།།
གཡོ་གཟུར་གྱི་གསར་འཕྲིན་ཁོ་ནས་སྙིང་ཁ་ལ་ཆུ་འཁྱག་བྱོས་པས།།
ལྐོག་གཡོ་དང་སྤྱང་ཇུས་དེ་མུར་ཚེ་སྲོག་གིས་ངོ་ལོག་བྱས་སོ།།
སྟོབས་ཤུགས་ནི་བདེན་པར་ངེས་པའི་འཇིག་རྟེན་དུ་རྣམ་པར་རྒྱལ་ལོ།།
དངོས་མིང་། རྫ་སྐྱེས་ཕུར་བ། ལྗང་རླུང་ཚགས་པར་གྱི་རྩོམ་སྒྲིག་པ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
གཉའ་འབྲོང་ཐུ་བུ།
གཡུ་ལོ་ཐགས་སུ་བཀྲ་བའི་ཞིང་ཁམས་ཤིག་ན། །
བཅུ་དྲུག་ཟླ་བཞིན་ལང་ཚོའི་དཔལ་ལ་རྫོགས་ཤིང་། །
འཕྲིན་ལས་ཉེར་བདུན་འོད་ཀྱིས་རིགས་དྲུག་སྐྱོབ་པའི། །
ཨ་མ་རྗེ་བཙུན་སྒྲོལ་མས་བརྩེ་བས་གཟིགས་ཤིག།།
གངས་དཀར་དབུ་ལོའི་མེ་ཏོག་ས་རུ་འཐོར་ས། །
བཙན་པོའི་དཔའ་མཛངས་ཤིག་གིས་འཛམ་གླིང་སྒུལ་ས། །
ཞི་བདེའི་དེད་དཔོན་ཞིག་གི་ཕ་ཡུལ་ངོ་མ། །
མི་བསྲུན་ཀླ་ཀློའི་དཔུང་གིས་ཟ་ཡུན་རིང་ཐལ། །
གདུག་རྩུབ་མཚོན་ཆ་གདེངས་པའི་གཅོང་རོང་གཟར་མོ། །
དྲག་གནོན་བརྙས་སྨོད་བྱེད་པའི་ན་ཟུག་འཇིགས་པོ། །
རང་དབང་སྐར་གང་མེད་པའི་ཆབ་སྲིད་རྩུབ་མོ། །
ཀུན་ཀྱང་བཟོད་ཐབས་བྲལ་བའི་གཉའ་གནོན་ཁོ་ན། །
མི་རིགས་དབྱེ་འབྱེད་བྱེད་པའི་བསམ་བློ་རུལ་བ། །
སྐད་ཡིག་ནག་སུབ་གཏོང་བའི་གཏིང་ནག་སྲིད་ཇུས། །
ཀུན་ཀྱང་འཆི་ལམ་འདེད་པའི་ལྟ་གྲུབ་རྫོབ་པོ། །
མི་བཟད་མཆེ་སྡེར་གཟེངས་པའི་ཁ་རྩ་དེ་ནས། །
སྙིང་སྟོབས་དམར་ཡག་སྟག་གི་འཛུམ་རིས་ཅན་པོ། །
སེམས་རྩ་དུང་གི་ཟླ་བའི་འོད་ཁང་ཅན་པོ། །
བཙན་པོའི་བླ་སྲོག་སྲུང་བའི་གངས་ཅན་དཔའ་བོ། །
མ་ཐུབ་དམར་པོ་མེ་ལ་ཤུགས་ཀྱིས་མཆོངས་ཐལ། །
དཔའ་བོའི་རྟོགས་བརྗོད་གནམ་སའི་མཐའ་ལ་བྲིས་ཤིང་། །
ལ་རྒྱའི་ཚེ་སྲོག་བསྐལ་བའི་རྒྱུན་ལ་བསྲིངས་ཐལ། །
ཤེས་མེད་ངོ་ཚ་བྲལ་བའི་རྒྱ་སྐྱག་ཚོ་ལ། །
བཙན་པོའི་མི་རིགས་ཤིག་གི་ཞེ་སྟོབས་ངོམ་ཐལ། །
དགྲ་བོས་བཙན་གནོན་བྱས་པའི་ལོ་ཟླ་རིང་མོ། །
དཔའ་བོ་མེ་རུ་སྦར་བའི་ཉི་མ་ནག་པོ། །
བཙན་པོའི་མི་རིགས་རྒུད་པའི་མཐའ་ལ་ཐུག་ཀྱང་། །
གངས་ཅན་དཔའ་བོ་རེ་རེས་སེམས་ནས་མི་བརྗེད། །
རབ་འབར་དམར་ནག་མེ་དཔུང་མཆེད་པའི་ཀློང་ན། །
མགོ་ནག་བོད་པ་ཚང་གི་གཅེས་ཕྲུག་རེ་རེས། །
རང་དབང་འོ་དོད་འབོད་པའི་ཀི་སྒྲ་རེ་རེ། །
གཅེས་སྲོག་མེ་ཡིས་འབར་བཞིན་ཤུགས་ཀྱིས་སྒྲོག་པ། །
བརྡ་འཕྲིན་ལག་རྩལ་དར་བའི་དུས་རབས་འདི་ལ། །
སྒེར་གཅོད་ལྕགས་ཟྭ་བརྒྱབས་པའི་དམར་པོའི་གཞུང་གིས། །
མཁྲེགས་འཛིན་རྣ་བ་བཀབ་ནས་ཐོས་པ་མེད་ཀྱང་། །
འཛམ་གླིང་གོ་ལའི་ཁྱོན་ལ་འབྲུག་ལྟར་གྲགས་ཐལ། །
ཕ་བཟང་རུས་པ་ཅན་གྱི་སེང་ཕྲུག་རྣལ་མ། །
མ་བཟང་བྱང་སེམས་ཅན་གྱི་སྙིང་གི་ནོར་བུ། །
ན་ཆུང་བཅུ་དྲུག་གཞོན་ནུ་མེ་ཏོག་འདྲ་བོ། །
རྩམ་པའི་མི་རིགས་འདི་ཡི་སོན་རྩ་དགའ་བོ། །
ཕངས་མེད་རང་ལུས་མེ་ལ་སྒྲོན་པ་མཐོང་ན། །
གློ་བུར་གློ་བུར་མིག་ཆུ་བྲང་ལ་འཐོར་གི །
དྲིན་ཅན་ཕ་ལོ་ཞིག་གི་ལག་རྟེན་ཆག་སོང་། །
བྱམས་ལྡན་མ་ལོ་ཞིག་གི་སེམས་རྟེན་བོར་སོང་། །
གངས་ཅན་དཔའ་བོའི་བྱ་དཀའི་མཛད་རྗེས་རི་མོ། །
ཐུ་བྷོད་བོད་པ་ཚང་གི་མཆིན་པའི་ངོས་ལ། །
ལོ་རྒྱུས་རྡོ་རིང་སྟོང་གི་ཟིན་ཐོར་བཀོད་ཡོད། །
མ་འཇིག་བསྐལ་བའི་བར་དུ་འོད་སྟོང་འཕྲོ་ངེས། །
ལོ་གསུམ་ལོ་བཞིའི་བྱིས་པའི་ནུ་འཕྲོ་བཅད་དེ། །
སྐུ་ལས་མེ་ལ་ཕུལ་བའི་གངས་ཅན་དཔའ་མོ། །
ཁྱེད་ཀྱི་བླ་མེད་སྙིང་སྟོབས་གསོན་པོ་དེ་ཡིས། །
ས་ཆེན་འདི་ལ་ཤིན་ཏུ་དངངས་སྐྲག་བསླངས་ཐལ། །
ཕ་ལོ་རྒལ་ཚིགས་ཅན་པོ་མེ་ལ་མཆོངས་སོང་། །
མ་ལོ་འཛུམ་མདངས་ཅན་པོ་མེ་ལ་མཆོངས་སོང་། །
བུ་ཆུང་གུས་བཀུར་ཅན་པོ་མེ་ལ་མཆོངས་སོང་། །
དཔའ་བོ་བདུན་ཅུ་དོན་གཉིས་མེ་ལ་མཆོངས་སོང་། །
མཉམ་འབྲེལ་རྒྱལ་ཚོགས་ཟེར་ནས་འབོད་ས་མི་འདུག །
བྱང་ཆུབ་སེམས་མཆོག་བཏོན་ནས་སུན་སྣང་སྐྱེས་ཐལ། །
ཞབས་བརྟན་མ་བརྟན་ཟེར་ན་མགོ་བོ་ན་གི །
ཅི་བྱེད་འདི་བྱེད་མེད་པའི་ཚོད་ལ་བསླེབས་ཐལ། །
བླ་མ་ཡན་ན་མེད་པའི་ཉི་མ་འདྲ་བོས། །
ཟབ་རྒྱས་ཆོས་ཀྱི་མན་ངག་གསུང་འཕྲོ་བྱས་ཏེ། །
བུ་སློབ་གདུལ་བྱ་བསྐྱུར་ནས་མེ་མཆོད་ཕུལ་སོང་། །
བླ་མེད་ཞལ་ཆེམས་བཞག་པའི་ཡིག་འབྲུ་རེ་རེས། །
རྒྱལ་སྲས་སེམས་དཔའི་མཛད་སྤྱོད་ཁོ་ན་བསྟན་འདུག།།
བན་དེ་ཡིག་རྩལ་ཅན་པོས་སློབ་སྦྱོང་བསྐྱུར་ཏེ། །
ངོ་གདོང་འཛུམ་གྱིས་ཁེངས་བཞིན་མེ་ལ་ཆས་ཐལ། །
དད་པའི་སྤྱན་འོད་འོག་གི་འབོད་སྒྲ་རེ་རེས། །
དམར་པོའི་མགོ་ཁྲིད་སྙིང་ལ་བྲེད་ཤ་བརྩེངས་སོང། །
ཐར་བའི་ལམ་ཡིག་འཚོལ་བའི་བཙུན་མ་གཉོམ་ཆུང་། །
བདེན་དོན་ཀི་སྒྲ་སྒྲོག་བཞིན་མེ་ཡིས་གཞོབ་ཐལ། །
ཨ་ནི་བསྟན་པ་འཇིག་པའི་སྔ་ལྟས་ཟེར་བའི། །
གནའ་རབས་བླ་རྒན་ཁ་ཡི་ཟེར་སྒྲོས་དེ་ནི། །
དུས་རབས་ཉེར་གཅིག་འདི་ལ་རྫུན་དུ་གྱུར་སོང་། །
དཔའ་བོ་དཔའ་མོའི་རྟོགས་བརྗོད་གདངས་སུ་གྱེར་བཞིན། །
ས་སྒང་འདི་ནས་མགོ་ནག་བོད་པ་འཚོ་ངེས། །
གནམ་བདེའི་སྒོ་མོ་གཏོར་བའི་ཇུས་ངན་མ་བཤམས། །
རྒྱ་ཡི་མི་རིགས་དཀྱུས་མར་འཇིགས་སྐུལ་མ་བྱས། །
འཚེ་མེད་ཞི་བདེ་དམ་པའི་སྣེ་ལ་འཇུས་ནས། །
ས་ཡ་དྲུག་གི་ཆེད་དུ་ཕེབས་སྟངས་མཚར་བ། །
ཤར་ནུབ་ཚན་རྩལ་དར་བའི་རྒྱལ་ཁབ་ཀུན་ལ། །
ཏཱ་ལའི་བླ་མའི་མི་རིགས་ངོ་མ་དེ་ནི། །
གངས་ཅན་དཔའ་བོ་ཁྱེད་ཚོས་གསལ་སྟོན་བྱས་ཐལ། །
བདེན་པའི་རྒྱབ་རྩ་ཡོད་ན་ལང་རན་མིན་ནམ། །
མི་སེར་ཁྲག་ལ་བརྫི་བའི་བྱ་སྤྱོད་ནག་པོ། །
ནག་ཕྱོགས་རྒྱལ་ཁབ་དག་ན་ཤིན་ཏུ་མང་ཞིང་། །
དམར་ཕྱོགས་གུང་ཁྲན་ཏང་གི་ལག་ལེན་ཡིན་མོད། །
དཔའ་བོ་ཁྱེད་ཚོའི་ལང་ཕྱོགས་དེ་འདྲ་མིན་པ། །
ཨ་རི་རྒྱ་གར་ཉི་ཧོང་དབྱིན་ཇི་ལ་སོགས། །
རང་དབང་མང་གཙོ་ལྡན་པའི་རྒྱལ་ཁབ་སྟོབས་ཆེན། །
མགོ་ཟུར་རྣ་བ་ཡོད་ན་གོ་རན་རེད་འདུག །
ཁྲ་ཆུང་མིག་གཉིས་ཡོད་ན་གཟིགས་རན་རེད་འདུག །
ལ་རྒྱའི་དར་ཆ་གོ་ལའི་ཡང་རྩེར་སྒྲོན་པའི། །
གདོང་དམར་བོད་པ་ཚང་གི་དཔའ་རྒོད་ཚོ་ལ། །
རྗེས་དྲན་ངག་གི་གདུང་འབོད་ཤིན་ཏུ་འོས་མོད། །
ཨ་ཁུ་འབྲོང་གི་མགྲིན་པ་ལྷག་པར་བརྣངས་སོང་། །
སེམས་རྩ་ཁ་ཁར་འཐོར་བའི་དུས་ཚིགས་འདི་ལ། །
སེམས་གཏམ་སྙིང་གི་དཀྱིལ་ནས་འོང་ཐབས་དཀའ་གི །
གངས་ཅན་དཔའ་བོའི་རྟོགས་བརྗོད་གྱེར་མཚམས་བཞག་སྟེ། །
བསླུ་མེད་སྐྱབས་ལ་སྐྱབས་འཇུག་དད་པས་ཞུ་འོ། །
༢༠༡༢/ ༡༡ /ཚེས་༡༥/ཉིན་སེ་ར་ནས་ཡིད་གདུང་དྲག་པོས་བྲིས།
དངོས་མིང་། འཇམ་དབྱངས་རྣམ་གྲོལ། སྨྱུག་མིང་། གཉའ་འབྲོང་ཐུ་བུ། ལྗང་རླུང་རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
བོན་རྒྱ་བསྟན་འཛིན་རབ་རྒྱས།
གཞན་ལ་འཚེ་བའི་བདེ་བ་ཁྱེད་ཀྱིས་མ་འདོད། །
མི་རིགས་ངལ་བའི་གདུང་བ་ཁྱེད་ཀྱིས་མ་བཟོད། །
ཟུར་གསུམ་བསམ་གཞིག་བསྣོལ་བའི་སོ་ཁ་དེ་ནས། །
ཁྱེད་ལ་ཕྱིར་མི་ལྡོག་པའི་གོ་འཕང་བརྙེས་སོང་། །
བཀའ་བསྟན་གླེགས་བམ་བླངས་ནས་ཁྱེད་ལ་ཚད་ན། །
ཁྱེད་ཀྱི་མགོ་བོ་སྟོན་པའི་པང་ལ་བཞག་འདུག །
ཕྲ་མཐོང་རྒྱང་ཤེལ་བཀར་ནས་ཁྱེད་ལ་བལྟས་ན། །
ཁྱེད་ཀྱི་ཕྲ་ཕུང་གངས་དང་འཁྱག་པས་བསྡམས་འདུག །
ཤི་ན་ལས་མཁན་ཟེར་བའི་ཤན་པ་ཞིག་ཡོད། །
གསོན་ན་རྒྱ་མི་ཟེར་བའི་ལས་མཁན་ཞིག་ཡོད། །
ཤི་དང་གསོན་ལ་ཁྱད་པར་ཅི་ཡང་མེད་དུས། །
ཁྱེད་ཀྱིས་གདམ་ག་འདི་འདྲའི་ཟུར་གསུམ་ཞིག་རེད། །
ལྷ་དང་བླ་མ་ཟེར་བའི་སྐྱབས་པོ་ཆེ་དག །
ཡུལ་ལྷ་གཞི་བདག་ཟེར་བའི་བཙན་པོ་ཆེ་དག །
རེ་བའི་འབོད་འདོད་ཡི་ག་གཏིང་ནས་ལོག་དུས། །
ཁྱེད་ཀྱི་གདམ་ག་འདི་འདྲའི་ཟུར་གསུམ་ཞིག་རེད། །
བྱང་ཆུབ་སེམས་ལ་སྦྱར་ཡང་མཐོ་སེ་འདུག་ལ། །
སོ་ཁིར་ཌིས་ལ་བསྡུར་ཡང་ཁྲིག་སེ་འགྲིག་པ། །
མེ་ལྕེ་ཀློང་གི་རྒོད་པོ་ཁྱེད་ཅག་ཡིན་ཙང་། །
འཇིག་རྟེན་ཐམས་ཅད་ཁྱོད་ལ་ལྐུགས་པར་གྱུར་ཡོད། །
བདེན་པའི་མེ་དཔུང་སྦར་ལ་སྙིང་ཁམས་ཅན་དག །
བཙན་པོའི་ང་རྒྱལ་བཞེངས་ལ་སྤོབས་པ་ཅན་དག །
མེ་ལྕེ་ཀློང་གི་རྒོད་པོ་ཁྱེད་ཅག་ཡིན་ཙང་། །
ཁྱེད་ཅག་རྟོགས་བརྗོད་ཚོར་བའི་ཁམས་ཀྱིས་བཞེངས་འདོད། །
ཁྱེད་ཚོའི་ཚོར་སྣང་ང་ཡིས་མྱངས་ཡོད་མི་ཟེར། །
ཁྱེད་ཚོའི་སྡུག་བསྔལ་ང་ཡིས་རྟོགས་ཡོད་མི་ཟེར། །
སེམས་དང་ཚོར་བའི་བླ་སྲོག་གཅིག་ལ་སྒྲིམ་ཡང་། །
ཁྱེད་ཅག་རྙེད་པའི་རྟོགས་པ་ང་ལ་མི་འདུག །
འོན་ཏེ་རིགས་ཀྱི་འདུན་མའི་དུངས་ཀ་ཞིག་དང་། །
རང་ཉིད་རྙེད་པའི་གཞུང་ལུགས་ཞིབ་ཀྱིས་བཀླགས་ན། །
ཁྱེད་ཅག་བཞུད་པའི་ལམ་དེར་འོད་སྟོང་མཆེད་པས། །
འཆལ་བོའི་སེམས་ལ་ཚོར་བའི་ཚ་རླབས་འཕྱུར་སོང་། །
གངས་ཀྱི་བདེ་གཤེགས་སྙིང་བོ་བག་ལ་ཉལ་ཞིང་། །
རིགས་ཀྱི་རྟ་ཕོ་སྐོམ་པས་གདུང་དུས་ཤིག་ལ། །
རང་ངོ་རང་གིས་ཟིན་པའི་མེ་དཔུང་འཕྱུར་བ། །
སཱ་ལའི་སྨན་ལྗོངས་སད་པའི་རྟགས་སུ་ཚོར་སོང་། །
ཁྱེད་ཅག་སེམས་ཀྱི་ཐ་གྲུ་འཇལ་བ་མིན་ཡང་། །
ཁྱེད་ཅག་བཞུད་པའི་སྙིང་དོན་སེམས་ལ་འབབ་པས། །
ཁྲམ་ཇག་ཆོས་སེམས་རྙེད་པའི་བཟོ་ལྟ་མི་སྟོན། །
དོན་ཆེན་སྲོག་གིས་བཞེངས་ལ་ཡི་རངས་བྱུང་ཡོད། །
བླུན་པོའི་རྟོག་པར་ལྐུགས་པའི་བདེན་པ་མེད་ན། །
ཁྱེད་ཅག་བར་མེད་བཞུད་པའི་ངང་ཚུལ་འདི་ཀོ། །
འཆི་བ་རླབས་ཆེན་ཞེས་པའི་གསོན་དཔེ་ཞིག་རེད། །
བདག་གཞན་མཉམ་བརྗེ་ཞེས་པའི་གློག་བརྙན་ཞིག་རེད། །
མི་བསྟུན་ལས་འགུལ་ཚེ་དང་སྲོག་གིས་སྤེལ་མཁན། །
ཁ་བའི་ཁྱོན་དུ་སྐར་མའི་ཟོལ་གྱིས་ཤར་བ། །
བཙན་པོ་བླ་འགུག་བྱེད་པའི་སྦྱོར་བ་ཞིག་རེད། །
རིགས་ཀྱི་རྟོགས་པ་སད་པའི་སྔ་ལྟས་ཤིག་རེད། །
མར་མེ་ཁྲོམ་སྐོར་བྱས་ནས་འཁྲབ་སྟོན་མ་བྱས། །
ཟས་བཅད་ངོ་རྒོལ་བྱས་ནས་འཆི་སྒུག་མ་བྱས། །
དཔའ་བོའི་སེམས་ཐག་རལ་གྲིའི་རྣོ་ལ་གཏད་འདྲ། །
སྐད་ཅིག་བཞུད་སྟངས་དེ་ནི་ངོ་མཚར་ཆེ་བ། །
སྡུག་གི་ན་ཟུག་སེམས་ཀྱིས་མྱོང་ཚད་མི་འདུག །
རིགས་ཀྱི་སྤོབས་པ་ཁོག་པར་ཤོངས་ཐབས་མི་འདུག །
ཚོར་བ་ཅན་གྱི་ཤ་ཁྲག་མེ་ལ་བསྲེགས་ན། །
རིགས་ཀྱི་ཞེ་འཁོན་དེངས་ལ་ཨེན་ཙམ་ཕན་ནམ། །
སྐྱ་སེར་ཕོ་མོའི་དབྱེ་བ་བདག་གིས་མི་བྱ། །
ཀུན་ཀྱང་ཐུ་བྷོད་འདུན་མ་གཅིག་གི་ཆེད་རེད། །
ཕ་མ་བགྲེས་པའི་སྡུག་སྨྲེ་འདོན་འོས་མི་འདུག །
མི་རིགས་རྒས་ཚད་དེ་ལས་འཇིགས་སུ་རུང་ངོ་། །
བརྩེ་བའི་བུ་ལོ་སྙིང་ལ་སྡུག་རབས་མི་གླེང་། །
དགའ་སའི་ཆུང་མར་ཞེ་སེམས་འཁོར་ནོ་མི་གླེང་། །
རིགས་ཀྱི་རྟོགས་པ་འོད་ཀྱི་ངོ་བོར་གྱུར་དུས། །
ཞེན་ཆགས་འདི་དག་ཧ་ཅང་ཆུང་ཆུང་ཞིག་རེད། །
བསྐལ་བ་ཡགས་ཤིང་སྟོན་པ་བཞུགས་དུས་སུ་ཡང་། །
མ་སྐྱེས་དགྲ་སོགས་བསྐྱབས་པ་བགྲང་ཚོད་མེད་ཀྱང་། །
ཉམ་ཆུང་རྣམས་ནི་སྔར་ལྟར་ངལ་བས་འཚོ་ཕྱིར། །
ཐུབ་རྣམས་མཆོད་པས་སྡིགས་པ་འདག་རབས་མི་འདུག །
འདི་ལྟར་དཔྱད་དེ་དེ་ལྟར་ལོས་བསམ་བསམས་ན། །
ཁྱེད་ཅག་བཞུད་པར་དཀའ་བའི་སྣང་བ་མེད་ཀྱང་། །
ཅོལ་ཆུང་སྡར་མ་བདག་ལ་ཚད་ཤིང་བྱས་ན། །
ཁྱེད་ཅག་བསམ་པ་ཙམ་གྱིས་ཀླད་རྒྱ་འཐོར་གི །
དགའ་སྐྱོ་ཆུ་སྤྲིན་འཁྲིགས་པའི་ངང་ཚུལ་འདི་ཀོ། །
གོར་མོ་རྡོ་ལ་ཕོག་ཀྱང་གས་ཁ་འཆོར་མོད། །
ཁྱེད་ཅག་བཞུད་པའི་ལམ་དང་བསྡུར་ཐབས་མེད་པས། །
སྡུག་གི་སྨྲེ་སྔགས་འདོན་པའི་སྦྱོར་བ་མི་རྩོམ། །
བརྩེ་ཆེན་འོད་དུ་གྱུར་བའི་མགོན་རེ་ཡོད་ན། །
བརྩེ་བའི་རྒྱུ་ཡིས་ཤ་ཁྲག་མེ་ལ་བསྲེགས་ཏེ། །
ཡན་ལག་ཉིང་ལག་ཀུན་ཏུ་རབ་ཏུ་འབར་ཞིང་། །
གཉོམ་དུང་ངག་གིས་འབོད་དུས་ཕེབས་ན་འགྲིག་ག །
ཁྱེད་ཀྱི་ཆེད་དུ་མཆོད་མེ་རྐང་གཅིག་སྒྲོན་ཡོད། །
ཁྱོད་ཀྱི་ར་མདར་གཟུངས་མཆོག་ཡིག་དྲུག་བརྫངས་ཡོད། །
ཁྱེད་ལ་དགོས་པ་ཆོས་ཀྱི་སྨོན་ལམ་མིན་ཡང་། །
བདག་གི་འཇོན་ཐང་འདི་འདྲའི་ཆུང་ཆུང་ཞིག་རེད། །
དངོས་མིང་། བོན་རྒྱ་བསྟན་འཛིན་རབ་རྒྱས། སྨྱུག་མིང་། བཙན་རྒོལ་རིན་པོ་ཆེ། ནོར་གླིང་ཉམས་ཞིབ་པ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
ཨ་རིག་འགྱུར་མེད།
མཐོན་པོ་རི་ནས་ཀི་རིང་ལན་གསུམ་བཏབས། །
དམའ་བ་ས་ནས་རྒྱང་འབོད་ཐེངས་གསུམ་བྱས། །
ལྷ་དང་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱེ། །
དེ་རིང་ཕེབས་ཤིག་བདག་གིས་གཏམ་འདི་ཞུ། །
ཟད་མེད་ཟས་ཀྱི་གཏོར་མ་མ་བརྩིགས་ཤིང་། །
འཛད་མེད་ཆུ་ཡི་མཆོད་པ་མ་ཕུལ་མོད། །
མཐུ་དང་ནུས་པའི་བདག་པོ་ལྷ་ཚོགས་ཀྱེ། །
ཁྱེད་རྣམས་མཆོད་པའི་མི་རྣམས་སྲུང་བར་གྱིས། །
འཛམ་གླིང་ས་ཡི་གོ་ལའི་ཡང་སྟེང་གི །
གངས་ལྗོངས་ཁ་བ་ཅན་གྱི་ཡུལ་ལྗོངས་ཀྱི། །
དམྱལ་བ་མནར་མེད་འདྲ་བོའི་དཀྱིལ་དབུས་ནས། །
གངས་ཕྲུག་གཞོན་ནུའི་ཚེ་སྲོག་འབར་བཞིན་འདུག །
སྟོང་ལོ་དགུ་ནས་ཁ་སང་དེ་རིང་བར། །
གཅེས་པའི་ཚེ་སྲོག་མེ་རུ་བསྒྲོན་ནས་ནི། །
ལ་རྒྱའི་སྙིང་སྟོབས་མཁའ་ན་འབར་བཞིན་འདུག །
བདེན་པའི་མེ་ལྕེ་དགུང་ལ་མཆེད་ཀྱིན་འདུག །
དང་པོ་འཇིགས་ཤིང་སྐྲག་པའི་སེམས་ངལ་དང་། །
བར་དུ་འཚིག་ཅིང་གཞོབ་པའི་ན་ཟུག་སྟེང་། །
མཐའ་མར་མ་ཤི་ལྷག་པའི་སྡུག་བསྔལ་སོགས། །
མི་གཟོད་ན་ཟུག་དྲག་པོས་ལུས་སེམས་མནར། །
མདོ་སྨད་རྔ་བ་ནས་བཟུང་ཁམས་དང་དབུས། །
དྲུག་ཅུའི་རྒད་པོའི་ཚུན་ནས་བཅོ་ལྔའི་བར། །
དམར་འབྱར་བྱིས་པ་བང་དུ་འཛིན་པ་སོགས། །
མཐའ་དང་མཚམས་ཤིག་མི་འདུག་སྡེབས་ཀྱིས་འབར། །
བློ་སེམས་འགྱུར་མེད་འཚེ་མེད་ཞི་བ་སྒོམ། །
མགྲིན་ངག་མི་དད་རང་དབང་འབོད་སྒྲ་སྒྲོག །
དལ་འབྱོར་ལུས་ན་བདེན་པའི་མེ་ལྕེ་མཆེད། །
འདི་ཕྱིའི་མཚམས་ན་སྐྱབས་མེད་མགོན་མེད་རེད། །
ཚེ་སྲོག་མེ་རུ་བསྒྲོན་པའི་མེ་ལྕེ་འདིས། །
ཧི་གཅིན་ཐོ་ཡི་མགོ་ལྐོགས་མ་འཚིག་ཅིང་། །
ཨོ་བྷ་མ་ཡི་ཨོང་ཤའང་མ་གཞོབས་པས། །
ད་དུང་བདེན་པའི་རྣ་བ་བཀབ་ནས་འདུག །
དེ་ལྟ་མོད་ཀྱང་བལྟས་པས་མི་བཟོད་པས། །
དངོས་བྱུང་བདེན་པའི་གཏམ་འདི་སུས་གོ་ན། །
ཁ་ནས་དབང་མེད་སྨྲེ་ངག་འཆོར་བ་ཡང་། །
སེམས་ལྡན་འགྲོ་བའི་གཤིས་ལ་ཆོས་སུ་གྲུབ། །
བུ་ལོ་བསྲེགས་པའི་ཤུལ་གྱི་ཕ་མ་གཅིག །
མ་ལོ་འཚིག་པའི་རྗེས་ཀྱི་བུ་ཆུང་གཉིས། །
བཟའ་ཟླ་གྲོངས་པའི་རུམ་གྱི་ཁྱོ་ག་སོགས། །
ཀྱེ་མ་ཀྱེ་ཧུད་ཁོང་ཚོ་སྙིང་རེ་རྗེ། །
རྒྱ་ནག་སྟོབས་ཤུགས་ཨ་རིའི་དགྲ་ལ་ལངས། །
བོད་པའི་གནས་བབ་ཉམ་ང་སྙིང་རེ་རྗེ། །
གནམ་འོག་བདེན་དོན་སྐྱོང་བའི་མིང་ཅན་པོ། །
“མཉམ་འབྲེལ་རྒྱལ་ཚོགས་” ཟེར་བའང་དོན་མེད་རེད། །
རང་བཙན་གཙང་མ་བོད་མིས་བློས་བཏང་ཞིང་། །
དབུ་མའི་ལམ་ལ་རྒྱ་ནག་མི་འཇུག་པས། །
ནང་ཁོག་སྐམ་པོ་ཅན་གྱི་ཚོགས་པ་འགས། །
བྱེས་ན་ད་དུང་སྐྱག་ཁ་ནང་ལ་གཏད། །
རེ་འགས་རང་བཙན་བཤད་ནས་གནམ་ལ་འཇོག །
ལ་ལས་དབུ་ལམ་གླེང་ནས་ཉིན་མཚན་མཐུད། །
ཕན་ཚུན་དགྲ་རུ་འཛིན་པའི་ལྟས་ངན་འདིར། །
ཕར་ཕྱོགས་རྒྱ་ཡང་གད་མོ་འཆོར་ཚོད་ཡིན། །
སྤྱིར་ན་ཆོལ་ཁ་དང་ནི་ཆོས་བརྒྱུད་སོགས། །
མཐུན་སྒྲིལ་ཟེར་བ་སྔར་ནས་དཀོན་པའི་སྟེང་། །
ན་ནིང་ཞིག་ནས་གཞོན་ནུ་དབུ་ལམ་སོགས། །
ཚོགས་པ་རྣམས་ཀྱང་ནག་མོ་ཇོ་འཛིང་བྱེད། །
བོད་མིས་མིག་བཞིན་སྲུང་བའི་ལས་འབྲས་ཀྱང་། །
བོད་པ་རྣམས་ལ་ངོ་ཚ་དགོས་ཚོད་ཡིན། །
གནས་ཆུང་ཆོས་རྒྱལ་དཔལ་ལྡན་ལྷ་མོའི་ཚོགས། །
ད་ནི་མཐུ་ཞིག་བསྟན་ན་ཆོག་པ་ལ། །
དཔའ་བོ་དཔའ་མོའི་ལ་རྒྱའི་མེ་ལྕེས་ནི། །
རྒྱ་ནག་རྒྱལ་ས་པེ་ཅིན་མ་བསྲེགས་ཀྱང་། །
སྲུང་མ་ཁྱེད་ཚོའི་ཐུགས་དགོངས་མ་ཕམ་མམ། །
ད་དུང་གཟིགས་ནས་འདུག་འདི་ཡིད་རེ་སྐྱོ། །
རང་ལུས་མེར་སྲེག་འཚེ་བའི་ལས་ཡིན་པས། །
སྟོན་པ་ཐུབ་པའི་དགོངས་པ་དཀྲུགས་རབས་དང་། །
ནང་བསྟན་ཆོས་ཀྱི་སྙིང་བོར་འགལ་ལུགས་སོགས། །
རྒྱུས་མེད་རྒྱུས་གཏམ་ཅན་དག་འཐོལ་ལོ་བཤགས། །
རང་གི་སྡུག་བསྔལ་གཞན་གྱི་བདེ་བར་བརྗེ། །
རྣམ་དག་སེམས་ཀྱིས་སྤྱོད་འཇུག་ལ་སོགས་བཟློ། །
ངག་ན་གངས་རིའི་མགོན་པོར་སྐྱབས་འཇུག་ཞུ། །
འདི་ཕྱིའི་མཚམས་ན་ད་དུང་ཞི་བ་སྒོམ། །
ཀྱེ་མ་ཀྱེ་ཧུད་བདག་གིས་བསམ་ན་ནི། །
ཤཀྱ་ཐུབ་པའི་ཟབ་མོའི་དགོངས་དོན་ཏེ། །
རང་གི་ལུས་དང་ལོངས་སྤྱོད་གཞན་དོན་དུ། །
འཕངས་མེད་གཏོང་ཕོད་དོན་འདི་སུ་ཞིག་ནུས། །
རྒྱལ་གཅེས་དཔའ་བོ་གཤེགས་པའི་ཞལ་ཆེམས་ན། །
གངས་རིའི་མགོན་པོ་བོད་ལ་ཕེབས་བསུ་དང་། །
བོད་ཀྱི་རང་དབང་སླར་གསོ་བྱས་པའི་སྟེང་། །
རང་རིགས་སྤུན་ཟླས་མཐུན་སྒྲིལ་གྱིས་ཞེས་གསུངས། །
བོད་ཀྱི་སྐད་ཡིག་བོད་པ་རང་གིས་སྦྱོངས། །
བོད་ཀྱི་ངོ་བོ་བོད་པ་རང་གིས་སྲུང་། །
བོད་ཀྱི་རང་དབང་བོད་པ་རང་གིས་རྩོད། །
བོད་པ་རང་ལས་མགོན་སྐྱབས་གཞན་ན་མེད། །
ཞལ་ཆེམས་ཡི་གེ་མང་བོའི་བསྟན་དོན་ཏེ། །
མདོར་ན་གོང་གི་གནད་དག་ཡིན་པས་སོ། །
ཁ་བ་གངས་རིའི་ལྗོངས་ཀྱི་བོད་ཕྲུག་ཚོ། །
རང་ནུས་ཡོད་དགུས་འབད་པས་སྲུང་བར་གྱིས། །
རྩོམ་འདི་འབྲི་བ་བོ་ཡང་ཐ་ཤལ་ཏེ། །
དཔའ་བོའི་གོ་ཁྲབ་ལུས་ལ་མ་ཐོགས་ཤིང་། །
ཞིམ་མེད་ལ་རྒྱའི་སྙིང་སྟོབས་མི་ལྡན་པས། །
སེམས་ལ་གང་དྲན་ཡི་གེར་འབེབས་ཤེས་ཙམ། །
དེ་ལྟ་ན་ཡང་དཔའ་བོའི་རྟོགས་བརྗོད་འདི། །
ཡ་ཆུང་ཁོག་གི་འགོགས་མེད་གཏམ་ཚོགས་ཏེ། །
རྒྱལ་གཅེས་དཔའ་བོར་བསྒྲོན་པའི་དར་དཀར་ཡིན། །
རྣམ་དག་སེམས་ཀྱིས་ཕུལ་བའི་བསྟོད་གླུ་ཡིན། །
དངོས་མིང་། ཨ་རིག་འགྱུར་མེད། སྨྱུག་མིང་། ཨ་གངས་རྩེན། ཆང་ས་དྲ་བའི་རྩོམ་སྒྲིག་པ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
དམེ་ཤུལ་འཇིགས་མེད་འོད་ལྡན
ཁ་བ་གངས་ཀྱིས་བསྐོར་བའི་ཡུལ་གྲུ་ཞིག་ན། །
རང་དབང་ཞི་བདེར་དགའ་བའི་མི་རིགས་ཤིག་གིས། །
རྩམ་སྐྱ་བལྡག་ཅིང་མ་ཎི་བཟློ་བའི་ཞོར་དུ། །
སྲོག་ཆགས་འབུ་སྲིན་ཚུན་ལ་གནོད་འཚེ་སྤངས་ཡོད། །
གནམ་ས་བླ་འོག་བརྗེས་པའི་དུས་སྐབས་ཤིག་ལ། །
ཡ་ང་སྙིང་རྗེ་མེད་པའི་ཇག་པའི་ཚོགས་ཤིག །
རྒྱ་མཚོའི་རླབས་ལྟར་གངས་རིའི་ལྗོངས་ལ་ཐོན་ཐལ། །
གངས་རིའི་སྣོད་བཅུད་ཀུན་ལ་གཉའ་གནོན་བྱས་ཡོད། །
རང་དབང་སྣང་བ་དཀར་པོ་མུན་པས་སྒྲིབ་ནས། །
འཁོར་མོ་དྲུག་ཅུ་བརྒལ་བའི་ཁ་སང་དེ་རིང་། །
བཙན་པོའི་སྙིང་སྟོབས་རུམ་པའི་དཔའ་བོའི་ཚོགས་ཤིག །
གངས་རིའི་ཁོངས་གསེང་འདི་ནས་ལྷོད་ཀྱི་ཐོན་ཐལ། །
ལྷབ་ལྷབ་དགོང་དུ་འབར་བའི་མེ་ལྕེའི་ཁྲོད་ནས། །
སྐྱབས་མགོན་ཏཱ་ལའི་བླ་མ་རྒྱང་འབོད་བྱས་ཐལ། །
ཤ་ཁྲག་རུས་གསུམ་འཚིག་པའི་ན་ཟུག་ཀློང་ནས། །
ཆོལ་གསུམ་སྤུན་ཟླའི་མ་འོངས་མདུན་ལམ་གླེང་ཐལ། །
དབུགས་ཀྱི་བགྱི་བ་ཆད་ཁའི་སྐད་ཅིག་མ་དེར། །
རང་དབང་ཞི་བདེ་འཛམ་གླིང་ཀུན་ལ་བསྒྲགས་ཐལ། །
ལྕགས་ཀྱི་སྙིང་ཁམས་ཅན་གྱི་ཇག་པའི་ཚོགས་ལ། །
ཞེ་སེམས་བདེ་བ་མེད་པའི་འཇིགས་ཤིག་བསླངས་ཐལ། །
དྲག་ཆས་ཁོ་ནས་བཟུང་བའི་གངས་རིའི་ལྗོངས་ན། །
མི་རིགས་ལས་དོན་སྒྲུབ་པའི་འཐབ་རྩོད་འདི་ལས། །
བྱེས་གྱར་སྤུན་ཟླའི་ཚོགས་ལ་ངོམ་ཞིག་བསླང་ཐལ། །
བཙན་པོའི་སྲོང་བཙན་སྒམ་པོའི་འཛུམ་ཞིག་ཤོར་ཡོད། །
སྨྲ་བརྗོད་རང་དབང་ཆེ་བ་བཙན་བྱོལ་ཡུལ་ནས། །
རང་བཙན་དབུ་མའི་བརྩད་ནས་རྔུལ་ཆུ་འཛར་གི །
འགྲོ་འདུག་རང་དབང་མེད་པ་ཁ་བའི་ལྗོངས་ནས། །
ཚེ་སྲོག་གསོན་པོ་མེ་ལྷའི་ཞལ་དུ་བསྟབས་སོང་། །
ནང་གི་ཤེས་ཡོན་ཅན་གྱི་རིག་པའི་རྣོ་དཔལ། །
སྨྱུག་གུའི་རྩེ་མོར་འཁྱིལ་ཏེ་དགོས་དོན་གླེང་ཡོད། །
དམར་ཡག་སྟག་ལ་འགྲན་པའི་དཔའ་བོའིི་ཚོགས་ཀྱིས། །
ཚེ་སྲོག་མེ་རུ་འབར་ནས་བོད་དོན་གླེང་ཡོད། །
ཕྱི་ན་ཤེས་ཡོན་ཅན་གྱི་རིག་པའི་རྣོ་དཔལ། །
ཕྱོགས་ཞེན་འགོང་བོའི་རྗེས་སུ་བྲེལ་ཞིང་འཚུབ་ཡོད། །
ཁ་རྗེས་དབང་ཐང་ཅན་གྱི་སྐུ་ངོའི་ཚོགས་ཤིག།།
དཔལ་འབྱོར་འགྲན་རྩོད་ཁྲོད་ནས་ནུབ་ལ་བཞུད་ཡོད། །
མི་རིགས་དགོས་དོན་གླེང་བའི་གཞིས་ཀྱི་དཔའ་བོ། །
མི་ཚེ་མདུན་ལམ་སྒྲུབ་པའི་བྱེས་ཀྱི་བླ་དཔོན། །
གཞིས་བྱེས་གཉིས་ཀྱི་དགོས་དོན་ཁ་ཁ་ཡིན་ནམ། །
མདུན་ལམ་འཚོལ་སྟངས་འདི་ལ་རྩིས་ཤིག་ཡོད་ཀི །
དངོས་མིང་། འཇིགས་མེད་འོད་ལྡན། སྨྱུག་མིང་། ཟུངས་ཁྲག ལས་རིགས། དགེ་རྒན།
—————————————————————————————
དཔའ་བོའི་རྟོགས་བརྗོད།
____མྱི་དེ་ཚོ་འདི་ལྟར་བཞུད་སོང་།
དཔྱི་ས་དགེ་འདུན་ཡོན་ཏན།
ས་ཆེན་དབང་བསྒྱུར་གྱི་སྦྱོར་བ་རྩུབ་མོའི་གདོང་ནས། །
བཙན་པོ་སྲོང་བཙན་གྱི་དཔའ་སྤོབས་སེམས་ལ་བརྒྱུས་ཏེ། །
བདེན་དོན་ཀི་སྒྲ་ཡི་རྒྱང་འབོད་མཁའ་ལ་སྲིང་བཞིན། །
ང་ཡི་གངས་རི་བ་དཔའ་དང་སྟོབས་ཀྱིས་བཞུད་སོང་། །
རེ་བའི་དར་ཆ་དང་བདག་པོ་མེད་པའི་གནས་ནས། །
སུ་ཡི་ཡིད་ཁམས་ལ་བརྣག་པའི་ན་ཟུག་གླེང་ཞོར། །
འགྱུར་མེད་དམ་ཚིག་གི་ཁ་ཆེམས་བོད་ལ་བསྐྱུར་ཏེ། །
མིག་ཆུའི་དེབ་ཐེར་ཞིག་བསྣམས་ནས་རྒྱང་ལ་བྱེར་སོང་། །
ཁྲག་དམར་འཛར་འཛར་གྱི་ལོ་རྒྱུས་སྐྱ་བོའི་གཞུང་ནས། །
མིག་ཆུ་ཁྲོམ་ཁྲོམ་གྱི་ལོ་ཟླ་ཟད་པོའི་ཀློང་ནས། །
འབྲུག་གི་ངར་སྐད་ཀྱི་རྣམ་ཤེས་དཔང་བོར་བཞག་ཏེ། །
སྲིད་པའི་གངས་རྒན་དེ་འབོད་ཞོར་ར་མདར་ཆས་སོང་། །
རྗེ་འབངས་ཁྲི་སྟོང་གི་ཤ་དང་རུས་པར་བསམ་ནས། །
ལྷོ་འབོད་བྱང་འབོད་ཀྱི་རྨ་ཁ་ཞེ་ལ་བཞག་ནས། །
གཤེད་མའི་ཧམ་སེམས་ཀྱི་ལྕགས་ཐག་སིལ་སིལ་དྲུད་དེ། །
ཐུ་བྷོད་སྙིང་སྟོབས་ཀྱི་སྒོ་གླེགས་ཤུགས་ཀྱིས་བརྡུངས་སོང་། །
དངོས་མིང་། དགེ་འདུན་ཡོན་ཏན། སྨྱུག་མིང་། རོལ་དབྱངས་ནག་པོ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
བསྟན་འཛིན་ཆོས་དབྱིངས།
སྤྲེལ་དང་བྲག་སྲིན་རིགས་ཀྱི་བཙན་པོའི་གདོང་དྲུག་བོད། །
བྱང་ཆུབ་སེམས་ཀྱིས་སེམས་རྒྱུད་བརླན་པའི་སེམས་དཔའ་ཉིད། །
རང་དབང་རྔ་ཆེན་འཚེ་མེད་ལམ་གྱིས་གནམ་ས་སྒུལ། །
མེ་དཔུང་དམར་པོས་ཆོལ་གསུམ་ཆིག་སྒྲིལ་སྙིང་སྟོབས་བསྐྲུན། །
གནམ་འོག་རིག་པའི་དཔའ་བོར་གྲགས་པའི་ཁྱུ་མཆོག་གིས། །
སྦྱིན་སྲེག་མེ་ཡིས་འཛམ་གླིང་མི་ཡི་བྲང་གཞུང་བསྲེགས། །
དཔའ་དང་སྟོབས་ཀྱིས་མི་དབང་མཛད་འཕྲིན་ཟིལ་གྱིས་མནན། །
རང་གཞན་དོན་གཉིས་ཐེག་པའི་དཔའ་བོའི་སེམས་ཉིད་རྨད། །
རྒྱལ་སྲས་སྤྱོད་ཚུལ་ཟབ་པའི་ལམ་བཟང་འདི་ལས་ཀྱང། །
མེ་ལྕེ་ལམ་གྱིས་གཤེགས་ཚུལ་སྲིད་པ་གསུམ་ན་དཀོན། །
དཔའ་བོའི་གད་རྒྱངས་མེ་ལྕེའི་ཀློང་ནས་བསྒྲགས་པའི་ཚེ། །
ཀྲུང་གོའི་དབང་འཛིན་རྩ་ཁྲིམས་ངང་གིས་བཤིག་པར་རྩོམ། །
ཆོས་དད་རང་དབང་དཔའ་བོའི་གློ་མཆིན་རྒྱུ་མས་རྩོད། །
སྐད་ཡིག་རང་དབང་དཔའ་བོའི་རྐང་རུས་ཚིལ་གྱིས་རྩོད། །
སྨྲ་བརྗོད་རང་དབང་དཔའ་བོའི་ཤ་ཁྲག་སྙིང་གིས་རྩོད། །
མི་རིགས་རང་དབང་དཔའ་བོ་འབར་བའི་མེ་ཡིས་རྩོད། །
ལུས་ཀྱི་ངང་ཚུལ་ལན་གཅིག་ཐོབ་པའི་འཇིག་རྟེན་ནས། །
སེམས་ཀྱིས་བརྩེ་ཞིང་འགྲོགས་པའི་ཉེ་དུ་རྒྱང་དུ་དོར། །
སྲོག་གི་དབང་བོ་མེ་ཡི་ཁམས་སུ་འཐིམ་པར་བྱས། །
འཁོར་བ་སྤངས་པའི་དཔའ་བོའི་རྟོགས་བརྗོད་མེ་ཡིས་བྲིས། །
བདེན་པའི་མེ་ལྕེ་དྲག་ཏུ་འབར་བའི་ཚེ་སྲོག་མང་པོས། །
ལ་རྒྱའི་སེམས་དོན་འཛམ་གླིང་ཡོངས་ལ་མེ་ཡིས་ཞུས། །
བཙན་དབང་འོག་གི་ཞེ་འཁོན་ངོ་རྒོལ་ཞི་བ་ཡིན། །
ཚེ་སྲོག་རླབས་ཆེན་མེ་རུ་བསྒྲོན་པ་གཟི་བརྗིད་ཡིན། །
དངོས་མིང་། བསྟན་འཛིན་ཆོས་དབྱིངས། སྨྱུག་མིང་། མ་སྐྱེས་མེ་ཏོག ལས་རིགས། གསར་འགོད་པ།
—————————————————————-
རྩོམ་སྒྲིག་པའི་གཏམ་ཐུང་།
བོད་སྐད་ཡིག་གི་མགོ་འཕང་ཤིན་ཏུ་དམའ་ཞིང་སྒྱུ་རྩལ་རྩོམ་རིག་ཤིན་ཏུ་ནས་ཉམ་ཐག་པའི་བཙན་བྱོལ་བའི་ཁོར་ཡུག་འདི་རུའང་། དབྱངས་གསལ་སྡེབ་སྦྱོར་གྱི་རྩལ་ལ་ཅི་འདོད་དུ་ཁ་ལོ་བསྒྱུར་ཐུབ་པའི་ཡི་གེ་བ་བདག་མེད་ནི་ཤིན་ཏུ་མང་སྟེ། དཔེར་ན། ངེད་ཟུང་གི་གྲོགས་པོ་རུ་གྱུར་པ་ཁོ་ནའི་ནང་དུའང་། འདི་འདྲའི་སྙན་ངག་པ་མང་པོ་ཞིག་ཡོད་པ་རེད། ངེད་ཟུང་གིས་ཉིན་གསུམ་གྱི་ནང་གྲོགས་པོ་ཚོར་ཁ་པར་ཡར་བཏང་མར་བཏང་བྱས་ནས་སྙན་ངག་རེ་འབྲི་བར་བསྐུལ་བ་ལས་སྙན་ངག་ཉེར་གསུམ་འབྱོར་བ་དང་རེ་ཟུང་མ་གཏོགས་སྒྱུ་རྩལ་གྱི་ཉམས་འདོན་སྟངས་དང་། བརྗོད་བྱའི་ཟབ་གནད་སྔོག་སྟངས། ཚིག་གི་སྡེབ་སྦྱོར་སྤེལ་སྟངས་གང་ཐད་ནས་ངོམ་དུ་རི་བ་ཤ་སྟག་ཡིན་པ་མ་ཟད། ད་ཐེངས་སྙན་ངག་གི་སྡེ་བ་ཞིག་ཚུགས་པ་འདིས། བཙན་བྱོལ་གྱི་ནམ་མཁར་སྒྱུ་རྩལ་རྩོམ་རིག་གི་རྡོ་རིང་རྔམ་བརྗིད་ལྡན་པ་ཞིག་གནམ་དུ་བསླངས་ཡོད་པར་བཤད་ནའང་འུད་དུ་གཏན་ནས་སྨྲ་མི་སྤོབས་སྟེ། སྙན་ངག་གི་སྡེ་བ་འདིའི་མགོ་ནས་མཇུག་བར་སེམས་རྣལ་ཚུགས་ཀྱིས་རུ་ཉུལ་ཐེངས་ཤིག་བྱས་ན་བདེན་པའི་ངེས་ཤེས་གསལ་བོ་ཞིག་ཐོབ་ངེས་ཡིན།
སྙན་ངག་གི་སྡེ་བ་འདི་ལ་ཚན་པ་གསུམ་དུ་དབྱེ་ནས་ནང་གསེས་ཀྱི་ཚན་པའི་མིང་ངེད་ཟུང་གིས་བཏགས་ཡོད་ལ། ཐེངས་འདིའི་ཁ་བྱང་གཅིག་པའི་སྙན་ངག་གི་སྡེ་བ་འདི་ཁ་བརྡ་དང་། དུས་བབ། འོད་དཀར་དྲ་ཚིགས། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲ་བ་བཅས་སུ་འགོད་རྒྱུ་ཡིན་ལ། ཟླ་ཤས་རྗེས་ནས་རྩོམ་ཡིག་ཁག་ལས་ལེགས་འདེམས་ཀྱིས་དེབ་ཀྱི་ངོ་བོར་དཔར་སྐྲུན་ཞུ་འཆར་ཡིན། འདིར་བཀོད་ཟིན་པའི་སྙན་ངག་རྣམས་ནི་ངེད་ཟུང་གི་གྲོགས་པོ་ཚོས་བྲིས་པའི་སྙན་ངག་ཤ་སྟག་ཡིན་ལ། འདྲ་པར་ཁ་ཤས་ངེད་གཉིས་ཀྱིས་རྩོམ་པ་པོར་འབྲེལ་གཏུག་མ་བྱས་པར་བཞག་པའང་ཡོད་པས། ཇུས་འགོད་ཐད་ནས་ནག་ཉེས་ཅི་ཡོད་ངེད་ཟུང་གི་ལས་ཉེས་ལས་རྩོམ་པ་པོ་ཚོར་དམིགས་བསལ་འབྲེལ་བ་གང་ཡང་མེད། ཐེངས་འདིར་བརྗོད་དོན་པར་རིས་ལས་པར་རིས་ཚང་མ་སྐྱ་པར་ལ་བསྒྱུར་ནས་མྱ་ངན་མཚོན་པར་བྱས་ཡོད། ད་དུང་ཁ་བྱང་གཅིག་པའི་སྙན་ངག་འབྲི་མཁན་གྱི་རྩོམ་པ་པོ་ཡོད་ན། kangwod@gmail.com ནང་བསྐུར་གནོངས་དང་། ཐད་ཀར་དྲ་ངོས་འདོན་ངེས་ཡིན།
རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོ་སྲུང་བརྩིའི་ཉིན་མོར་གུས་བཅས།
—————————————————————-
ཕྱིས་འབྱོར་ཁ་བྱང་གཅིག་པའི་སྙན་ངག་གི་ཚན་པ།
དཔའ་བོའི་རྟོགས་བརྗོད།
མགོན་པོ་སྐྱབས།
རྨུ་ཐག་བཙན་པོའི་གདུང་ནས་འཐེན་པའི་བླ་མཁར་སྨུག་པོའི་བདག་པོ་ཡིན། །
ཁྲི་ཕྲག་དམག་གི་དཔུང་སྣ་འདྲེན་པའི་བཙན་པོས་མངགས་པའི་ཕོ་ཉ་ཡིན། །
ལ་རྒྱའི་གཡུ་རལ་སྙིང་ན་འཕྱོ་བའི་དམར་ཡག་སྟག་གི་འགྲན་ཡ་ཡིན། །
ཆོལ་གསུམ་ཕུ་ནུ་བདེ་སྡུག་བསམ་པའི་མེ་ལྕེ་དམར་པོོ་འོད་གོང་ཡིན། །
ཡབ་ཆེན་དམ་པའི་ཐུགས་ཀྱི་དྭངས་མའི་གཅེས་ཕྲུག་བུ་ལོ་ཚགས་སེ་འབར། །
ཡུམ་ཆེན་མ་ལོ་སེམས་ན་བཞད་པའི་སྙིང་གི་དུམ་བུ་ཤག་སེ་འབར། །
མིང་སྲིང་ཀུན་གྱི་དཀྱིལ་ན་མཁོ་བའི་དཔྲལ་བའི་མིག་ཟུང་ཧུར་ཀྱིས་འབར། །
དགོན་གྱི་གྲོང་ན་ཆོས་ཁྲིམས་གཙང་པའི་རྣམ་དག་དགེ་སློང་འོད་ཀྱིས་འབར།།
ཀླ་ཀློའི་གདུག་རྩུབ་ཐལ་བར་བསྲེགས་པའི་འཕྲུལ་གྱི་མེ་དཔུང་དམར་བོ་ཡིན། །
དྲང་བདེན་མེད་པའི་གཞུང་ངན་བསྲེགས་པའི་མེ་ལྕེའི་འཁྱིལ་ཞགས་རིང་མོ་ཡིན། །
རང་ས་གོར་མོ་རང་གི་སྲུང་བའི་གདུང་མཆོང་མེ་འོད་དམར་པོ་་ཡིན། །
ཞི་བདེ་འོད་སྣང་གླིང་འདིར་བསྐྲུན་པའི་སྐལ་བའི་མེ་དཔུང་གསོན་པོ་ཡིན། །
སྟོད་ཕྱོགས་ཡུམ་བུ་བླ་མགར་སྨུག་པོ་དཔའ་བོ་ཁྱེད་ཀྱི་བཙན་མཁར་ཡིན། །
བར་ཀྱི་མདོ་ཁམས་སྐྱིད་ཀྱི་ཞིང་ས་དཔའ་བོ་ཁྱེད་ཀྱི་སྲུང་དམག་ཡིན། །
སྨད་ཕྱོགས་མདོ་སྨད་རྟ་ཡི་ཆོལ་ཁ་དཔའ་བོ་ཁྱེད་དཔུང་རོགས་ཡིན། །
བྱེས་གྱར་གངས་རིའི་སྤུན་ཟླ་ཚང་མ་དཔའ་བོ་ཁྱེད་ཀྱི་རྒྱབ་རི་ཡིན། །
དཔའ་བོའི་ཞལ་ཆེམས་སྙིང་ལ་ཉར་ནས་མཐུན་སྒྲིལ་གནང་རོགས་གདོང་དམར་བ། །
དཔའ་བོའི་རྟོགས་བརྗོད་སེམས་སུ་བཟུང་ནས་དགྲ་དཔུང་འདུལ་དགོས་གངས་རི་བ། །
དཔའ་བོའི་མེ་ལྕེ་ལ་རྒྱར་འཛིན་དགོས་ཐུ་བྷོད་རུས་མཆེད་གངས་ཕྲུག་ཚོ།།
དཔའ་བོའི་བྱས་རྗེས་རྡོ་རིང་བཀོད་དགོས་ཕྱི་རབས་བོད་པའི་ཤུལ་བཞུགས་ཚོ།།
ལྷ་རྒྱལ་ཀི་སྒྲ་རིང་མོ་འདེབས་བཞིན་དཔའ་བོ་མཚན་སྙན་གླིང་བཞིར་སྒྲོག །
ཡིག་དྲུག་དབྱངས་རྟའི་འགྱུར་ཁུགས་བར་ནས་དཔའ་བོ་དམ་པར་འདས་མཆོད་སྒྲུབ། །
ལག་ཟུང་མཐོན་པོ་མཁའ་རུ་སྒྲེང་ནས་དཔའ་བོ་འདོད་དོན་ངར་གྱིས་སྒྲོག །
རང་ཡུལ་ཞི་བདེ་མ་ཐོབ་བར་དུ་སྲིད་གསུམ་འཇིགས་པའི་སྐད་ཆེན་སྒྲོག །
༢༠༡༢་༡༡་༡༥་ཉིན་རང་ཤག་ནས་བྲིས།
དངོས་མིང་། མགོན་པོ་སྐྱབས། སྨྱུག་མིང་། སོག་མདའ། ཆེད་ལས། བོད་ཀྱི་བསྐུ་མཉེའི་གསོ་ཐབས་པ།
དཔའ་བོའི་རྟོགས་བརྗོད།
འཇིག་རྟེན་དུ་དྲང་བདེན་དང་གནས་ལུགས་མེ་ཡིས་བཤད་མྱོང་བའི་བོད་ཀྱི་དཔའ་རྒོད་ཚོ་ཡང་ཡང་དྲན་པ།
ཐོར་རྒོད་པ་སྤྱན་ཆབ།
གཡག་ཆད་གད་པ་དང་ཕག་སྣ་རྡོ་ལ་ཐུག་པས་ན
གཡུང་མོ་ལུག་གི་འདུ་ཤེས་དང་བྱ་བྱེད་ཐམས་ཅད
བོད་དཔའ་རྒོད་དག་གིས་དམར་པོ་མེ་ལ་བཏབ་པས
ཡོད་ཚད་མེ་རི་བཞིན་འབར་ཞིང་འཐོར
གོ་ལ་རིལ་བོའི་སྒལ་གཞུང་དུ
མིག་ཡོད་ཚད་ཀྱི་ནང་དུ
གནས་ལུགས་ཤིག་མེ་ཡིས་གཏོར
རྒྱུ་མཚན་ཞིག་སྲོག་གིས་བཤད
དཔའ་རྒོད་ཞེ་གཅིག་དང་ཚེ་སྲོག་ཞེ་གཅིག
དཔའ་གདེང་གི་ཀི་བསྭོ་དང་རང་དབང་གི་མིད་པ་ཡོད་ཚད
མེ་ནང་དུ་གནས་ཤིང་ང་རྒྱལ་གྱིས་འབར་བས
སེམས་གསོན་པོ་དག་གིས་མཆི་མ་ཆར་དུ་བསྙིལ
འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེར
མེ་དམར་པོས་ཅི་ཞིག་ཁྱེར་ཏེ་བུད་སོང
སེམས་ཀྱི་ཟབ་ས་དང་དཀྱིལ་ལ
སྲོག་དམར་པོས་ཅི་ཞིག་བཤད་དེ་བཞུད་སོང
དཔའ་རྒོད་གཅིག
ཚེ་སྲོག་གཅིག
སྐྱེ་བ་གཅིག
བཞུད་སྟངས་གཅིག
སྟོབས་དང་བདེན་པའི་གློ་སྙིང་ཡོད་ཚད་བཤམས་ནས
གནས་ལུགས་དང་རང་དབང་གི་ཁུ་ཚུར་དགུང་ལ་ཕྱར་ཏེ
དེ་རིང་ཨ་མའི་སློག་པ་ཕུད་ཅིང་མེ་ལྭ་དམར་པོ་མནབས
ཞི་བ་དང་དྲང་བཞག་གིས་རང་ཉིད་འབར་དུ་བཅུག
བདེན་པ་དང་གནས་ལུགས་ཀྱིས་རང་ཉིད་རྫོགས་པར་བྱས
ཕ་དམ་པ་དང་མ་ལོའི་རྒས་གཉེར
གཉེན་ཉེ་དུ་དང་མཛའ་བའི་གྲོགས་ཚོགས
ཡོད་ཚད་གདོད་མའི་ཨ་བྲད་བཞིན་དུ་དོར་ཏེ
ཐམས་ཅད་རྨི་ལམ་གྱི་ཁུ་ཞགས་སྣུམ་པོ་སྟེ
རང་དབང་གི་ཆེད་དུ
བདེ་སྐྱིད་ཀྱི་ཕྱིར་དུ
ད་ལྟའི་བཙན་གནོན་སེམས་ཀྱིས་མ་བཟོད་པར
ད་ལྟའི་བཤུ་བཞོག་མིག་གིས་མ་ནོན་སྟབས
རང་ཉིད་འདི་ལྟར་བུད་ཤིང་རྐང་གཅིག་གི་དོད་ཀྱིས
དཔའ་རྒོད་ཞེ་གཅིག་དང་ཚེ་སྲོག་ཞེ་གཅིག་འདི་ལྟར་འབར
འཇོན་པོའི་འུར་ཟིང་ཡོད་རྒུ་དང
མེད་པོའི་མེ་ཏོག་རྐང་འབུལ་གྱིས
དེ་རིང ཁྱོད་ཚོའི་ཉི་འོད་ལ་བཀྲག་མདངས་ཡོད་རྒུ་བསྩལད་བས
པར་ཆས་དང་ཁ་པར་གྱི་ནུས་ཤུགས་ཡོད་ཚད་ཁྱོད་ཚོ་ཁོ་ནར་གཏད
ངུ་ངག་དང་འོ་དོད་ཡོད་རྒུ་ཁྱོད་ཚོའི་ཕྱོགས་སུ་འབར
གཏམ་གླེང་དང་གསར་འགོད་ཐམས་ཅད་ཁྱོད་ཚོའི་ཕྱོགས་སུ་མཆེད
དེ་བས་ན མགོ་སེར་མི་དང་སྐྲ་ནག་བདག་པོ་ཐམས་ཅད་ནས
ཉིད་ཀྱི་བློ་སྤོབས་དང་དཔའ་གདེང་ལ་མིག་ནས་མཆི་མ་འགྲིལ་ཅིང
སེམས་ནས་ངུ་ཟུག་ཡང་ཡང་བྱས
ཡིན་ན་ཡང དཀར་ནག་ཅེས་པ་དེ་དང་བདེན་རྫུན་ཞེས་པ་དེ་ནི
ངའི་བོད་པའི་སྟེང་ལ
གནམ་གྱི་མེ་ཏོག་རེད
ས་ཡི་སྐར་མ་རེད
བོད་ཀྱི་ཐོད་པའི་ཁ་ཡིག་གི་ཚིག་འབྲུ་རེ་རེ
དྲང་བདེན་ཞེས་པ་དེའི་མིག་གོང་གི་རི་མོར་མ་ཡོད་པ་ལྟར་སྣང་ལ
བོད་ཀྱི་ལས་དབང་གི་ཐེམ་སྐས་རིམ་པ་རེ་རེ་ན
སྐྱ་རེངས་ཤར་བའི་སྐར་ཆ་ནས་འོད་གསལ་གྱི་ལམ་དེ་ཡོད་དམ་ཅི་གོ
དེ་ཡི་གདུག་རྩུབ་ཀྱི་གཡབ་མོས
ང་དང་བོད་མི་ཚོའི་སེམས་དང་རྐང་བྲུས་ནས་བུད་སོང
ང་དང་བསམ་ཤེས་ཚོའི་མིག་ཏུ་ཁྲག་བསྐྱིལ་ནས་བཞུད་སོང
དེ་བས་ན། མི་རྣམས་ཀྱིས་ཉིད་ལ་སྙིང་གི་ཆུ་བཙགས་ནས
བོད་རྣམས་ཀྱིས་ཁྱོད་ལ་རྐང་གི་ཁྲག་བཏོན་ནས
དེ་རིང་གི་འོ་དོད་དང་ངུ་ངག་གིས་རྒྱལ་ཁམས་བསྒུལ
དེའང་ལོས་ཀྱང་ཡིན་དེ
འཇིན་རྟེན་ནི་གོ་བ་མེད་པའི་རྡོ་བ་ཞིག་མ་ཡིན་པས
མི་ཡུལ་ནི་བདེན་རྫུན་དབེན་པའི་སྤྱང་ལྟོགས་དེ་མ་ཡིན་པས
ཡིན་ན་འང བདེན་དང་རྫུན་པ་གཏད་པས་གནས་ལུགས་དང
དྲང་དང་འཁྱོག་པོ་འཕྲད་པའི་དཀར་ནག་གིས
མི་ཡུལ་ནས་མིག་གི་ཟིན་ཚོར་དང་སེམས་ངལ་མ་ཤི་བར་ཏུ
ཁྱོད་ཀྱི་གསོན་སྲེག་དང་བདེན་ཚིག་ཡོད་དོ་ཅོག
ང་ཡི་ངུ་འབོད་དང་མིག་ཆུའི་ཕེབས་སྐྱེལ་དག
ང་ཡི་པར་ཆས་སུ་གསལ་བའི་འདྲ་རིས་བཞིན
གཅིག་ཀྱང་ཤོར་ས་མེད་པའི་ཚད་དུ་ལྷུང་ཡོད
དཔའ་རྒོད་ཞེ་གཅིག་དང་ཚེ་སྲོག་ཞེ་གཅིག
ཡང་སྙིང་ཉིད་ཀྱིས་ཅི་ཞིག་ཞུ་བར་འདོད་དམ
ང་བཞུད་འགྲོ་བས་ཁྱོད་ཡིན
ང་སོང་ཤུལ་ནས་ཁྱོད་ཡིན
ང་ཡོད་ནའང་ཁྱོད་ཡིན་ལྟ་བུའིོ
འཇིག་རྟེན་མུན་པ་དང་ལྷན་དུ་འཚོ་བ་དག་ལ
ཉིད་ཀྱིས་ཡང་སྙིང་ཅི་ཞིག་ཞུ་བར་འདོད་དམ
༢༠༡༢།༠༣།༣༠ཉིན་བྲིས། ༠༦།༢༢ བཟོ་བཅོས་ཀྱིས་གྲུབ།
དངོས་མིང་། རྡོ་རྗེ་ཚེ་རིང་། སྙུག་མིང་། སྐྲན། ཐོར་རྒོད་པ་སྤྱན་ཆབ། ལས་ཐོབ། དྲ་རྒྱའི་རྩོམ་སྒྲིག་པ་དང་གསར་འགོད་པ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
_______མེ་ལྕེ།
འཇམ་དཔལ་ཚུལ་ཁྲིམས།
མེ་ལྕེ ལག་པ་དང་རྐང་བའི་བུད་ཤིང་ལས་མཆེད
ཟུངས་ཁྲག་དང་ཀླད་ཞོ་ཡི་རམ་འདེགས་ལས་མཆེད
མེ་ལྕེ མེ་ལྕེ སྙིང་སྟོབས་དང་གཞན་ཕན་གྱི་རླུང་བུས་བསྒུལ
བློས་གཏོང་དང་ཕུགས་བསམ་གྱི་མེ་སྐྱོར་ལས་མཆེད
མེ་ལྕེ མེ་ལྕེ མེ་ལྕེ
གཟུགས་ཅན་ཤིང་དང་རྡོ་སོལ་གྱི་བུད་ཤིང་ལས་མ་མཆེད
གཟུགས་མེད་དཔའ་དང་སེམས་བསྐྱེད་ཀྱི་བུད་ཤིང་ལ་མཆེད
ངའི་ཀླད་ཞོ་དཀར་བོ་ལས་མེ་ཁ་གསོ་དུས
ལྷ་ཕྱག་ན་པད་མོའི་ཕྱག་གིས་བདུད་རྩིས་བྲན
ངའི་ཟུངས་ཁྲག་དམར་པོ་ཡི་རམ་འདེགས་འབུལ་དུས
མགོན་འོད་དཔག་མེད་ཀྱི་གསུང་གིས་དབུགས་དབྱུང་ཐོབ
ངའི་མྱིད་ཐག་སྨུག་པོ་ལ་མེ་ལྕེ་ཞུགས་དུས
ལྷ་ཕྱག་ན་པད་མོ་ལ་འབོད་པ་མགྲིན་པར་བབས
ཕྱི་ལྤགས་པ་ཡི་སྐྱི་མོ་རེ་རེ་བཞིན་ཞུ་དུས
ནང་རྟོགས་སད་ཀྱི་འབོད་པ་རེ་རེ་བཞིན་ངག་ལ་འབྱོར
རུས་སྒྲོམ་གྱི་ལྷུ་ཐག་རེ་རེ་བཞིན་འཐོར་དུས
རང་དབང་གི་རྣམ་གྲངས་རེ་རེ་བཞིན་ནོད་པར་གྱུར
ང་ཡོངས་སུ་འབར་སོང
ངའི་ལུས་པོ་ཡོངས་སུ་འཚིག་སོང
ངའི་འོ་དོད་ནམ་མཁའི་སྙན་ལམ་དུ་གསན་སོང
ངས་འཛམ་གླིང་ལ་ཚེ་འབར་བསྒྲོན་སོང
ང་ནི་དུས་གཏན་དུ་འབར་བཞིན་པའི་ཚེ་འབར་ཞིག
འོད་ལྷབ་ལྷུབ་ཀྱི་མེ་ལྕེ དམར་ཟང་ཟིང་གི་མེ་ལྕེ
ང་ནི་དུས་གཏན་དུ་འགྱེད་བཞིན་པའི་འོད་ལང་ཞིག
མེ་ལྕེ མེ་ལྕེ མེ་ལྕེ སྙིང་སྟོབས་ཀྱི་མེ་ལྕེ
མེ་ལྕེ་འདི་བདག་གི་རྒྱན་ཆ་ཡིན
ན་ཟུག་འདི་བདག་གི་ལུས་ཕུང་ཡིན
འཚིག་སྒྲ་འདི་བདག་གི་གླུ་དབྱངས་ཡིན
ངའི་ལུས་ཐོག་ན་འབར་བཞིན་པའི་མེ་ལྕེ་འདི
དུས་གཏན་དུ་བཏལ་མཁན་མེད་པར་ཤོག
ཚེ་གང་ལ་འབར་བཞིན་གནས་པར་ཤོག
2012.3.14་ཧུན་སུར་ནས།
དངོས་མིང་། ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། ལས་ཐོབ། དགེ་རྒན།
—————————————————————————————
དཔའ་བོའི་རྟོགས་བརྗོད།
སེར་ཤུལ་རིན་ཆེན་དོན་གྲུབ། ལྷོ་ཕྱོགས།
ཁྲག་གིས་འཚོས་པའི་འཇིག་རྟེན་འདི་ཡིས་ཅི་ཞིག་ནན་བརྗོད་བྱེད་བཞིན་ཡོད། །
སྙིང་སྟོབས་མཆོག་གི་མཛད་པ་འདི་ཡིས་གང་ཞིག་མགྲོན་དུ་བསུ་བཞིན་ཡོད། །
མེ་ལྕེ་དམར་པོའི་ངར་ཤུགས་འདི་ཡིས་སུ་ལ་ཁ་གཏད་གཅོག་བཞིན་ཡོད། །
འཛམ་གླིང་གོ་ལའི་ཟིན་ཐོ་བརྒལ་བའི་སྒུལ་ཤུགས་འདི་ཡིས་ཅི་ཞིག་བསྙད། །
ཁྱེད་ཀྱིས་སྲོག་དང་ཚེ་ཡིས་འབོད་པ་ཞི་བདེ་བསུ་བའི་དབྱངས་རྟ་ཡིན། །
ཁྱེད་ཀྱིས་སེམས་དང་བསམ་པས་འཚོལ་བ་རང་དབང་རྫོགས་ལྡན་སྐལ་བ་ཡིན། །
ཁྱེད་ཀྱི་ལུས་དང་ལོངས་སྤྱོད་དོར་བ༸རྒྱལ་མཆོག་ཕེབས་པའི་ཉེར་བསྡོགས་ཡིན། །
ཁྱེད་ཀྱིས་གོ་ལར་མཛེས་སྡུག་བསྐྲུན་པ་གངས་ཅན་དཔའ་བོའི་སྙན་པ་ཡིན། །
ཀྱེ་ཧོ་དཔའ་མཛངས་སྙིང་སྟོབས་དེ་ནི་གདོང་དམར་རུས་ཀྱི་རྒྱུད་ལས་འཁྲུངས། །
འཚེ་མེད་ཞི་བའི་ཐབས་མཆོག་དེ་ནི་ནང་བསྟན་ཆོས་ཀྱི་དཔལ་ལས་བྱུང་། །
གཞན་གནོད་སྤོང་བའི་འཐབ་རྩོད་ནུས་ཤུགས་བླ་ན་མེད་པའི་སྦྱོར་བ་ལས། །
འཛམ་གླིང་དཔྱོད་ལྡན་སྐྱེ་བོའི་འཛུམ་ཞལ་གངས་ཅན་ལྗོངས་ལ་འཛུམ་པར་བྱས། །
མི་ཡི་རིགས་ཀྱི་ལོ་རྒྱུས་གླེགས་བམ་དལ་གྱིས་ཀློག་པར་རྩོམ་པ་ན། །
རྒྱལ་ཁའི་ཆེད་དུ་ཚེ་སྲོག་གཏོང་བའི་དཔའ་བོའི་ལོ་རྒྱུས་མོད་ན་ཡང་། །
རང་གི་ཆེད་དུ་གཞན་སྲོག་གཅོད་པའི་རྟུལ་ཞུགས་དང་དུ་བླངས་བ་ལས། །
རང་ཉིད་བསད་ནས་རྒྱལ་ཁབ་སྐྱོང་བའི་ལོ་རྒྱུས་རི་མོ་ཤིན་ཏུ་ཉུང་། །
དེ་དག་བསམ་དུས་ཁྱེད་ཀྱི་མཛད་རྗེས་དཔའ་བོའི་མཛད་བཟང་བླ་མེད་ཡིན། །
མེ་ལྕེའི་རླབས་ཀྱི་ཞི་བདེའི་འབོད་སྒྲ་འཛམ་གླིང་ཟིན་ཐོ་གསར་བ་ལགས། །
སྙིང་སྟོབས་སྟོང་གི་རེ་འབོད་གཉོམ་པོར་དགྲ་སྙིང་གཏོར་བའི་ནུས་སྟོབས་མཆིས། །
ཤིན་ཏུ་རྨད་དོ་མཆོག་ཏུ་གྱུར་ཏོ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ། །
དམར་པོའི་སྙིང་ལ་ཚེ་སྲོག་གཅེས་པའི་འདུ་ཤེས་ཅུང་ཙམ་མེད་ན་ཡང་། །
ཚེ་སྲོག་གཏོང་བའི་བློ་སྟོབས་བྱ་བར་ཡང་དག་འབྲས་བུ་སྨིན་ངེས་པས། །
ཁྱེད་ཀྱི་ཁྲག་དྲོན་གསར་པས་བསྐྲུན་པའི་ཁ་བའི་ལྗོངས་ཀྱི་མི་རིགས་འདིར། །
རང་དབང་སྐལ་བ་མྱུར་དུ་ཤར་བའི་ཡིད་ཆེས་སྤོབས་བདག་ལ་ཟབ། །
བདེན་པའི་གནས་ལུགས་རིན་ཐང་ཡོད་པ་དུས་ཀྱིས་གསལ་བོར་བྱེད་ངེས་ཤིང་། །
ཁྲག་དྲོན་འཕྱུར་བའི་ལོ་རྒྱུས་འདི་ཉིད་མེ་ལྕེས་རླབས་ཀྱིས་བསྒྱུར་ངེས་པས། །
དཔའ་རྒོད་དག་གི་རྣམ་ཤེས་འབོད་སྒྲ་སྙིང་གི་དྲོད་རླབས་ལ་ཉར་ཏེ། །
རེ་བའི་གནས་སུ་མདུན་དུ་སྐྱོད་དང་རིགས་གཅིག་གངས་ཅན་བོད་པ་ཚོ། །
བླ་ན་མེད་པའི་སྙིང་སྟོབས་འདི་ནི་གངས་ཅན་དཔའ་བོའི་མཚོན་དོན་ཡིན། །
འཚེ་མེད་ལྟ་གྲུབ་ཟབ་མོ་འདི་ནི་རིག་གཞུང་རྒྱ་མཚོའི་སྙིང་བཅུད་དོ། །
གོ་ལ་བརྒལ་བའི་སྙན་པ་འདི་ནི་དཔའ་བོས་བསྐྲུན་པའི་བྱས་རྗེས་ཏེ། །
མངོན་པར་བསྟོད་དོ་ཡི་རངས་བྱ་འོ་སེམས་ཀྱི་དཔའ་རྒོད་དམ་པ་ཚོ། །
རྒྱལ་གཅེས་སྙིང་སྟོབས་ཅན་གྱི་དཔའ་རྒོད་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་འཚེ་མེད་ཞི་བའི་སྟོབས་ཤུགས་བཀོལ་སྤྱོད་ཀྱིས་ཆེས་ཚད་གཞི་མཐོ་བའི་འཐབ་རྩོད་དེ་རང་ལུས་མེར་སྲེག་གི་ལས་འགུལ་བྱུང་དང་འབྱུང་བཞིན་པ་དང་དུས་མཚུངས་སུ་ཁོང་ཅག་གི་བླ་ན་མེད་པའི་སྙིང་སྟོབས་ཀྱིས་བྱེད་སྟངས་དེ་དང་། རང་ཉིད་ཀྱིས་གང་ཡང་བྱེད་མི་ཐུབ་པའི་སྡུག་ཡུས་དང་ངོ་ཚ་འདྲེས་མའི་ཚོར་བ་ཞིག་གི་རྡབ་སྐྱོད་དང་ལྷན་དུ་འདི་ཁོང་ཅག་གི་བྱས་རྗེས་ལ་རྗེས་སུ་ཡི་རང་གི་མཚོན་བྱེད་ཙམ་དུ་བྲིས་པའོ།།
༢༠༡༡/༡༡/༡༦
དངོས་མིང་། ་སེར་ཤུལ་རིན་ཆེན་དོན་གྲུབ། ལས་གནས་དགེ་རྒན།
—————————————————————————————
དཔའ་བོའི་རྟོགས་བརྗོད། ༼ཚན་པ་གཉིས།༽
_______འཚིག་བཞིན་པའི་དཔའ་བོ་དག་ལ་རྗེས་དྲན་དུ།
དོལ་སྨྱོན།
དམར་པོ་མེ་ལྕེའི་རང་འོད་འོག་ནས་བདེན་པའི་བུ་ཆུང་བཞུད་ནས་ཐལ། །
དམར་པོ་མེ་ལྕེའི་འབར་སྟངས་ཁྲོད་ནས་ཞི་བའི་རྣལ་འབྱོར་ཡལ་ནས་ཐལ། །
དམར་པོ་མེ་ལྕེའི་རྔམ་ཁའི་དཀྱིལ་ནས་བྱམས་བརྩེའི་མ་ཡུམ་བུད་ནས་ཐལ། །
དམར་པོ་མེ་ལྕེའི་ཚ་ཞགས་ཁོངས་ནས་དྲིན་ཅན་ཕ་ལོ་གཤེགས་ནས་ཐལ། །
མུན་པའི་ཀློང་ན་ལྷིང་ངེར་འགྱིང་བའི་ཇག་ཚོགས་དག་གི་སེམས་པ་དེ། །
གཙང་ཆུས་དྲིལ་བའི་རྡོ་ཞིག་ཡིན་རུང་ད་ནི་དུམ་བུར་འཐོར་ངེས་ཡིན། །
རང་གི་ཁ་ཕོར་སྲུང་ལ་མཁས་པའི་མཉམ་འབྲེལ་རྒྱལ་ཚོགས་ཆེན་མོ་དེ། །
ལོ་གསུམ་སྨྲ་བ་བཅད་ན་མ་གཏོགས་ད་ནི་ཁ་ཞིག་གྲག་ངེས་ཡིན། །
གཞིས་ཀྱིས་རེ་བ་བྱེས་ལ་བཅོལ་ནས་ལོ་ངོ་ལྔ་བཅུ་ཟད་ནས་ཐལ། །
བྱེས་ཀྱིས་རེ་བ་གཞན་ལ་བཅོལ་ནས་ལོ་ངོ་ལྔ་བཅུ་བུད་ནས་ཐལ། །
གཞན་དག་གཞན་གྱིས་གཡོ་སྒྱུས་བསླུས་ནས་ལོ་ངོ་ལྔ་བཅུ་ཡལ་ནས་ཐལ། །
ཡོད་ཚད་སྟོང་འདང་ཁྲོད་ནས་ཡལ་བའི་ལོ་རྒན་ལྔ་བཅུ་རྫོགས་ནས་ཐལ། །
མི་ལ་མི་ཡི་ཐོབ་ཐང་མེད་པའི་ཞ་ར་ལྟ་བུའི་སྤྱི་ཚོགས་དེར། །
མི་ལ་མི་ཡི་རིན་ཐང་མེད་པའི་བྱོལ་སོང་ལྟ་བུའི་ཁོར་ཡུག་དེར། །
རིག་གཞུང་རིན་ཐང་མུན་པར་བརྫངས་པའི་མུན་ནག་ལྟ་བུའི་གྲུ་ཁ་དེར། །
མི་རིགས་རང་དབང་རྡོག་པས་བརྫིས་པའི་བཙོན་རྭ་ལྟ་བུའི་བསྟི་གནས་དེར། །
བཙན་གནོན་དྲག་པོའི་དྲག་ཆར་བབས་པས་དྲང་བདེན་མགོ་བོ་གཉའ་ནས་བཀུག །
ལོག་བཤད་རླུང་དམར་ཀུན་ནས་འཚུབ་པས་དྲང་བདེན་གཏམ་གྱི་རང་འོད་སྒྲིབ། །
མི་ཟད་གཉའ་གནོན་ཁུར་གྱིས་གནོན་པས་དྲང་པོའི་རུས་རྐང་འཁྱག་ལ་འབྱར། །
མི་བུའི་རང་གཤིས་རླུང་ལ་བསྐུར་བས་ཡོད་ཚད་མིག་ཆུའི་ཀློང་ལ་བསྟིམས། །
ཉིན་གྱི་སྣང་བ་རིང་མོ་དེ་ནི་དམར་ཆུང་སེམས་ཀྱི་ཟུག་རྔུ་ཞིག །
མཚན་གྱི་ཆུ་ཚོད་རིང་མོ་དེ་ནི་སྡུག་གིས་སྤུར་བའི་དབུགས་རིང་ཞིག །
མུན་པས་གཡོགས་པའི་ཁོར་ཡུག་དེ་ནི་མི་བཟོད་གཤིན་རྗེའི་བཙོན་རྭ་ཞིག །
རྫོགས་པར་དཀའ་བའི་ཉིན་ཞག་དེ་ནི་བཟོད་ཐབས་བྲལ་བའི་ན་ཟུག་ཅིག །
ལོ་རྒྱུས་བདེན་པའི་རང་ངོ་སྤྲད་ཀྱང་རྫུན་གྱི་ཁ་ལྕེ་གཞན་དུ་ཀྱོག །
མི་རིགས་རིག་གཞུང་དཔང་པོར་བཞག་ཀྱང་བདེན་པའི་མིག་ཟུང་སྔ་ནས་ཟུམ། །
བདེན་པའི་སྐད་འབོད་ཞི་བས་བསྒྲགས་རུང་མེ་མདའ་བོའུ་ཐུང་དག་གིས་བསུས། །
དམར་པོ་མེ་ཡིས་ཟེགས་མ་མཆེད་རུང་མེ་ལྕེའི་རང་འོད་འགེབས་ལ་བརྩོན། །
སྐྱོ་བས་བཞུར་བའི་མིག་ཆུ་དེ་ཀོ་བསྐྱིལ་ན་མཚོ་ཞིག་ཁེངས་ངེས་རེད། །
སྡུག་གིས་སྤུར་བའི་དབུགས་རིང་དེ་ཀོ་བསྡུས་ན་རི་རབ་འགུལ་ངེས་རེད། །
གདུང་བས་མནར་བའི་སྨྲེ་ངག་དེ་ཀོ་བསྡོམས་ན་འཇིག་རྟེན་འདར་ངེས་རེད། །
སྐྱོ་གདུང་ཡོད་ཚད་གཟུགས་སུ་གྲུབ་ན་སྟོང་གསུམ་འདི་ཡང་ཆུང་ངེས་རེད། །
བདེན་པའི་རང་འོད་སྔ་ནས་འགྲིབ་པའི་མི་རིགས་དེ་ཡི་གོ་འགྲམ་ན། །
བདེན་པ་གནས་ལུགས་རྒྱུ་མཚན་ཟེར་བ་ལྐུགས་པའི་ཁ་ཡི་བུ་རམ་སྟེ། །
རང་དབང་འདྲ་མཉམ་རླུང་ལ་བསྐུར་བའི་ཇག་ཚོགས་དག་གི་མིག་མདུན་ན། །
རང་ལུས་དམར་པོའི་མེ་རུ་སྒྲོན་ལས་གཞན་པའི་ཐབས་ཤིག་མེད་པ་འདྲ། །
སུམ་ཅུར་ལོན་པའི་སྟག་ཤར་གཞོན་པ་དམར་པོ་མེ་ཡི་དཀྱིལ་ནས་ཡལ། །
དྲུག་ཅུར་སོན་པའི་དྲིན་ཅན་ཕ་ལོ་དམར་པོ་མེ་ཡི་ཀློང་ནས་བཞུད། །
བདུན་ཅུར་སླེབས་པའི་བརྩེ་ལྡན་མ་ལོ་དམར་པོ་མེ་ཡི་ནང་ནས་བུད། །
ཞི་བར་ཕྱོགས་པའི་རྣལ་འབྱོར་ཕོ་མོ་དམར་པོ་མེ་ཡི་ཁོངས་ནས་གཤེགས། །
མི་རིགས་ལ་རྒྱ་སྙིང་ལ་བཅངས་པའི་སྟག་ཤར་དག་གི་འབོད་སྒྲ་དང་། །
རིག་གཞུང་དོན་སྙིང་ཡིད་ལ་སིམ་པའི་སྨན་ཆུང་དག་གི་ཀི་སྒྲ་གཉིས། །
གཅིག་ཏུ་འཁྱིལ་བའི་མེ་ལྕེ་དམར་པོ་འཛིན་མའི་ཏོག་ནས་མཆེད་པའི་ཚེ། །
རྩམ་ཟན་བོད་མི་རེ་རེའི་སྙིང་ལ་ནུབ་ཏུ་མེད་པའི་རྡོ་རིང་བཙུགས། །
ལྷབ་ལྷུབ་གཡོ་བའི་མེ་ལྕེའི་ཀློང་ན་མི་རིགས་ཤིག་གི་བདེ་སྡུག་མཆེད། །
འཕྱུར་འཕྱུར་འཐུལ་བའི་དུ་སྤྲིན་ནང་ན་རིག་གཞུང་ཞིག་གི་སྲོག་རྩ་སྦྲུམ། །
ཞུམ་མེད་གྲག་པའི་འབོད་སྒྲའི་ཁོངས་ན་རེ་བ་ཞིག་གི་མངར་ཁ་རུམ། །
བར་མེད་འཕེལ་བའི་ལས་རིམ་ཁྲོད་ན་ཟད་མཐའ་མེད་པའི་རེ་ཞགས་རྒྱས། །
མི་རིགས་ཤིག་གི་བདེ་སྡུག་ཆེད་དུ་རང་ལུས་དམར་པོའི་མེ་ལ་སྤར། །
རིག་གཞུང་ཞིག་གི་སྲོག་རྩའི་དོན་དུ་ཚེ་འདིའི་ཕུན་ཚོགས་རླུང་ལ་བསྐུར། །
རང་དབང་ཞིག་གི་ཐོབ་ཐང་ཕྱིར་དུ་ཡོད་ཚད་མཆིལ་མའི་ཐལ་བཞིན་བོར། །
ཨེ་མ་ཁྱེད་ཚོའི་མཛད་རྗེས་བསམ་ཚེ་ཟད་མཐའ་བྲལ་བའི་སྤོབས་པ་ཞིག །
ལང་ལིང་གཡོ་བའི་མེ་ལྕེའི་ཕུང་པོས་ཆོལ་གསུམ་རྡོག་རྩ་གཅིག་ཏུ་བསྒྲིལ། །
ལྷོག་ལྷོག་འཕྱུར་པའི་དུ་ཞགས་རྣོན་པོས་མི་བུའི་སེམས་ལ་ངར་ཤུགས་བསྐྱེད། །
བར་མེད་སྒྲོག་པའི་ཀི་སྒྲ་རིང་མོས་རྨོངས་ཞེན་བག་འཁུམ་གཏིང་ནས་གཏོར། །
མདུན་དུ་བསྐྱོད་པའི་གོམ་སྟབས་ཡངས་མོས་ཆོད་སེམས་རི་མོ་བྲག་ལ་བརྐོས། །
མི་བུ་ཞིག་གི་ཐོབ་ཐང་གླེང་གིན་སྟག་ཤར་དར་མ་འཚིག་ནས་ཐལ། །
རིག་གཞུང་ཞིག་གི་དོན་སྙིང་གླེང་གིན་སྨན་ཆུང་བུ་མོ་འཚིག་ནས་ཐལ། །
འདྲ་མཉམ་ཞིག་གི་ལྟ་གྲུབ་གླེང་གིན་བནྡེ་ཕོ་མོ་འཚིག་ནས་ཐལ། །
རང་དབང་ཞིག་གི་ཁ་གཡང་སྒྲོག་གིན་དྲིན་ཅན་ཕ་མའང་འཚིག་ནས་ཐལ། །
16.11.2012
དཔའ་བོའི་རྟོགས་བརྗོད།
________མེ་ལྕེ་འདི་ལྟར་འབར་སོང་།
མེ་ལྕེ་འདི་ལྟར་འབར་སོང
ཆོས་རྭ་ནས་ཆོས་གོས་རྣམ་གསུམ་སྤྲས་པའི་དགེ་འདུན་པ་འབར་སོང
ཁོ་ཚོས འཁོར་བའི་གནས་ལུགས་དང་ལས་འབྲས་ཀྱི་ལྟ་བ་ལ་བདེན་པ་བརྡར་ཏེ
དྲང་བདེན་གྱི་ལྟ་བས་མི་རིགས་དང་རིག་གཞུང་གི་བདེན་དོན་བརྗོད་ཀྱིན
མུན་ནག་གི་བཙོན་དོང་དེ་རུ གནས་ལུགས་ཤིག་རྙེད་པར་འདོད་ནས
རྒྱུ་འབྲས་ཤིག་ཐོབ་པར་རེ་ནས དམར་ལམ་ལམ་གྱི་མེ་ལྕེའི་ཀློང་ནས
དྲང་བདེན་ལ་མིག་ཟུང་ཅེར་བཞིན་ཕེབས་སོང
ཞི་བདེ་ཡི་ཁ་གཡང་སྒྲོག་གིན་ཕེབས་སོང
མེ་ལྕེ་འདི་ལྟར་འབར་སོང
ཤེས་རིག་གི་ལོ་འདབ་རྒྱས་ཤིང་ལང་ཚོའི་མེ་ཏོག་བཞད་པའི་གསར་བུ་དག་འབར་སོང
ཁོ་ཚོས མི་བུའི་ཐོབ་ཐང་དང་མི་རིགས་ཀྱི་འདྲ་མཉམ་ལ་མིག་ཟུང་ཅེར་ཏེ
ཡང་དག་པའི་སྤོབས་པས་རང་དབང་དང་འདྲ་མཉམ་གྱི་འབོད་ཚིག་སྒྲོག་གིན
ལོག་སྤྱོད་ཀྱི་འདུ་ར་དེ་རུ རང་དབང་ཞིག་ཐོབ་པར་རེ་ནས
འདྲ་མཉམ་ཞིག་རྙེད་པར་འདོད་ནས དམར་ལམ་ལམ་གྱི་མེ་ལྕེ་ཡི་ཀློང་ནས
ནང་མི་དག་རྒྱབ་ཏུ་བསྐྱུར་ནས་ཕེབས་སོང
མདུན་ལམ་དག་ཆུ་ལ་གཡུགས་ནས་ཕེབས་སོང
མེ་ལྕེ་འདི་ལྟར་འབར་སོང
འཚོ་བ་ཡི་གྲུ་ཁ་ན་ལངས་ཤིང་ཡོད་ཚད་ལ་གསོན་ཤུགས་སྣོན་པའི་ལོ་ལོན་དག་འབར་སོང
ཁོ་ཚོས འདས་ཟིན་པའི་བདེ་སྡུག་དང་འབྱུང་འགྱུར་གྱི་གནས་སྟངས་ལ་མིག་རྒྱང་འཕངས་ཏེ
བོད་སྐད་དག་མ་ཞིག་གིས་མུན་ནག་དང་ལོག་སྤྱོད་ཀྱི་ཐ་ཚིག་སྒྲོག་གིན
གཉའ་གནོན་གྱི་གྲུ་ཁ་དེ་རུ ཉི་འོད་ཅིག་འཆར་བར་རེ་ནས
བསིལ་རླུང་ཞིག་ལྡང་བར་རེ་ནས དམར་ལམ་ལམ་གྱི་མེ་ལྕེ་ཡི་ཀློང་ནས
མེས་པོ་ཚོའི་ཞལ་ཆེམས་སེམས་སུ་དྲན་བཞིན་ཕེབས་སོང
བྱིས་པ་ཚོའི་བདེ་སྡུག་སེམས་ལ་སྒོམ་བཞིན་ཕེབས་སོང
མེ་ལྕེ་དེ་ཁྱོད་ཚོའི་ལུས་ནས་མཆེད་ཅིང་ང་ཡི་སེམས་ནས་བརྒྱུད་དུས
ང་ཡི་སེམས་ལ་མེ་ཡིས་འཚིག་པའི་ཚོར་བ་མི་འདུག
མེ་ལྕེ་དེ་འབར་ཤུགས་ཆེ་དྲགས་པས
ང་ཡི་ལུས་ལ་མེ་ཡིས་འཚིག་པའི་ན་ཟུག་མི་འདུག
མེ་ལྕེ་དེ་འབར་ཐེངས་མང་དྲགས་པས
23.10.2012
དངོས་མིང་། ཤེས་རབ་འོད་འབར། སྨྱུག་མིང་། དོལ་སྨྱོན། ལྕགས་པོ་རིའི་དྲན་རྟེན་བོད་སྨན་མཐོ་སློབ་ཁང་གི་སྨན་སློབ།
—————————————————————————————
རྩོམ་པ་པོའི་རྩོམ་གཤིས་དང་། རྩོམ་ཡིག་བྲིས་པའི་དུས་ཡུན། རྩོམ་ཡིག་གི་ཁོར་ཡུག་ཁྲོད་དུ་སྙན་གྲགས་ཡོད་མེད་བཅས་ཀྱིས་བརྩམས་ཆོས་པང་སྒྲིག་པ་ཡིན་ཚེ། རྩོམ་པ་པོ་ཁ་ཤས་ལ་ཚད་ལས་བརྒལ་བའི་མཐོང་ཆུང་བྱེད་འདུག་ལ། ཁ་ཤས་ཤིག་ལ་རང་ལྟ་མཆོག་འཛིན་གྱིས་ངོ་བསྟོད་བྱ་རྒྱུ་མང་ཤོས་ཆེ། གཟབ་པར་བྱོས། རྩོམ་པ་པོ་རང་རང་ལ་རིན་ཐང་ཞིག་གི་གོ་གནས་ཡོད།
དཔའ་བོའི་རྟོགས་བརྗོད་འདི་ན་ཡིན་ན། དཔའ་མོའི་རྟོགས་བརྗོད་ག་དུས་ཐོན་ནམ།
ཁྱེད་རྣམ་པས་དཔའ་བོའི་རྟོགས་བརྗོད་ཀྱི་ལེའུ་ཞིག་སྐྲུན་པར་གུས་པས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ཞུ།
དཔའ་བོ་དང་དཔའ་མོའི་རྟོགས་བརྗོད་ཟེར་ན་མི་ཆོག་གམ། དཔའ་མོ་ཡང་མང་པོ་མི་འདུག་གམ
དེབ་ཀྱི་རྒྱབ་ཤ་དེ་དངོས་གནས་བཞེད་སྣང་ཚ་བོ་འདུག ཡག་སྡུག་ཇི་ཡིན་མི་ཤེས།
དེ་ཡང་མཆོད་པར་ཕུལ།
བཤད་མི་ཤེས་པའི་ཉིན་མོ་དང་། མཚན་མོ་འབྲེལ་ནས།
དུ་བ་རེ་རེས་མཁའ་ལ་འཕྱུར་སྐབས།
མིག་ཆུ་དང་། དབུགས་རིང་འགྲོགས་ནས།
དཔའ་བོ་དང་། དཔའ་མོ་ཚོར་སྨོན་ལམ་རེ་འདོན།
གངས་ལྗོངས་ཀྱི་རི་མཐོ་དེ་ནས།
མིའི་རིགས་ཀྱི་ལོ་རྒྱུས་ནང་།
གཏམ་རྒྱུད་དང་། ཟིན་བྲིས་གཅིག་བཞག་སོང་།
འཛམ་གླིང་གི་སྣེ་མོ་གཞན་ཞིག་ནས།
མི་རྣམས་ཀྱིས་ལྟ་ཙམ་ཡང་མི་བྱེད་དུས།
མི་རྣམས་ཀྱི་གླེང་ཙམ་ཡང་མི་བྱེད་དུས།
ངས་རང་ཉིད་ཀྱི་ཤ་ཁྲག་འབྲེལ་བར་འཕངས་སེམས་ཤིག་དེ་བས་སྐྱེས་མྱོང་།
ཁྱེད་ཚོར་དབང་བ་གཅིག་པོ་དེ་ལུས་དང་། སེམས་ཡིན།
དེ་ཡང་མཆོད་པར་ཕུལ་སོང་།
ངག་ཆད་ཡུན་རིང་བྱས་ནས།
མཐའ་མཇུག་ཞལ་ཆེམ་གཉིས་བཞག་སོང་།
བཅུ་གཅིག་ཟླ་བའི་ཚེས་ཤར་དང་། མཉམ་དུ།
གསར་བརྗེ་ཞིག་ལ་སྔོན་བསུ་བྱེད།
དཔའ་བོ་དཔའ་མོའི་ཞལ་ཆེམ་གཉིས་དེ།
ཡུན་རིང་མི་འགོར་འགྲུབ་ལ་ཉེས་བའི་ནམ་དུས་ཤིག
གངས་ལྗོངས་ཡུལ་ལ་ཤར་ལ་འོང་བ་ཆོས་ཉིད་ཡིན།
༢༠༡༢་༡༡་༡༦ཉིན།
ཡག་སྡུག་ཅི་བྱུང་ཀྱང་། ཉག་ཕྲ་བའི་དུས་འདིར་འབད་འབུངས་བྱེད་བཞིན་པ་ལ་རྒྱབ་སྐྱོར་ཡོད།
མི་རིགས་ཀྱི་ངོ་སྲུང་དང་རང་རྒྱལ་གྱི་རང་དབང་ཆེད་གཅེས་པའི་ལུས་སྲོག་འདི་ཡང་མཆོད་མེར་ཕུལ་བའི་དཔའ་བོ་དཔའ་མོ་ཡོངས་ལ་གུས་འདུད་ཞུ། དཔའ་བོའི་རྟོགས་བརྗོད་ཅེས་པའི་སྙན་ངག་གི་སྡེ་ཚན་འདི་ལ་སེམས་གཏིང་ནས་དགའ་བསུ་ཡོད། སྙན་ངག་པ་ཞིག་ཡིན་ན་རྩོམ་རིགས་བརྒྱུད་ནས་བོད་ནང་གི་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་དེ་ནི་ལྡོག་ཐབས་མེད་པའི་འགན་འཁྲི་དང་དེ་ཡང་མི་སེམས་བསྒུལ་ཐུབ་པའི་སྙན་ངག་རིགས་གང་མང་མང་འབྲི་རྒྱུ་ན་ཧ་ཅང་གལ་གནད་ཆེར་མཐོང་ངོ་།
དཔའ་བོའི་རྟོགས་བརྗོད་ལ་རྟེན་འབྲེལ་ཞུ།
འདི་ཚོའི་ནང་ན་་་་གཉའ་འབྲོང་ཐུ་བུའི་རྩོམ་ཡིག་འདི་་སྙན་མོ་བྱུང་སོང་བ།
ཚང་་མ་ལ་ཐུགས་རྗེ་ཆེ་དང་བཀའ་དྲིན་བླ་ལྷག་ཞུ་་།
དངོས་གནས་རྩོམས་འདི་ཚོ་ཡ་མཚན་དང་གཟི་བརྗིད་ཡོད་གི ་
རེབ་ཐོག་སོག་མདའ་གང་ན་ཡོད
འབར་བཞིན་པའི་མེ་ཕུང་གི་ཁྲོད་་ནས་ཐོས་པ་ནི་བདེན་པ་ཉག་གཅིག་།
འདི་ནི་དངོས་གནས་བྱས་ན་ངེད་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྤེལ་ཐུབ་ན་བསམ་པའི་ཚོར་སྣང་བྱུང་། རྩོམ་སྒྲིག་པ་དང་དེ་ལ་རྩོམ་ཕུལ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ། འདི་ཡང་བདེན་མཐའ་རྩོད་པ་དང་གདུང་སེམས་མཉམ་སྐྱེད་དུ་འགྲོ་ངེས་པས་ཧ་ཅང་བཟང་གི དྲ་འབུ་ནི་དུས་རྒྱུན་མི་འདོད་བཞིན་ཡོང་སྲིད་པས་དེ་ལ་བཀག་འགོག་སོགས་ཀྱི་ཕྱོགས་སུ་འབད་དགོས་མེད། དཔའ་བོ་ལབ་དུས་དཔའ་མོ་ཞེས་ལོགས་སུ་དགོས་པར་མཐོང་བ་ནི་རང་ཉིད་ལ་ལྟ་རྒྱ་ཆུང་བའི་རྟགས་རེད།
རྒྱུ་མཚན། དཔའ་བོའི་མིང་གྲངས་ཁག་ཅིག་འདིར་བགྲང་ན།
གྱད་མི།
འཇིགས་མེད།
ཉམ་ང་མེད།
སྙིང་སྟོབས་ཅན།
བསྙེངས་བྲལ།
གཏུམ་པའི་དཔུང་པ་ཅན།
སྟོབས་ཆེན།
བརྟུལ་ཕོད་པ། ཐལ་བྱུང་འགྲོ།
རྣམ་གནོན་ཅན།
ཕ་རོལ་གནོན།
བག་མི་ཚ།
ཚོམ་པ་མེད།
མི་འགོང་བ།
ཞུམ་པ་མི་མངའ་ཞེ་སྡང་ལྡན།
གཡུལ་ངོར་བརྟན།
གཡུལ་ན་བརྗིད།
འདི་ནི་སྐྱེས་པ་ཕོ་མོ་གཉི་ག་ལ་འཇུག་པ་ལས་སྐྱེས་པ་ཕོ་ཁོ་ན་འཇུག་པའི་རྣམ་གཞག་ཅིག་བོད་ཀྱི་རིག་གཞུང་དང་ཚིག་མཛོད་སོགས་གང་དུ་བཙལ་ཡང་མི་རྙེད། འོན་ཀྱང་ཤེས་ཡོན་གྱི་རྨང་གཞི་མེད་ཀྱང་གང་དྲན་བཤད་པར་སྔམ་པའི་མི་བུ་རེ་ཟུང་གིས་རང་དང་མཚུངས་པའི་སྐྱེས་དམན་དག་ལ་ངར་བསླང་བའི་ཚུགས་ཀ་འདུག་ན་ངས་གསལ་བཤད་ཙམ་བྱས་པ་ཡིན།
དངོས་འབྲེལ་རྗེས་སུ་ཡི་རངས་ཞུ། གུས་མོར་མཚོན་ན། མེར་བསྲེགས་དོན་རྐྱེན་འདི་བྱུང་བ་ནས་བཟུང་། ངག་ལྐུག་པར་གྱུར། ལག་ཞ་བར་གྱུར།
སེམས་སུ་་་འ་་་འདི་ནི་ཅི་ཞིག་རེད་དམ་སེམས་བསམ་ཞིག་དང། སྨྲ་བསམ་བརྗོད་འདས་ཟེར་བ་འདི་འདྲ་ཞིག་ཟེར་གྱི་ཡོད་པ་འདྲ་བསམ་པ་ལས་་ཅི་ཡང་བཤད་ཤེས་ཡ་མི་འདུག
ཧ་ཅང་ཡག་གི ཐུགས་རྗེ་ཆེ། རྒྱབ་སྐྱོར་ཡོད།
བཀྲ་ཤིས་བདེ་ལེགས་ཡོད། རབ་བྱུང་ན་རྩོམ་པ་པོ་རེ་རེ་ནས་དཔའ་བོ་རེ་རེ་བརྗོད་གཞིར་བཟུང་ནས་འབྲི་འོས་ཤིང་། དེ་ལྟར་དཔའ་བོ་རེ་རེ་སྒྱུ་རྩལ་གྱི་མཐོ་ས་ནས་བཞེངས་བསྐྲུན་གནང་ཐུབ་ཡོད་པར་མ་ཟད། རྟོགས་བརྗོད་ཀྱི་ཁྱད་ཆོས་ཀྱང་ཚང་ཡོད་པས། དཔའ་བོའི་རྟོགས་བརྗོད་སྙན་རྩོམ་ཡན་གར་བ་ཞིག་ཏུ་འགྱུར་སྲིད།
རྒན་རབས་པ་ལྷ་སྡེ་གནམ་ལོ་ཡག་སོགས་ཀྱིས་ལམ་སྟོན་དེ་ཡིད་ལ་ཟུངས་ན་ལེགས།
ཤར་ཕྱོགས་ཁྲི་གདུགས་ཉི་མས། མེས་པོའི་གངས་ཀྱི་ཤུལ་ལུས། དམིགས་མེད་ཐལ་བ་སྐམ་པོར།། སྒྱུར་བའི་ལས་ངན་ཟློག་མེད།། གངས་ལྗོངས་ཡུལ་ལ་སྨིན་ཐལ།། གངས་སེང་སྡོད་ས་ཤོར་ཐལ།། གངས་རིའི་མགོན་པོ་ཕེབས་སོང་།། གངས་རི་གངས་སེང་ལུས་ཐལ།། གངས་སེང་ཤི་གསོན་ཕྱེད་བགོས།། གངས་ཆུ་ཆད་ལ་ཉེ་ཐལ།། ལས་ཀྱི་ཉི་མ་དམར་པོས།། གངས་རི་སྐམ་སར་སྒྱུར་ཏེ།། གངས་སེང་བརྒྱུད་པ་བཅད་དེ།། སྤྲང་ཁྱི་རི་ལུང་བཀང་སོང་།། ཨ་ཤུ་རེ། བཙན་པོའི་གངས་སེང་བརྒྱུད་པ།། ཁྱི་ཡི་གོ་སར་ལྷུང་ཐལ།། གཞན་དབང་སྐེ་ཐག་བཀོན་ཐལ།། ཡ་ང་རེ། བདག་མེད་འབྲོང་གཡག་རྒོད་པོར།། ཁྲིམས་ཀྱིས་དབང་སྒྱུར་བྱེད་ཐལ།། མཛད་མེད་དཔའ་རྒོད་རེ་རེས།། སྲོག་གིས་བདེན་དཔང་འཇོག་ཀྱང་།། གྲངས་མང་རྫུན་མའི་སྤྱང་གིས།། བདེན་པའི་དཔའ་རྒོད་རེ་རེ།། ཁྱུར་མིད་བཏང་དང་གཏོང་བཞིན།། གངས་ལྗོངས་དུར་སར་གྱུར་ཐལ།། གངས་རིར་དམག་གིས་བཀང་སོང་།། གངས་རིའི་ཟུང་ཁྲག་ཤོར་ཐལ།། གངས་ཆུ་ཁྲག་ལ་འདྲེས་སོང་།། ཡིད་རེ་སྐྱོ།། ཆོས་ལྡན་ཀླ་ཀློར་ཐིམ་ཐལ།། ཐུ་བྷོད་བཙན་ས་ཤོར་ཐལ།། མཐོ་སྒང་བཙན་པོའི་བུ་བརྒྱུད།། ཐག་ནག་ཤར་ལེ་བཙོན་རྭར།། མ་ཤི་དམྱལ་བ་མྱོང་ཐལ།།
འཛད་མེད་ཀྱི་སྐྱོ་གདུང་། འོ་སྐོལ་གྱི་ངོ་གདོང་དུ། ཆད་མེད་ཀྱི་མིག་ཆུ་ཁྲག་ཏུ་འདྲེས་སོང་། སེམས་པའི་ཨ་ཐང་ཆད་ཐལ། སྐྱོོ་སྡུག་གི་ནམ་ཟླ། གངས་ཅན་པའི་དུས་རབས། སྡུག་གི་ནག་བུན། ལྟོས་དང་། འཛམ་གླིང་གི་ཡང་རྩེ་འདི་ལ། དམྱལ་བ་མི་ཡུལ་དུ་འཕོ་ཐལ། བྱུས་ཉེས་དང་། ཕམ་ཁ། འཛམ་གླིང་གང་སར་ཡོད། འོན་ཀྱང་། སྤྱན་རས་གཟིགས་ཀྱི་འདུལ་ཞིང་། ཆོས་ལྡན་གྱི་ཞིང་ཁམས་སུ་གྲགས་པའི་གངས་ཅན་གྱི་ལྗོངས་སུ། འཛམ་གླིང་གང་ལའང་མ་གྲགས་པའི་ལས་ངན་དང་། སྡུག་རྩུབ། མནར་གཅོད་འདི་འདྲ་སྨིན་པའི་རྒྱུ་ཚོགས་ཅི་ཞིག་བསགས་སོང་། ཕ་མེས་ཡང་མེས་སུའི་ཉེས། འཛམ་གླིང་གང་ནའང་གཅིག་འོག་གཅིག་བསྡུས་དང་། གཡོ་རྒྱུ་ཁྲམ་གསུམ་གྱི་ཤིན་ཏུ་ཚབས་ཆེ་བའི་ལས་ངན་སྲོག་མཁན་ཤིན་ཏུ་མང་། ད་དུང་འཁྲུག་ཆེན་སྔ་ ཕྱི་སློང་མཁན་དང་། ལྷག་དོན་མི་གྲངས་ས་ཡ་བརྒྱད་བཅུ་བརྒལ་བའི་གསོད་པ་དང་། ད་དུང་མུ་མཐུད་དེ་བསད་དང་གསོད་བཞིན་པའི་གུང་ཁྲན་ཏང་ལ། ལས་ངན་དང་། དཀོན་མཆོག་གི་བཀའ་ཆད་ཡོང་རྒྱུ་ཞིག་མེད་ལུགས་ལ་བལྟས་ན། ལྷ་མེད་སྨྲ་བའི་གྲུབ་མཐའ་ལ་ཅུང་ཡིད་ཆེས་རང་བཞིན་དུ་སྐྱེ་འོང་བ་ཞིག་རེད། དེ་དག་ལས། ཉེས་ཚབས་ཆེ་བའི་བོད་པས་ལས་ངན་ཅི་ཞིག་བསགས་པ་རེད། མདོར་ན་གངས་ཅན་བོད་འདིས་སངས་རྒྱས་བསྟན་ལ་དད་ཀྱི་ཡོད་དམ་ཡང་ན་བཤིག་གིན་ཡོད། གངས་ཅན་ལྷ་སྲུང་རྣམས་ཀྱིས་རང་ཡུལ་སྐྱོབ་མི་ཐུབ་པའི་གནད་དོན་ཐུག་ས་དོན་ངོ་མ་གང་། གཞན་ལ་མེད་པའི་བོད་ཀྱི་ལྷ་སྲུང་བཙན་པོ་རྣམས་ག་ལ་ཕེབས་སོང་། མཐུ་དང་ནུས་པ་ཡོད་མཁན་གྲུབ་ཐོབ་ཚོ་གང་ལ་ཡོད།
སྤྱན་གསུམ་བདག་པོ་ལྷ་སྲུང་དམར་ནག་གཉིས་གང་ལ་ཡོད། གངས་ཅན་བོད་ཀྱི་ཤུགས་ལྡན་གཙོས་པའི། འདྲེ་དང་འབྱུང་པོ་གང་ལ་ཡོད། ཤ་ཟ་ཁྲག་ལ་རྔམ་པའི་ཁ་གདང་མཆེ་གཙིགས་འཇིགས་པའི་ང་རོ་ཅན་ཚོས། དགྲ་བོའི་ཤ་ཁྲག་མ་མཆོད་ཅི་ཡིན། མ་མཉེས་སམ། ཡང་ན་དཔའ་ཞུམ་པ་རེད།
ཡང་ན་རྒྱུ་འབྲས་གོ་ལྡོག་ཏུ་ཡོད་དམ། དཀོན་མཆོག་གི་བཀའ་ཆད་ལ་མ་དྲང་བ་ཡོད་དམ། ལས་འབྲས་ལ་སླུ་བ་ཡོད་དམ།
ཡང་ན་ལྷ་སྲུང་རྣམས་ཀྱིས་དགྲ་དགའ་གཉེན་སྡུག་བྱེད་སྲིད་དམ། གསུང་དང་། མོ་བ། པྲ་བ། མ་འོངས་མངོན་ཤེས་ཅན། ཡང་སྲིད་ཡང་སྤྲུལ་ལྷ་མཐོང་འདྲེ་མཐོང་ཚོ། ལུང་བསྟན་རེ་གསུང་དང་། ང་ཚོའི་ཅི་ཉེས་སོང་བ་རེད། ད་ལྟ་ང་ཚོས་ཅི་ཞིག་བྱེད་ན་བཟང་། གངས་ཅན་ལྗོངས་སུ་རང་དབང་གི་ཉི་མ་ཞིག་འཆར་རྒྱུ་ཡོད་དམ། ལམ་ལྟོན་གསལ་པོ་རེ་གསུང་དང་། གནའ་ནས་ད་བར་ཁྱོད་ཚོ་བསྟོད་མཆོད་བསྒྲུབ་པའི་བཟང་ལན་ལ། ད་ཐེངས་དེ་ཙམ་ཞིག་མ་བཤད་ན། མི་དམངས་དྲན་གཡོག་དུ་རྒྱུག་པའི་མཐའ་འབྲས་ཅི་ཡང་མེད་སོང་། མི་དམངས་རྣམས་དུས་གཏན་དུ་ཁྱོད་ཚོ་ལ་བློ་ལོག་སྲིད། རྒྱབ་འགལ་བྱེད་སྲིད། རྒྱུ་འབྲས་བློ་མིག་ཡོད་མཁན་ཚོ་ལམ་སྟོན་ཞིག་བྱོས་དང་།
གངས་རི་རྭ་བའི་སྐོར་བའི་དམྱལ་ཁམས་སུ། མ་ཤི་དམྱལ་བ་མྱོང་སའི་གཤིན་རྗེའི་ཡུལ། རྫོགས་ལྡན་ཞིང་དུ་སྒྱུར་ཤིག་སྤྱན་རས་གཟིགས། ཡི་དམ་ལྷ་སྲུང་ཡོད་ན་གྲོགས་མཛོད་ཅིག།
ཧུཾ་བྷྱོཿ དགྲ་བོའི་སྲོག་ལ་རྔམ་པའི་ལྷ་སྲུང་ཚོགས།། མཐུ་རྩལ་དུས་ལ་བབ་པར་ཕྱི་ལ་སོང་།། ས་མ་ཡ། བདག་གིས་དགྲ་བོའི་སྙིང་ཁྲག་འདི་འབུལ་ལོ།། ཤ་དང་ཁྲག་ལ་རོལ་ཤིག་བསྟན་སྲུང་ཚོ།།
– -ཧ ཧ ཕོ་མོ་འདྲ་འདྲ། འོ་ན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཟེར་བ་དོན་མེད་མིན་ནམ། ཡང་ན་ཁྱོད་ལ་དཔའ་མོ་བཏགས་ན་ཆོག་གམ། རྟགས་ཁས་བླངས་གྲུབ། འཁོར་གསུམ་ལ་ལན་མེད་དོ། ཕོ་གཡབ་མོ་གཡབ་ཀྱི་སྲོལ་ངན་མཁན་ལ་དེ་ལྟར་སྣང་ཡང་། བུ་མོ་ལ་དཔའ་བོ་མིང་བཏགས་ཡོད་ས་གཅིག་ཤོད་དང་། ཕོ་མཆོག་མོ་དམན་གྱི་མིང་ངན་དེ་བཏགས་ནོར་ཤོར་འདུག་པས་དེ་ལུགས་ཀྱིས། འབྲེལ་མེད་མ་བཤད་ཨ། ངན་སྐུལ་ཟེར་ན་ཡང་འདི་ཚོ་རེད།
དེས་ན་སྙིང་སྟོབས་ཅན་ཡིན་ན་དཔའ་མོ་མ་ཡིན་པས་ཁྱབ་པར་ཐལ། དེ་དཔའ་བོའི་མིང་ཡིན་པའི་ཕྱིར། མ་གྲུབ་ན། ཚིག་མཛོད་སོགས་ལ་འགལ། དེ་ཙམ་ཡང་མི་ཤེས་འདིར་ཡོང་ནས་འུར་མ་རྒྱག
དཔའ་མོ་ཏིང་འཛིན་སྒྲོལ་མ།
རྒྱབ་ལྭ་དམར་བོའི་འོག་གི
འཛུམ་ཞལ་མེ་ཏོག་བཞད་འདྲ།
འཇིག་རྟེན་འདི་ཡི་རྒྱན་ཏུ།
འདི་ལྟར་བཞག་འགྲོ་མ་བསམ།
མི་རིགས་ཆེན་པོ་གཉིས་ཀྱི།
མཛའ་བཤེས་རྡོ་རྗེ་མདུད་པ།
ཡུན་ལ་བསྲིངས་ཐབས་བསྒོམ་ཡང་།
སྐྱ་ཡ་དོར་དགོས་བྱུང་འདྲ།
ལས་མཐུན་མེད་པ་མ་རེད།
ལས་དབང་བཙན་ལ་ཤོར་བས།
གཉོམ་ཆུང་བོད་མིའི་ཁ་སྟོབས།
འདི་ལྟར་རྒུད་བསམ་དོར་ཤག
བསམ་འདུན་གངས་ཀྱི་དར་ལྕེ།
བསྐལ་བའི་མཐའ་ལ་བསྲིངས་ཤིང་།
བརྒྱུད་ལམ་ཡོམ་ཡོམ་བསྒུལ་བས།
ཡིག་དྲུག་ཀུན་གྱིས་སྒུམ་སོང་།
ཞུམ་མེད་སྤོབས་པའི་དཔུང་བ།
ས་མཐོའི་ཕྲག་ཏུ་བསྒྲེངས་པས།
ཕྱོགས་མཐའི་འདྲེན་བྱེད་སྟོང་ཕྲག
ཆུ་ཡིས་བརླན་དགོས་བྱུང་འདུག
ཡིན་ཡང་བོད་པའི་ལུགས་སུ།
སྐྱེ་འཆི་རེས་སུ་འཁོར་བ།
བེམ་པོའི་བརྗེ་བསྒྱུར་འདྲ་བས།
བོད་ལ་བྲལ་བ་མ་གནང་།
སང་ལོ་བཙན་མོའི་ནགས་སུ།
མེ་ཏོག་ཐགས་སུ་བཀྲ་དུས།
བུང་བའི་དྲུག་འགྱུར་འཐེན་ནས།
དཔའ་མོའི་བསུ་མར་ལངས་ཡོད།
རྩོམ་འཁྱོག་འདི་དཔའ་མོར་གུས་པ་མཚོན་ཆེད་དང་། གོང་དུ་བསམ་ཚུལ་ཞིག་བརྗོད་པའི་མཇུག་སྐྱོང་བའམ། ཁ་བཤད་ལས་ལེན་མེད་པའི་གཤིས་ཀ་དེར་འགྱུར་བ་གཏོང་ཆེན་ཤར་མར་སྦྱར་བའོ།
བཀུར་འོས་རང་མི་རིགས་སྣེ་ཁྲིད་རྣམས་པ་ཁྱོད་ཚོའི་འདི་ནས་དཔའ་བོའི་རྟོགས་བརྗོད་ཟེར་བའི་ཁ་བྱང་ཞིག་བཏགས་ཡོད་པ་འདི་དེ་ལྟར་སྙན་པོ་ཞིག་ཡིན་མིན་མི་ཤེས་ཀི་གཅིག་བྱས་ན་བླུན་པོ་ངས་ནོར་སྲིད། ཡིན་ན་ཡང (རྟོགས་བརྗོད་)ཟེར་བ་འདི་ནང་དུ་སྒྲོ་བཏགས་སོགས་མང་བོ་ཞིག་འདྲེས་ཡོད་པའི་ང་རང་སེམས་མ་བདེ་བར་དེ་ལྟར་བཀའ་དྲི་ཞིག་སློང་བ་ཡིན།
ཀི་འདེབས་སྟངས་དང་འདེབས་ལུགས་འདི་ཧ་ཅང་ཡག་པོ་འདུག སྒྱུ་རྩལ་ལས་རིགས་ཀྱི་མི་སྣ་ཚོས་ཚིག་གི་ཝུ་བ་ཙམ་མ་ཡིན་པར།་བསམ་བློ་དང་ནུས་པའི་ལོངས་སྤྱོད་ཅིག་མི་རིགས་འདི་ལ་རང་གིས་ཤ་ཁྲག་ནས་སྦྱིན་ཚད་རེད་འདུག
རྩ་བའི་དམ་བཅའ་ཚ་ཚ་ཚ། ངོ་ཚ་ལེ། མེ་ཚ་ལེ། ཤ་ཚ་ལེ། ཨ་ཚ་ཚ་ཚ།
ཡི་རང་བསྔགས་བརྗོད་ཞུ། དཔའ་རྒོད་མེ་འབར་རེ་རེའི་རྟོགས་པ་བརྗོད་ན་ཧ་ཅང་བཟང་ན་ཡང་ལོ་རྒྱུས་དང་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་མེད་ན་འབྲི་དཀའ། མ་གཞི་ནས་ཁ་བརྡའི་ནང་ལ་ནང་དོན་འདི་ཁོ་ནར་འབྲེལ་བའི་སྙན་དངགས་ཀྱང་བརྒྱ་ལྷག་ཅིག་བྱུང་ཡོད། འདིའི་ཐད་ནས་བདག་གིས་དཔྱད་བརྗོད་རགས་ཙམ་ཞིག་ཀྱང་བྲིས་ཡོད། ད་དུང་མུ་མཐུད་་་
རྩོམ་སྒྲིག་པ་ལགས་ཀྱིས་འདི་ལྟར་སྙན་ངག་གི་རུ་ཚོགས་ཚོགས་ཤིག་བཙུགས་པར་རྗེས་སུ་ཡིད་རང་ཡོད། འོན་ཀྱང་ད་དུང་འདིའི་ནང་མ་ཚུད་པའི་རྩོམ་པ་པོ་ནམ་རྒྱུན་རྩོམ་ཡིག་མང་ཙམ་འབྲི་ཐུབ་མཁན་ཁ་ཤས་མཐོང་དུ་མེད་དུས་ཏོག་ཙམ་བདེ་བོར་མ་བྱུང་། དཔེར་ན་དུས་བབ་ནང་རྩོམ་མང་ཤོས་འབྲི་མཁན་རེབ་ཐོག་མདའ། ཚང་གསར་འཕྲིན་ལས། མིག་གསུམ་པ། འདྲེ་མགོ་རྡོ། ཨ་མའི་བུ་སོགས་མང་པོ་དེ་རིང་འདིར་མཐོང་རྒྱུ་མེད་པ་ནི་ཡང་ན་ཤི་སོང་བའམ། ཡང་གཉིད་སོང་བ། ཡང་ན་རྩོམ་སྒྲིག་པས་སྣང་མེད་དུ་བོར་བ་གང་ཡིན་གསལ་བཤད་གནང་བའི་རེ་བ་ཆེ།་
ཡག་པོ་འདུག་བསྔགས་བརྗོད་དང་ལེགས་སོ་ཟེར་རྒྱུ་ཡིན་ཁྱབ་སྒྲགས་ནི་འགྲོ་ཐང་མ་འཆུག་པ་
ཞིག་ཡིན་པ་ཀུན་གྱིས་བཤད་བཞིན་པ་འདི་རེད།ཡིན་ཡང་རྗེས་སོར་མེར་སྲེག་མང་པོ་མི་ཡོང་
བའི་རེ་བ་ནི་སྔར་བཞིན་ཡིན།
ཐུགས་རྗེ་ཆེ་དེ་འདྲའི་ལས་འགུལ་རེ་སྤེལ་བ་ཡང་བོད་དོན་རང་རེད།
བདག་གིས་གནས་ཚུལ་འདི་གོ་བར་ཅུང་ཟད་ཕངས། ལར་ནས་ད་སྐབས་བདག་གི་ངག་ལྐུགས་ཟིན་པས་ཕྲིས་ཡོང་བསམ་པ་མེད་མོད་མིའི་སེམས་ཙམ་རེད། གཅིག་ཕྲིས་བལྟ་འདོད་བྱུང་།
ངས་ཁྱེད་རྣམ་པའི་ལས་འགུལ་དེར་རྒྱབ་སྐྱོར་དང་ལྷག་པར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་སྙན་ངག་ཚན་པ་གཉིས་བྲིས་ནས་ཁྱེད་རྣམ་པའི་ཁ་བྱང་དེར་བསྐུར་བ་ཡིན་མོད། ཕྱིས་འབྱོར་ཁ་བྱང་གཅིག་པའི་སྙན་ངག་གི་སྡེ་བར་བཀོད་མི་འདུག་པས། ཁྱེད་རྣམ་པར་མ་འབྱོར་བའམ་གང་ལྟར་ལན་ཞིག་ཡོད་པ་ཞུ།
བསམ་ཚུལ་བཤད་མཁན་གྱི་དྲ་གྲོགས་ཚང་མར་ཐུགས་རྗེ་ཆེ་ཞུ། དྲ་གྲོགས་དོལ་སྨྱོན་ལགས། འབྱོར་སོང་། ཅུང་ཙམ་སྒུག་དང་ཚང་མ་མཉམ་དུ་དྲ་ངོས་ལ་འགོད་རྒྱུ་ཡིན།
རང་རིགས་ཀྱི་དཔའ་བོ་ཚོའི་ཆེད་དུ་ཁྱེད་ཅག་གིས་འདི་འདྲའི་རིགས་ཀྱི་རྡོ་རིང་ཞིག་བཞེངས་ཐུབ་པར་ང་རང་དགའ་པོ་བྱུང་། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ལགས།
དགེ་མོ་ལ་ངོ་མ་བཤད་ན། དཔའ་བོའི་རྟོགས་བརྗོད་ཟེར་ན་ཁྱབ་རྒྱ་ཆུང་དྲག་པ་དང་ང་ཚོ་ཟ་མ་མོ་ལ་མཐོང་ཆུང་བྱས་པ་རེད། ད་སྔོན་ཡན་ལ་བུད་མེད་དགུ་བསྲེགས་ཡོད། དེས་ན་དྲང་བདེན་ཞིག་ཡིན་ན། དཔའ་མོའི་རྟོགས་བརྗོད་དམ། དཔའ་བོ་དཔའ་མོའི་རྟོགས་བརྗོད་དམ། དཔའ་རྒོད་ཀྱི་རྟོགས་བརྗོད་དམ། རྒྱལ་གཅེས་རང་བསྲེག་གི་སྙིང་སྟོབས། ཚེ་སྲོག་བློས་བཏང་གི་རྒྱལ་གཅེས། གསོན་བསྲེག་གི་རྟོགས་བརྗོད་སོགས་མིང་དེ་ངེས་པར་བཅོས་ལ་ལེགས་སོ། །
མཁས་བ་ཏག་ཏག་ཡིན་སོ་ཀི། ཡིག་སྐད་དང་ཆོས་སྐད་བརྒྱབས་ན། ང་འདྲ་མོ་མགོ་སྒུར་རས། ཁ་བཙུམ་མས་མི་འདུག་རང་འདུག་རེད། དོན་ལ་གནས་བ་རེ་བྲིས་ཡོད་པར་ཤོག། མཁས་བས་བཤན་ན་ཅི་ཡང་བདེན་ཟེར་བ་དེ་འདྲ་མེད་པར་ཤོག། དོན་དག་ངོ་མ་ཟིག་ལ་འུད་བརྗོད་བརྫུན་མ་རེ་མེད་པར་ཤོག། ཨོ་རེད་རེད། རྟོགས་བརྗོད་རེད་མོ། འདི་ཅི་འདྲ་བྱས་འབྲི་དགོས་བ་རེད། དྲ་གྲོགས་ཚོ།
པདྨ་ལགས་ཀྱིས་གསུངས་པ་དེ་ཡང་གནས་ལུགས་མེད་པ་ཞིག་མིན། རྗེས་མ་ཡིན་ན་ཁ་བྱང་རང་ངོས་ནས་ཀྱང་ཕོ་མོ་གཉིས་ཀའི་བྱས་རྗེས་ལ་བརྩི་འཇོག་བྱས་པ་མཚོན་པར་བྱ་ཐུབ་པའི་རེ་བ་ཡོད།
བོན་རྒྱ་ལགས་སུ་བཀའ་དྲིན་ཆེ།
ང་ཡི་སེམས་ལ་མེ་ཡིས་འཚིག་པའི་ཚོར་མི་འདུག
ཅེས་པར་་་་་ང་ཡིས་སེམས་ལ་མེ་ཡིས་འཚིག་པའི་ཚོར་བ་མི་འདུག་་་་་་ཅེས་བཅོས་རོགས།
ཁྱེད་ཚོས་ཉོན་དང་གངས་ཅན་པ་ཡི་དགོས་འདུན་འབོད་སྒྲ་ཅི་ཞིག་རེད།།
ཁྱེད་ཚོས་ལྟོས་དང་གདོང་དམར་བ་ཡི་མེར་སྲེག་རྣམ་པ་ཅི་འདྲ་རེད།།
ཁྱེད་ཚོས་མྱོངས་དང་ཁ་བ་ཅན་པས་ལུས་སེམས་ན་ཟུག་ཇི་འདྲ་རེད།།
ཀྱཻ་མ་གསུངས་དང་ངང་ཚུལ་འདི་ནི་སྐྱེ་བོ་སུ་ཡིས་བཟོད་ལགས་སམ།།
ཁྱེད་ཚོས་གསོན་དང་རྒྱ་ནག་གཞུང་གི་གཡོ་སྒྱུ་ལོག་བཤད་ཇི་འདྲ་རེད།།
ཁྱེད་ཚོས་གཟིགས་དང་དམར་པོའི་ཏང་གི་དྲག་སྤྱོད་རྣམ་པ་ཅི་འདྲ་རེད།
ཁྱེད་ཚོས་མྱོངས་དང་དྲག་པོའི་གཞུང་གི་བཙན་པོས་གཉའ་གནོན་ཅི་འདྲ་རེད།།
ཀྱཻ་མ་གསུངས་དང་ངང་ཚུལ་འདི་ནི་སྐྱེ་བོ་སུ་ཡིས་བཟོད་ལགས་སམ།།
དངོས་གནས་ཡག་པོ་འདུག་ཡི་རངས་ཞུ།
དཔའ་བོའི་རྟོགས་བརྗོད་ཅེས་པར་བོད་རིང་ལུགས་ཀྱི་ཆེད་དུ། རང་ལུས་ལ་མེར་སྤར་ཏེ། བོད་ཀྱི་རིང་ལུགས་འཇིག་པར་བྱེད་པའི་ཕྱི་ནང་གི་དགྲ་བོའིམུན་པ་སེལ་བའི་སྣང་གསལ་སྒྲོན་མ་བསྐྲུན་པ་ལ་གཞི་བྱེས་ཀྱི་བོད་ཡོངས་ཀྱིས་རང་ལུས་ལ་མེ་སྤོར་བ་པོ་རྣམས་ཀྱི་དྲན་རྟེན་ལ་མཁས་པ་མང་པོས་བོད་ཀྱི་རིང་ལུགས་དང་འབྲེལ་པའི་སྙན་དངགས་ཚིགས་བཅད་ཚིག་ལྷུགས་ཀྱི་རྩོམ་ཡིག་རྣམས་ཀློག་པའི་སྐལ་བ་བྱུང་། བོད་ཀྱི་རིང་ལུགས་ཀྱི་ཆེད་དུ་རང་ལུས་ལ་མེ་སྤོར་བརྟུལ་ཕོད་ཅན་རྣམས་ཀྱི་མཛད་པ་དོན་མེད་དུ་མི་འགྲོ་བའི་ཆེད་དུ། ཛམ་གླིང་བོད་རིགས་ཀུན་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་བཟོ་བསྐྲུན་བྱེད་པ་གལ་ཆེ་བར་མཐོང་། དེ་ལྟར་བཟོ་སྐྲུན་བྱེད་པ་ལ་ཇེ་ཐོག་མ། སྐད་རིགས་གཅིག་མཐུན་ཏེ། བོད་སྤྱིའི་སྐད་ཅིག་དགོས། དེ་ཡང་ལུང་ཚན་སོ་སོའི་སྐད་མ་ཡིན་པ་ཞིག་དགོས། ལུང་ཚན་གཅིག་གི་སྐད་དེ་ལུང་ཚན་གཞན་གྱིས་གོ་མི་ཐུབ་པ་མངོན་སུམ་གྱིས་གྲུབ། མིང་ཚིག་བརྗོད་པ་གསུམ་གྱིས་སྐད་བཟང་ངམ་ངན་བཟོ་བསྐྲུན་བྱེད། མིང་གི་ཡི་གེའི་དག་ཆ་རྣམས་བོད་སྤྱི་ཡོངས་ཀྱིས་ཁས་ལེན་པ་ཞིག་ཡིན་དགོས། ཚིག་དང་བརྗོད་པ་བཟོ་བ་ལ་བརྡ་སྤྲོད་དང་བསྟུན་དགོས། དེ་ཡང་མིང་གི་དག་ཆ་རྣམས་སྤར་བསྐྲུན་བྱས་པའི་བཀའ་བསྟན་གསུང་འབུམ་དག་ན་མིང་རྣམས་ཀྱི་དག་ཆ་དག་ཕལ་ཆེ་བ་དག་དག་པོ་ཡིན་པར་མཐོང་། ཁྱེད་རྣམས་ཀྱི་སྙན་རྩོམ་ན་མིང་རྣམས་ཀྱི་དག་ཆ་མང་པོ་བཀའ་བསྟན་གསུང་འབུམ་རྣམས་སུ་མ་ཟད་ལུང་ཚན་གཞན་གྱིས་འབོད་པའི་དག་ཆ་རྣམས་དང་མི་མཐུན་པ་མང་། རང་ཅག་ལུང་ཚན་གང་གི་མི་ཡིན་ན་ཡང་། མིང་གི་དག་ཆ་རྣམས་བཀའ་བསྟན་གསུང་འབུམ་སྟེ་བོད་སྤྱིའི་སྐད་དང་མཐུན་པ་ཞིག་དགོས་ཏེ། དོན་འདི་ལ་དགོངས་ནས། སྐྱབམ་མགོན་༧རྒྱལ་བ་རིན་པོ་ཆེས་འདི་ལྟར་གསུངས་པ་ལ་དྭགས་རི་རྫོང་། དགའ་ལྡན་ཁྲི་རིན་པོ་ཆེ་ལས་དངོས་སུ་ཐོས། ༼འབྲི་བ་ན། དག་ཆ་ལེགས་པར་འོང་བར་བྱས་ཏེ། འབྲི་དགོས། དག་ཆ་ལེགས་པ་མ་བྱུང་ཚེ། མ་འབྲི་ན་ལེགས་པ་ཡིན།༽ ཞེས་གསུངས་པ་ཡོངས་རྫོགས་ཇི་ལྟ་བ་བཞིན་འབྱུང་དཀའ་ཡང་། བཀའ་བསྟན་འབུམ་དག་བཀླགས་ཏེ་ཡི་གེ་དག་ཆ་རྣམས་སྦྱངས་ཏེ། འབྲི་དགོས། དེ་ལྟར་མ་ཡིན་པར་ཁ་སྐད་གཙོ་བོར་བྱས་ཏེ། འབྲི་བ་དེ་རང་ཅག་ཚང་མས་སྤང་དགོས། བདག་རང་ཡི་གེའི་མང་པོ་ཞིག་དག་ཆ་ལ་རྨོངས་པ་ཞིག་ཡིན། ནོར་འཁྲུལ་ལ་བཟོད་གསོལ་དང་། བློ་གཟུ་བོར་གནས་པས་སྐྱོན་སེལ་མཛད་པར་དགའ་བསུ་ཞུ་ངེས། དེས་ན་ཁྱེད་རྣམས་ཀྱི་དག་ཆ་དང་། ལུང་ཚན་གཞན་དང་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དག་ཆ་དང་བསྡུར་པ་ནི།
བསྐལ་བ་བསྐལ་བའི་= བསྐལ་པ་བསྐལ་པའི་ ཉོནད།=ཞེས་པར་སྐུལ་ཚིག་ལ་ད་ཤུལ་དགོས་ཀྱང་ད་ཡིག་དངོས་སུ་འབྲི་ན་ཀློག་པ་པོ་རྣམས་མགོ་འཐོམས་པའི་རྐྱེན་དུ་འགྱུར། །སྒུལ་རོགས་གྱིས།=སྒུལ་གྲོགས་གྱིས། མེ་སྤར=མེ་སྤར། ཧྲིལ་བོ་=ཧྲིལ་པོ། དཀར་བོའི་=དཀར་པོའི། འགེབ་ལ་=འགེབས་ལ། འཕྲོས་ཞིང་=འཕྲོས་ཤིང་། སྒྲོན་མེ་=སྒྲོན་མ། ཕྲེང་=འཕྲེང་། གསལ་བོ=གསལ་པོ། ཕོར་བ=ཕོར་པ། འདྲིས་བའི་= འདྲིས་པའི། འབྱུང་བོའི་= འབྱུང་པོའི། དིག=འདིའི་དོན་ཅི་ཡིན་ནམ། ཆེ་རྒུ་=ཆེ་དགུ ངར་སྐད་སྒྲོག་= ངར་སྐད་སྒྲོགས། སྒྲ་སྒྲོག=སྒྲ་སྒྲོགས། དཔང་བོ=དཔང་པོ། འདོད་རྒུའི་= འདོད་དགུའི། མཛེས་བའི་= མཛེས་པའི། དྲང་བོར=དྲང་པོར། འཕྲོས་ཡང་= འཕྲོས་ཀྱང་། དབང་བསྡུས་བས=དབང་བསྡུས་པས། སྙིང་བོ=སྙིང་པོ། མང་བོའི=མང་པོའི། འབྲི་བ་བོ་= འབྲི་བ་པོ། འགོང་བོའི=འགོང་པོའི། ཕོར་བ=ཕོར་པ། ཡོད་ཀི=ཡོད་ཀྱི། རྡ་སར་=དྷ་སར། བརྡོལ་བའི་=བརྡོལ་པའི། འབེབ=འབེབས། གཉོམ་པའི=འདིའི་དོན་ཅི་ཡིན་ནམ། དམར་པོའི= དམར་བོའི། ཞེས་འབྲི་བ་མ་དག་པ་ཡིན། མགོ་དང་གཞུག=མགོ་དང་མཇུག གྲོང་བའི་=གྲོང་པའི། རྔ་བ=རྔ་པ། ཆད་ཀི་མེད=ཆད་པ་མེད། སྒྲོན་མེ་=སྒྲོན་མ། ཞོགས་པ་=འདི་བོད་པ་ཡོངས་ཀྱི་མི་གོ ་དེས་ན། སྔ་དྲོ། ཡོང=འོང་། དམར་བོ=དམར་པོ། = བཞེངས་བའི་ =བཞེངས་པའི་=འཚིག་གིན =འཚིག་བཞིན། =གདུགས་གིས=གདུགས་ཀྱིས། བསྐྱོད་ཀྱིན=བསྐྱོད་བཞིན། སྤར་བའི་=སྤར་བའི།སྨྲེ་ངག་=སྨྲེ་སྔགས་ཞེས་ཡིན་ནམ། རིང་བོ=རིང་པོ། གསུབ་ཀྱིན་=གསུབ་བཞིན། བསྩལ་སོང=སྩལ་སོང ་།ཆུ་འཁྱག་བྱོས་པས=བྱོས་ཞེས་པའི་དོན་ཅི་ནམ། གཉའ་འབྲོང་ཐུ་བུ།=འདིའི་དོན་ཅི་ནམ། དཀར་པོ། དཀར་བོ་ཞེས་འགྲི་ན་མ་དག ལྷབ་ལྷབ་དགོང་དུ་=ལྷབ་ལྷབ་གོང་དུ། འགོང་བོའི་ =འགོང་པོའི། ཡོད་ཀི=ཡོད་ཀྱི། དཔང་བོར་=དཔང་པོར། དམར་པོས=་དམར་བོས་ཞེས་འབྲི་བ་མ་དག་གོ འཛམ་གླིང=ཛམ་གླིང དབང་བོ་=དབང་པོ། སྙན་ངག་པ་=སྙན་དངགས་། སྡེ་བ=སྡེ་པ། གསལ་བོ་=གསལ་པོ། དམར་བོ་=དམར་བོ་=དམར་པོ། དཔུང་རོགས་=དཔུང་གྲོགས།= སྒྲོག=སྒྲོགས། ངོ་མ=དངོས་མ། རྗེས་ས་མ་འབོད་པས། དངོས་མ་ཞེས་པ་ངོ་མ་ཞེས་པར་གྱུག། རུལ་བ=རུལ་པ། ཤུགས་ཀྱིས་སྒྲོག་པ=ཤུགས་ཀྱིས་སྒྲོགས་པ། འབྲུག་ལྟར་གྲགས།=འབྲུག་ལྟར་བསྒྲགས། ཐར་བའི་ལམ་=ཐར་པའི་ལམ། གཉོམ་ཆུང་=གཉོམ་ཆུང་གི་དོན་དག་ཅི་ཡིན་ནམ། ཉམས་ཆུང་ཡིན་ནམ། སྒྲ་སྒྲོག=སྒྲ་སྒྲོགས། ངོ་མ་=དངོས་མ། ཀི་སྒྲ་=ཀྱེ་སྒྲ། དཔང་བོར་=དཔང་བོར་དམར་བོ་=དམར་པོ། དམར་པོ=དམར་བོ་ཞེས་འབྲི་ཡང་མི་དག སྐལ་བའི་མེ་དཔུང=བསྐལ་པའི་མེ་དཔུང་། དཔུང་རོགས་=དཔུང་རོགས་=དཔུང་གྲོགས། རིལ་བོའི=རིལ་པོའི། གི་ཀི་བསྭོ་ད=གི་ཀི་བསྭོ་ད=ཀྱེ་ཀྱེ་གསོལ་གསོལ། ཡོད་རྒུ་=ཡོད་དགུ། ཡོད་རྒུ་བསྩལད་བས=ཡོད་དགུ་སྩལ་པས། ད་ཡང་འཇུག་འབྲི་བས་ པར་ཆས་དང་ཁ་པར་=སྤར་ཆས་དང་ཁ་སྤར། དཀར་བོ=་དཀར་པོ། བཏལ་མཁན་=དོན་གང་ཡིན་ནམ། གསར་བ=་གསར་པ། གསལ་བོར=གསལ་པོར། གོ་ལ་བརྒལ་བའི་སྙན་པ=དོན་མ་གོ སྟོང་འདང=འདང་གི་དོན་ཅི་ཡིན་ནམ། སྤུར་བའི་=འདིའི་དོན་ཅི་ཡིན་ནམ། དཔང་པོར=དཔང་བོར་འབྲི་བ་མ་དག ཁྱེད་ཚོའི་=ཁྱེད་ཅག་གི སྒྲོག་པའི་ཀི་སྒྲ་=སྒྲོགས་པའི་ཀྱེ་སྒྲ་ བརྗོད་ཀྱིན=བརྗོད་བཞིན། ཞེས་སོ།།
འོན་རྒྱ་ལགས་བདག་གིས་རྩོམ་ཞིག་རྒན་རྡོ་དབང་ལགས་རྒྱུད་ནས་བཏང་ཡོད།གྲོགས་པོ་འགའ་ཤས་ཤིག་གིས་འབྲི་དགོས་རབ་ཟེར་གི་དེ་རྐྱེན་དེ་གལ་ཆེན་པོ་མཐོང་ནས་དཔའ་བོ་དག་ལ་གུས་འདུད་མྱ་ངན་གི་ཆེད་དུ་རྕོག་ཞིག་བྲིས་ཡོད། ཡིན་ཡང་དེ་རིང་བར་དུ་ལན་ཅི་ཡང་མ་བྱུང་བས་ལན་ཅིག་གནང་རོགས་ཞུ། ཐུགས་རྗེ་གཟིགས།
དྲ་གྲོགས་རྣམས་ཕེབས་པར་དགའ་བསུ་དང་། རྒན་ལ་དྭགས་བློ་བཟང་ལགས་ཀྱིས་ཐུགས་གཟབ་ཀྱིས་དག་ཆ་བཏོན་པ་ལ་དགའ་བསུ་ཡོད། ཡིན་ནའང་། ཁྱེད་ཀྱིས་མ་དག་པར་ཐག་བཅད་པ་རྣམས་ནི་མ་དག་པར་ངོས་འཛིན་དཀའ་ཚོད་རེད། ཡིན་ནའང་། བསམ་གཞིག་ཞིག་གི་སྣེ་བསྟན་པ་རེད། དེ་ལ་ཐུགས་རྗེ་ཆེ། ཁོམ་ན་གསལ་བཤད་ཅིག་བྱ་འདོད་ཡོད།
དེ་ནས་ཐོག་མདའ་ལགས། རྩོམ་ཡིག་འབྱོར་སོང་། སང་ཉིན་རྩོམ་ཡིག་ཁ་ཤས་དང་མཉམ་དུ་འགོད་རྩིས་ཡོད།
རྒན་ལ་དྭགས་པ་ལགས་སུ་ཞུ་སྙིང་། ཉིད་ཀྱིས་ཡིག་ནོར་ཐེར་འདོན་གྱི་ཕྱོགས་སུ་འབད་བརྩོན་གནང་བ་ནི་ཧ་ཅང་གི་གཟི་བརྗིད་ཅིག་རེད། འོན་ཀྱང་དེ་རིང་འདིར་བྲིས་པའི་ཉིད་ཀྱི་མཆན་ཐུང་དེའི་ནང་དུ་མ་ཤེས་པར་ནོར་བ་དང་གཏགས་ནོར་འདྲ་བོ། དེ་མིན་བརྡ་རྙིང་འགའ་རེ་བཙན་གྱིས་ཁྱེར་ཡོང་བ་ལྟ་བུ་མང་ཡང་རེ་རེ་བཞིན་ཐེར་འདོན་བྱས་ན་རྒན་ལགས་སུ་ཁ་ལན་སློག་པའི་བཟོ་ལྟ་འདུག ལྷག་པར་གོང་དུ་ང་ཚོས་བོད་ནང་གི་མེ་བསྒྲོན་ལ་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་ལྟ་བུའི་ཚུལ་དུ་སྐད་ཆ་འགའ་རེ་ལ་སྙན་ངག་ཅེས་ཐ་སྙད་ཀྱིས་བསྙད་ཡོད་པས་ངས་ཉིད་ཀྱི་ཡིག་ནོར་སོགས་བཅོས་ན་དེ་འདྲ་ཆགས་འགྲོ་བས་དོགས་པས་རེ་ཞིག་བཏང་སྙོམས་སུ་བཞག་ཡོད། དཔེར་ན། རྒན་ལགས་ཀྱིས་རྒྱལ་བའི་མཚན་སོགས་ལ་ཡང་ནོར་སྐྱོན་ཤོར་འདུག་པ་དེ་རེད།
བོན་རྒྱ་བསྟན་འཛིན་རབ་རྒྱས་མཆོག་དང་ཨ་རིག་དགེ་མཐོང་ལེགས། ཁྱེད་རྣམས་ཀྱིས་ལན་གསུངས་པར་བཀའ་དྲིན་ཆེ། ངས་བྲིས་པ་དང་སྤར་པ་དག་ལ་ནོར་འཁྲུལ་ཡོད་པ་ངོས་གནས་ཡིན། འདི་འདྲ་སྔོན་མ་ནས་ཀྱང་བྱུང་བ་ཡིན། ཇི་ཙམ་ང་ལ་གཟུར་གནས་ཀྱི་སྐྱོན་བརྗོད་པས་ང་ལ་ཕན་པས་དང་ལེན་ཞུ་འོས། སྐྱབས་མགོན་ལ་སྐྱབམ་མགོན། ཞེས་བྲིས་པར་དགོངས་དག་མ་གཏོགས་གང་ཞུ། དིང་སང་ཨ་རིའི་གྲོང་ནེཝ་ཡོརྐ་ལ་དགུང་གསེང་ལ་སླེབས་ཡོད། ཀོ་ལམ་བིཡའི་དཔེ་མཛོད་དུ་བོན་གྱི་བཀའ་འགྱུར་དང་བསྟན་འགྱུར་མཇལ་བར་ཕྱིན་པས། བསྟན་འགྱུར་གྱི་ཞལ་བྱང་དུ། བོན་བརྟེན་འགྱུར། ཞེས་བྲིས་པ་ལ་ངས་ང་རང་ལ་ཡང་དེ་འདྲའི་ནོར་འཁྲུལ་བྱུང་བ་ཡིན་བསམ་པ་མ་གཏོགས་གཞན་མི་རྩི་ཡང་། དཔེ་མཛོད་ལས་བྱེད་པས་ཤོག་ལྷེ་དེ་སྤར་ནས་ང་ལ་གཅིག་སྤྲད། ཁོང་རང་གིས་ཀྱང་གཅིག་ཁྱེར་སོང་། ཞེས་སོ།
ཁྱོད་ཚོས་དཔའ་བོ་དང་། དཔའ་མོ་ཞེས་རེ་རེ་འབོད་དུས་བོད་ནས་བོད་མི་ལྔ་རེ་འཆི་ངེས་སོ། ། ཁྱེད་ཅག་ལ་སྡིག་པ་ཡོད་ངེས་སོ།།
བསྩལ་སོང=སྩལ་སོང ་།
ཧྲིལ་བོ་=ཧྲིལ་པོ།
དཀར་བོའི་=དཀར་པོའི།
རྔ་བ=རྔ་པ། སོགས་ལ་རྒྱབ་སྐྱོར་ཡོད།
ཡང་།
འདོད་རྒུའི་= འདོད་དགུའི།
ཡོད་རྒུ་=ཡོད་དགུ
མགོ་དང་གཞུག=མགོ་དང་མཇུག འདམས་ཁ་ཡོད་དགོས་སྙམ་ཡང་ཐ་གཅིག་ཏུ་ཤོད་དཀའ།
ཀི་སྒྲ་=ཀྱེ་སྒྲ། གཉིས་མིང་ཚིག་མི་འདྲ་བ་གཉིས་སོ་སོར་འཇོག་དགོས་འདུག་སྙམ།
ཡང་།
བརྗོད་ཀྱིན=བརྗོད་བཞིན། ཞེས་པ་བདེན་ཡང་ཁ་སྐད་དུ་བརྗོད་བགྱིན་འདུག་ཅེས་པ་ཞིག་གསར་གཏོད་མི་དགོས་སམ་སྙམ་ལགས།
ཨོ་རྒྱན་ཉི་མ་ལེགས་ཀྱིས་བཤད་པ་གཅིག་ན་བདེན་ནམ་སྙམ། ང་ལ་བདེན་པར་བྱུང་བའི་ལོ་རྒྱུས་ཤིག་ཡོད། སྤྱི་ལོ་༡༩༥༩ལ་བདག་ཅག་མི་དྲུག་ལ་དྭགས་ནས་རྒྱ་གར་བརྒྱུད་བོད་ལ་འགྲོ་བར་འཐོན། བོད་ཟླ་དགུ་པའི་ནང་ཁ་བ་བབས་ཏེ། ལ་དྭགས་དང་གར་ཞའི་བར་ན་གྲང་ངར་ཆེ་སྐབས་སྔ་དྲོ་ན། གྲོག་པོ་ཆེན་པོའི་ཆུ་རྒལ་དགོས་པ་ཡོད། དེའི་དུས་བདག་ཅག་ནང་ན་རྒན་པ་ཞིག་གིས་རྩེད་མོའི་ཚུལ་དུ་སུ་ལྷམ་གོན་བཞིན་ཆུ་ལ་རྒལ་མཁན་དེ་དཔའ་བོ་ཡིན། ཞེས་པ་བཤད་པ་ན། ང་ལས་ལོ་གཅིག་གིས་གཞོན་པ་ཞིག མིང་ལ་བཀྲ་ཤིས་རྡོ་རྗེ་ཞེས་པ་ཞིག་ཡོད་པ་ལྷམ་བཅས་ཆུ་ལ་བརྒལ། ཆུ་ལས་འཐོན་ཏེ་གང་འཚམས་འགྲོ་བ་ན། ལྷམ་ཁྱགས་ཏེ། གོན་མ་ཐུབ་པར་ཆགས། རྐང་འཇེན་དུ་འགྲོ་དགོས་བྱུང་། དེ་ན་གངས་ཁ་བས་གཡོགས་པའི་རི་བོའི་ལ་རྒྱབ་དགོས་པ་མཐོང་། དེ་ལ་འཇིགས་སྐྲག་སྐྱེས་ཏེཁོང་ལ་དྭགས་ལ་ལོག་སྟེ། ངའི་ཁྱིམ་ཚང་ལ་རི་བོ་གངས་ཀྱིས་གཡོགས་ཡོད་པའི་ཡ་ང་བའི་གནས་ཚུལ་བཤད། རྗེས་སུ་བཀྲ་ཤིས་རྡོ་རྗེ་རང་ཁྱིམ་དུ་འབྲུམ་ནད་ཀྱིས་གྲོངས་པའི་ཡིད་སྐྱོ་བའི་གནས་ཚུལ་བོད་དུ་ཐོས། དེ་དུས་མ་ལོག་པར་བོད་དུ་འགྲོ་ཡོད་ན། གཅིག་ན་ད་ལྟ་ཡང་བཞུགས་ཡོད་ངེས། ཞེས་སོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལེགས། འཇུ་ལེགས། སྐུ་ཉིད་ཀྱིས་མཆན་གྲངས་༤༣དེའི་ནང་འདི་ལྟར་་་་དིང་སང་ཨ་རིའི་གྲོང་ནེཝ་ཡོརྐ་ལ་དགུང་གསེང་ལ་སླེབས་ཡོད། ཀོ་ལམ་བིཡའི་དཔེ་མཛོད་དུ་བོན་གྱི་བཀའ་འགྱུར་དང་བསྟན་འགྱུར་མཇལ་བར་ཕྱིན་པས། བསྟན་འགྱུར་གྱི་ཞལ་བྱང་དུ། བོན་བརྟེན་འགྱུར། ཞེས་བྲིས་པ་ལ་ངས་ང་རང་ལ་ཡང་དེ་འདྲའི་ནོར་འཁྲུལ་བྱུང་བ་ཡིན་བསམ་པ་མ་གཏོགས་གཞན་མི་རྩི་ཡང་་་་་གསུངས་པ་ལ་ལེན་ཞིག་འབྲི་འདོད་བྱུང་། གཡུང་དྲུང་བོན་གྱི་ལུགས་ལ་སྟོན་པའི་བཀའ་དང་བཀའ་བརྟེན་ལབ་སྲོལ་ཡོད་པ་རེད། དེ་ཡང་ལུང་ལས། བཀའ་ལ་བཀའ་བརྟེན་བོན་དུ་ཕྱེས།སེམས་ཅན་བློ་ཡི་ཚད་དང་སྦྱར། གསུངས་པ་སོགས་རྒྱབ་བརྟེན་དུ་བཞག་ནས་རྗེས་འཇུག་གིས་མཛད་པ་ཁག་ལ་བཀའ་བརྟེན་ཞེས་སུ་འབོད་སྲོལ་ཡོད། གང་ལྟར་བཀའ་དང་བཀའ་ལ་བརྟེན་པའི་བོན་ཞེས་སུ་སྨྲས་ན་དེ་ཁུངས་བཙན་པ་དང་རྒྱུ་མཚན་ཆེ་བ་ཡོད་པའི་སྐོར་གྱི་འགྲེལ་བཤད་ཅིག། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་བོན་ཀྱི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ནང་དུ་གསལ་བར་གསུངས་འདུག། དེ་འདྲ་ཡིན་དུས་འོ་ཅག་ཞང་ཞུང་དང་བོད་ཀྱི་བོན་ལུགས་ལ་་་་བཀའ་་་དང་་་བཀའ་བརྟེན་་་ཞེས་སུ་སྨྲས་ན་སྐྱོན་མེད་དོ། ད་དུང་བཀའ་འགྱུར་དང་བསྟན་འགྱུར་ཞེས་སུ་བརྗོད་ན་སྐྱོན་དེ་ཙམ་མེད་འགྲོ། འོན་ཀྱང་་་་བསྟན་བཅོས་་་་ཅེས་སུ་སྨྲས་ན་ཐལ་བ་ཡོད་རབས་ཅིག་གསུངས་ཡོད། འདི་ཚོའི་རྒྱུ་མཚན་ཕུགས་ལ་ཡར་བསམ་བློ་ཡག་པོ་བཏང་ན་གོ་རྒྱུ་ཞིག་ནི་གཏན་གཏན་ཡོད་པའི་བཟོ་འདྲ་འདུག། །
བོན་ལེགས བདེ་ལེགས། འཇུ་ལེགས། བཀའ་ལན་སྩལ་པར་བཀའ་དྲིན་ཆེ། བློ་བསྐྱེད་ཆེ་བ་བྱུང་། ༼བཀའ་ལ་བཀའ་བརྟེན་བོན་དུ་ཕྱེས།སེམས་ཅན་བློ་ཡི་ཚད་དང་སྦྱར། གསུངས་པ་སོགས་རྒྱབ་བརྟེན་དུ་བཞག་ནས་རྗེས་འཇུག་གིས་མཛད་པ་ཁག་ལ་བཀའ་བརྟེན་ཞེས་སུ་འབོད་སྲོལ་ཡོད། ༽ ཅེས་པ་ལྟར་༼བོན་གྱི་བཀའ་བརྟེན༽ ཞེས་བཀོད་པ་ཡིན་ན། ཇི་ལྟར་ཡིན་མིན་ལ་དོགས་པ་མི་བྱུང་ཡང་། ༼བོན་གྱི་བརྟེན་འགྱུར་༽ཞེས་པ་དེ་ཡིས་དོགས་པ་བྱུང་བ་ཆོས་ཉིད་དོ།
ལ་དྭགས་བློ་བཟང་འཇམ་དཔལ་ཞུ་བ་ལགས། ཁྱེད་ཀྱིས་དེང་གི་དུས་ན་གཞན་གྱི་ཐ་སྙད་མང་བོ་ཞིག་ལ་དོགས་སློང་བྱེད་ཀྱིན་པ་ཤིན་ཏུ་ལེགས་ཀྱང་། བོད་མི་རིགས་ལ་གནའ་དེང་གི་ཤེས་རིག་དར་ཡོད་པས་ཡོད་ཚད་གནའ་གཏམ་བཤད་ན་མི་ཡོང་། ཁྱེད་ཀྱིས་རང་ལུགས་གཅིག་བུ་ཨ་འཐས་སུ་བཟུང་ནས་གཞན་ལ་དགག་ནའང་མི་འོས། དེ་མིན་ཁྱེད་དང་ཁྱེད་ལྟ་བུ་མི་ཚེ་ནུབ་ཕྱོགས་ན་བསྐྱལ་མཁན་དག་གིས་བོན་ཀྱི་བཀའ་བརྟེན་གྱི་མིང་ལ་མཐའ་གཅིག་ཏུ་ནོར་བར་རྩིས་པ་དེས་ཁྱེད་ཀྱི་མཐོང་རྒྱ་ཤིན་ཏུ་ནས་ཆུང་བའི་རྟགས་རེད་འདུག ནང་བའི་བཀའ་བསྟན་དང་བོན་གྱི་བརྟེན་འབྱུང་རེད། བརྟེན་འབྱུང་གི་འགྲེལ་བཤད་ཙམ་གོང་དུ་བོན་པོ་ལགས་ཀྱིས་བརྒྱབ་ཟིན་ན་ངས་བསྐྱར་དུ་མི་ཞུའོ།།རྗེས་ཕྱོགས་ཁ་མཁས་པོ་ཏག་ཏག་གིས་མི་ཡོང་ན་གསུང་སྐད་འབྱོན་རྒྱུ་ཉུང་ཙམ་གནང་རོགས།
ནང་པས་ནང་གཞུང་ལ་བཀའ་དང་བསྟན་བཅོས་བཏགས་པ་ལ། བོན་པོས་བོན་གཞུང་ལ་བཀའ་དང་བརྟེན་བཅོས་བཏགས་ཞེས་གྲག
ལ་དྭགས་བློ་བཟང་འཇམ་དཔལ་ལེགས། བཀའ་ལེན་གནང་བར་བཀའ་དྲིན་ཆེ། སྐུ་ཉིད་ཀྱིས་གསུངས་པ་དེ་བདེན་པར་ངེས་་་བོན་གྱི་བརྟེན་འགྱུར་་་ལབ་ན་སྨྲ་བསམ་བརྗོད་མེད་ཅིག་རེད་འདུག་གོ། དེ་ལས་་་བོན་གྱི་བཀའ་བརྟེན་་་ལབ་ན་གོ་རྒྱུ་ཆེ་བར་སེམས། འོན་ཀྱང་་་མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད་་་་ཞེས་གསུངས་པ་ཇི་བཞིན་གང་ཟག་སོ་སོའི་གོ་བ་ལེན་སྟངས་རེ་ཡོད་ངེས། བོན་གྱི་བཀའ་དང་བཀའ་བརྟེན་གྱི་རྣམ་བཞག་སྐོར་ལ་ཐུགས་ཞིབ་ལེགས་པར་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། ད་དུང་མ་འོངས་པར་བོན་འབྲེལ་བཀའ་སློབ་ཆུ་བོའི་རྒྱུན་བཞིན་སྩོལ་གནང་ཡོང་བའི་རེ་བའི་སྐུལ་མ་ཞུ། །
ལྷ་ཆབ་ལགས། བོན་གྱི་བརྟེན་འབྱུང་་་ལབ་ན་འགྲིག་གི་མ་རེད། དེ་ནི་ངེས་པར་དུ་་་་བོན་གྱི་བསྟན་འབྱུང་་་་ཞེས་འབྲི་དགོས། ཅིས་ན་་་་བོན་གྱི་བསྟན་པའི་བྱུང་རབས་ལོ་རྒྱུས་་་་ཤོད་ཀྱི་ཡོད་པ་རེད། དེ་མི་ནོར་བར་གནང་རོགས། བཀའ་དྲིན་ཆེ་ཞུ། །
ཀརྡོ་གཉེར་ཕྱག་པ་ལགས། ཁྱེད་ཀྱིས་་་བོན་པོས་བོན་གཞུང་ལ་བཀའ་དང་བརྟེན་བཅོས་བཏགས་ཞེས་གྲག་་་ལབ་པ་དེ་དོན་དངོས་དང་མཐུན་པའི་སྐད་ཆ་མ་རེད། བོན་པོས་ཚིག་ཡ་མ་ཟུང་་་་བརྟེན་བཅོས་་་་་ཅེས་སུ་དུས་ནམ་ཡང་བརྗོད་མ་མྱོང་བས་སོ།
ལྷ་ཆབ་ལེགས་ཞུ་བ། ང་མི་ཚེ་མང་ཆེ་བ་ནུབ་ཕྱོགས་སུ་རྫོགས་ཀྱང་། ལས་ཀ་བྱེད་ཡུལ་དེ་བོད་ཀྱི་རིག་གཞུང་ཡིན། བོན་ཀྱི་བཀའ་བརྟེན་ཞེས་ཤིན་ཏུ་དག་པར་ཁས་ལེན། དེ་ཉིད་དག་མི་འདུག་ཅེས་གཏན་ནས་བཤད་མེད། དེས་ན་ཁྱེད་ཀྱིས། ༼བོན་ཀྱི་བཀའ་བརྟེན་གྱི་མིང་ལ་མཐའ་གཅིག་ཏུ་ནོར་བར་རྩིས་པ་༽ཞེས་པ་གཞི་མེད་པ་ཁོ་ནའི་གཏམ་ཡིན་འདུག འོན་ཀྱང་། ༼བོན་གྱི་བརྟེན་འགྱུར་༽ཞེས་པར་ང་ལ་བོན་གྱི་སྒྲའི་འགྲོ་སྟངས་ཀྱི་སྒོ་ནས་ཀྱང་དག་མིན་ང་ལ་ད་དུང་ཡང་དོགས་པ་ཡོད། ངའི་བསམ་པར་བན་བོན་གཉིས་སྐད་གཅིག་དང་གྲུབ་མཐའ་ལ་ཡང་ཕལ་ཆེ་བ་འདྲ་བར་མཐོང་། ༼བོན་གྱི་བཀའ་བརྟེན་འགྱུར།༽ ཞེས་པ་ལ་དོགས་པ་མེད། ༼བོན་གྱི་བརྟེན་འགྱུར།༽ཞེས་པ་ལ་དོགས་པ་ཡོད། དེ་ཡང་སྤྱིར་བཏང་སྒྲའི་འགྲོ་སྟངས་ལ་༼བརྟེན་༽ཞེས་པ་ཁྱད་ཆོས་སུ་རྩི། ༼བོན་གྱི་བརྟེན་འགྱུར།༽ ༼བཀའ་༽ཞེས་པ་ཁྱད་གཞིའི་སྒྲ་ཆད་པ་ལྟ་བུར་མཐོང་། འདི་ལ་ཁྱེད་ཀྱིས་གསལ་བཤད་ཅིག་བྱེད་ཐུབ་ན། བདག་སོགས་ཀློག་པ་པོ་མང་པོ་ལ་ཕན་ངེས། ༼ཁྱེད་ཀྱིས་རང་ལུགས་གཅིག་བུ་ཨ་འཐས་སུ་བཟུང་ནས་གཞན་ལ་དགག་ནའང་མི་འོས།༽ འདི་བདེན། གལ་ཏེ་ངས་འདི་དང་འདིར་དེ་འདྲ་བྱས་ཡོད་ན། འདི་དང་འདི་འདྲ་བྱས་འདུག ཅེས་རྒྱུ་མཚན་བཅས་མི་འོས་པའི་ཁུངས་སྐྱེལ་དགོས། ཞེས་སོ།།
༼བོད་མི་རིགས་ལ་གནའ་དེང་གི་ཤེས་རིག་དར་ཡོད་པས་ཡོད་ཚད་གནའ་གཏམ་བཤད་ན་མི་ཡོང་།༽ བོད་རིགས་ཡོངས་གཅིག་ཏུ་སྒྲིལ་དགོས་ན། གནའ་བོའི་སྐད་དེ་མེད་དུ་མི་རུང་བར་མཐོང་། དཔེར་ན། དེང་གི་ཞོགས་པ་ཞེས་པ་དང་གནའ་བོའི་སྔ་དྲོ་གཉིས་བསྡུར་ན། བོད་རིགས་ཀྱི་ཡུལ་མང་པོར་ཞོགས་པ་ཞེས་པ་གོ་མི་ཐུབ། སྔ་དྲོ་ཞེས་པ་ཞེས་པ་ཚང་མས་གོ་ཐུབ་དགོས། རང་ཅག་ཚང་མ་འཛོམས་ནས་བོད་སྤྱིའི་སྐད་སྲུང་དགོས་འདུག་བསམ། སུ་དང་སུས་གཟུ་བོར་གནས་པས་སྐྱོན་བརྗོད་ལ་སེམས་ལ་འབབས་རུང་མ་འབབས་རུང་ཕན་པ་མ་གཏོགས་གནོད་པ་ཞིག་ག་ལ་འོང་མི་འོང་དེ་ལྟར་བསམ་དགོས་པར་མཐོང་། ཞེས་སོ།།
བོན་ལེགས། ཁྱེད་རྐྱང་རྐྱང་མ་ཡིན། ༼བཀའ་ལེན་གནང་བར་བཀའ་དྲིན་ཆེ།༽འདི་ལྟར་བྲིས་པ། བདག་གིས་ལན་དུ་མར་དིང་སང་གི་བོད་དབུས་གཙང་ལ་སོགས་པ་བོད་ཤར་ཕྱོགས་པ་དག་གི་སྐད་ལ་ཨ་ཡིག་མང་པོ་ཞིག་ཨེ་ཡིག་ཏུ་ཆགས་པ་དང་། ཨེ་ཡིག་ཀྱང་། ཨ་ཡིག་ཏུ་ཆགས་པ་འདུག དེ་ཡང་ང་ཆུང་ཆུང་ཡིན་པའི་དུས་ལ་བོད་དབུས་གཙང་དུ། ལེགས་བྲིས་མ་ལ་ལགས་བྲིས་མ་ཞེས་འབོད་ཅེས་ལ་དྭགས་སུ་ཐོས། རྒྱ་ནག་ཀྲིན་ཏུར་སྤར་པའི་བཀའ་བསྟན་དཔེ་བསྡུར་མ་ན་ཡང་། ལན་ཞེས་པ་ལ་ལེན་ཞེས་བྲིས་པ་སོགས་མ་དག་པ་མང་དུ་མཐོང་། སྔར་གྱི་དཔེ་ཆ་རྣམས་ཤིན་ཏུ་ནས་དག་པར་མཐོང་། ལེན་གྱི་ཞེ་ས་ལ་སྣམ། བསྣམས། བསྣམ། སྣོམས། ཞེས་དང་། ལན་ལ་དོན་དག་གཉིས་ཏེ། ལན་གཅིག ལན་གཉིས་སོགས་དང་། དྲི་བ་དང་ལན། ཞེས་པ་ལྟ་བུ་ལགས་སོ།།
སྙན་ཆ་མེད་པའི་སྙན་དངགས་ཤིག་ཡོང་མི་ཤེས་པས་འདིར་སྙན་ཆ་མེད་མང་པོ་འདུག དཔའ་བོ་དཔའ་མོ་མེས་འཚིགས་ཤུལ་ནས་བྲིས་པའི་སྙན་ངག་གིས་སྐྱོ་གདུང་གི་ཚོར་རེ་ངེས་པར་སྤྲོད་དགོས་མོད། ཚོར་བ་སྦྱིན་ཐུབ་མཁན་གྱི་སྙན་ངག་ཅིག་མི་འདུག དགོངས་པ་མ་འཚོམ་རོགས།
ལ་དྭགས་བློ་བཟང་འཇམ་དཔལ་ལེགས།
སྐུ་ཉིད་ཀྱིས་སློབ་སྟོན་གནང་བར་བཀའ་དྲིན་ཆེ་ཞུ། གུས་པས་ཡིད་ལ་ལེགས་པར་བཟུང་ཡོད་དོ། །
ངའི་གཅེས་པའི་དྲྭ་གྲོགས་སྤུན་ཟླ་རྣམས་ལ་ཆེད་བསྔགས་རེ་འདུན་ཞུ་རྒྱུ་ང་ལ་བདེན་པའི་མེ་ལྕེ་ཟེར་བའི་གཞས་ཚིག་དོན་ཟབ་པོ་དང་གོ་བདེ་པོ་ཞིག་དགོས་འདོད་འདུག་པས་དྲྭ་གྲོགས་སྤུན་ཟླ་རྣམས་ཀྱིས་ཕྱག་རོགས་ཡོད་པ་མཁྱེན།