རིན་ཆེན།
ང་ཚོས་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མཆོད་མེར་འབུལ་མཁན་དག་ལ་རྒྱལ་གཅེས་དཔའ་བོ་ཞེས་མཚན་གྱིས་བསྙད་པ་དང་། དེའི་འཕྲོ་མཐུད་དུ་གསར་འགྱུར་དང་བསྒྲགས་གཏམ་སྤེལ་བ་དང་། གདུང་སེམས་མཉམ་བསྐྱེད་ཀྱི་ངོ་རྒོལ་ཁྲོམ་སྐོར་དང་མར་མེ་ཁྲོམ་སྐོར་བྱེད་པ་ནི་ཅི་འདྲའི་སླའང་། དོན་ངོ་མར་དཔའ་བོའི་རྗེས་ཤུལ་གྱི་སྐྱོ་ངལ་གྱི་རྣམ་ཐར་སྐྱོང་མཁན་ནི་དཔའ་བོ་དག་གི་ཕ་མ་དང་ཤ་ཉེ། གཉེན་ཉེ་འབྲེལ་དང་གྲོགས་ན་ཟླ་སོགས་ཤུལ་ལུས་དག་རེད་ལ། ད་ལྟ་བར་དུ་དཔའ་བོ་སུ་འདྲ་ཞིག་གི་ཕ་མ་དང་ཤ་ཉེ་སོགས་ཅི་ཙམ་ཡོད་པ་རྣམས་ཁོང་ཚོའི་རྗེས་ནས་ཀ་ཆེན་བཞིན་ལངས་པ་མ་གཏོགས། དཔའ་བོ་དག་གི་མཚན་ཤས་སུ་འགྲོ་བའི་སྐད་ཆ་ཚིག་གཅིག་ཀྱང་གོ་རྒྱུ་མེད་ཚོད་ཡིན་ལ། ལྷག་པར་དུ་ཁྲིམས་དང་མེ་མདའ་མགོ་ལ་བབས་ནའང་ཁོང་ཚོས་ཀྱང་དཔའ་བོའི་རྟུལ་ཞུགས་བཟུང་ཡོད་པ་མ་ཡིན་ནམ། འདི་ལྟར་བསམ་ན་ཁོང་ཚོའི་བཟོད་བསྲན་དང་དཔའ་སྙིང་ནི་བློ་ཡིད་ལ་མི་ཤོང་བ་ཞིག་རེད་ཨང་།
དེ་རིང་(སྤྱི་ལོ་༢༠༡༥ཟླ་༣ཚེས་༢༦)ནི་གྲོགས་པོ་ཞིག་གི་སྤུན་ཆུང་རྒྱལ་གཅེས་དཔའ་བོ་དཀོན་མཆོག་བསྟན་འཛིན་གྱིས་སྤྱི་ལོ་༢༠༡༣ ལོའི་ཟླ་༣ པའི་ཚེས་༢༦ ཉིན་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མཆོད་མེར་ཕུལ་ཏེ་སྐུ་འདས་པའི་ལོ་གཉིས་པའི་ཤི་ཚིགས་ཀྱི་ཉིན་མོ་ཡིན་ལ། ལོ་ངོ་འདི་གཉིས་ཀྱི་རིང་གྲོགས་པོས་ཁོའི་སྤུན་ཆུང་གི་མེར་མཆོད་སྐོར་གྱི་ཁ་བརྡ་བྱེད་ཐེངས་རེ་ལ་ཤུགས་རིང་རེ་རེ་དང་འགྲོགས་ནས་ཞིབ་རྒྱས་སུ་འགྲེལ་ཐུབ་བྱེད་ལ། ལྷག་པར་དུ་ལོ་ངོ་འདི་གཉིས་ཀྱི་རིང་གི་ཁོའི་ཕ་མ་རྒན་རྒོན་གཉིས་ཀྱི་སྡུག་རུས་དང་སྙིང་རུས་ཀྱི་སྐོར་གླེང་ཐེངས་རེར་ཁོའི་གདོང་ནས་དེ་བས་ཀྱང་བཟོད་གླགས་མེད་པའི་ན་ཟུག་རེ་མངོན་ཡོང་།
དེ་བས་དེ་རིང་ཁོས་གཅིག་ནས་བོད་སྲིད་པའི་ཁ་དཔེར་ཤི་བོར་དགོས་རྒྱུ་ཆོས་ཡིན་ཟེར་བ་ལྟར་དཔའ་བོའི་རྗེས་སུ་དཀར་བོ་དགེ་བའི་ཐིགས་པ་ཅུང་ཙམ་བསྔོ་རེ་དང་། གཉིས་ནས་ཁོས་ནུ་བོའི་ཤི་ཚིགས་དང་བསྟུན་ཏེ་དགེ་བ་ཅུང་ཙམ་བསྒྲུབས་པ་ཡིན་ལབ་ན། ད་དུང་སྡུག་གི་ཁུར་བོ་ཐང་ལ་བཞག་མེད་པའི་ཕ་མ་རྒན་རྒོན་གཉིས་ཀྱི་སེམས་ཅུང་ཙམ་ལྷོད་ལ་བབས་ནས་ཁོ་ལ་སྡུག་གཏམ་ཡིན་ཡང་སྐད་ཆ་ཚིག་རེ་འགའ་བཤད་རེ་དང་། གསུམ་ནས་རང་གི་སེམས་སུ་ལྗིད་ཏིག་གེར་ནམ་ཡང་གློད་ཐབས་མེད་པའི་དོན་དག་འདིའི་སྟེང་ལ་ལས་ཀ་རེ་བྱས་ན་རང་གི་སེམས་ནས་ཀྱང་ཁག་འཇོག་ས་ཞིག་ལོས་ཉན་བསམ་བ་བཅས་ཀྱི་དབང་དུ་བྱས་ཏེ། དེ་རིང་ཁོས་དགོན་པ་རེ་ན་བརྒྱ་མཆོད་སྟོད་མཆོད་རེ་སྦར་ནས་མཆོད་འབུལ་སྨོན་ལམ་རེ་ཚོགས་འདོན་བྱེད་དུ་འཇུག་གིན་ཡོད།
ཡང་གཅིག་བཤད་ན་ཁོས་དེ་རིང་འདི་ལྟར་ཞི་བ་དང་དད་གུས་ཀྱི་ཀློང་ན་སྤུན་ཆུང་གཡག་རོགས་འདྲ་བོར་དྲན་གསོ་དང་ཉི་མ་དེ་ནས་སྡུག་བསྔལ་མ་ལུས་ཁོག་ལ་བཅུག་ནས་སྡུག་སྒོམ་བྱས་ཏེ་མི་ལོ་གཉིས་ཧྲིལ་བོར་འཁོར་བའི་ཕ་མ་གཉིས་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད།
གྲོགས་པོའི་སྤུན་ཆུང་གིས་དཔའ་ཁེར་རྒྱུག་གིས་རང་ལུས་མཆོད་མེར་ཕུལ་བའི་གནས་ཚུལ་དེ་སྐབས་དེ་དུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ངོས་སུ། ཕྱི་ལོ༢༠༡༣ ཟླ་༣ ཚེས་༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༧ པ་ཙམ་ལ། རང་ལོ་༢༨ ལ་སོན་པའི་བོད་མདོ་སྨད་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་ལ་ངོ་རྒོལ་ཆེད་རྨོག་རི་དགོན་པའི་ཉེ་འདབས་ཀྱི་(འདན་ལུང་སུམ་མདོ།)སུམ་མདོའི་ལམ་ཆེན་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གི་སྐུ་ཕུང་ཡར་དགོན་ནང་དུ་གདན་འདྲེན་ཞུ་ཐུབ་ཡོད་ཀྱང་། རྒྱ་གཞུང་གིས་བཙན་འཕྲོག་བྱེད་པར་དོགས་ནས་མཚན་མོ་དེ་རང་ལ་ཞུགས་འབུལ་བྱས་ཡོད་འདུག གནས་ཚུལ་དེ་བྱུང་རྗེས་རྨོག་རི་དགོན་པ་དང་ཉེ་འདབས་ཀྱི་གྲོང་པ་ཁག་ཚང་མར་ཉེན་རྟོག་པ་མང་པོ་འགྲེམས་འཇོག་གིས་དམ་དྲག་ནན་མོ་བྱས་ཡོད་འདུག
འདི་ནི་ཀླུ་ཆུ་རྫོང་ཁོངས་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དྲུག་པ་དེ་ཡིན་ཞིང་། དེ་སྔོན་རང་ལུས་མེར་སྲེག་གནང་མཁན་ཚང་མ་སྐུ་གྲོངས་ཚར་ཡོད་འདུག
རྒྱལ་གཅེས་པ་ཁོང་ནི་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོའི་རྨོག་རི་སྡེ་བའི་ཕ་ལྷ་ཁོ་དང་མ་ལྷ་མོ་འཚོ་གཉིས་ཀྱི་བུ་ཡིན་ཞིང་། ཁོང་ལ་ཕ་གཅིག་པའི་མིང་སྲིང་བདུན་ཡོད་པའི་ནང་གི་ཆུང་ཤོས་དེ་ཡིན་འདུག་པ་དང་། ཆུང་ཆུང་སྐབས་ནས་རྨོག་རི་དགོན་པར་ཆོས་ཞུགས་བྱས་ཏེ་དགོན་པའི་འཆར་ཅན་གྱི་ཆོ་ག་ཕྱག་ལེན་དང་། འདོན་པ་བློ་འཛིན་སོགས་ཀྱི་རིམ་པ་ཚང་མ་མཐར་ཕྱིན་ཏེ། དེང་སྐབས་ཐུན་མོང་བའི་རིག་གནས་དང་ནང་དོན་རིག་པ་སོགས་ལ་སློབ་སྦྱོང་གནང་མུས་ཡིན་འདུག་ཅེས་བཀོད་ཡོད།
ད་དུང་རྗེས་སུ་གྲོགས་པོས་ངོ་གནག་སྟེ་བརྗོད་པ་ལྟར་ན། ཉི་མ་དེར་ནུ་བོ་སེམས་ཐག་བཅད་ནས་དགོན་པ་ནས་ཐོན་ཏེ་མར་ཡོང་སྐབས་ཀྱི་ལམ་བར་ནས་ཁོའི་གཉེན་ཚན་ཞིག་ལ་ཐུག་ཡོད་པ་དང་། དེ་དུས་ཁོས་རྒྱབ་ཏུ་ཁུག་མ་ཞིག་ཁུར་ཡོད་འདུག་ལ། གང་དུ་འགྲོ་མིན་དྲིས་སྐབས། ལས་དོན་ཞིག་གི་ཆེད་དུ་གཤམ་འོག་ཅིག་ལ་འགྲོ་དགོས་སོང་ཟེར་བ་ལས་སྐད་ཆ་གཞན་གང་ཡང་མ་བཤད་པར་ཕྱིན་སོང་བ་ཡིན་འདུག དེ་ནས་ཁོ་རང་ལུས་མཆོད་མེར་ཕུལ་བའི་གནས་དེར་འབྱོར་བ་དང་། དང་ཐོག་ས་དེའི་ཉེ་འགྲམ་དུ་ཆུ་འཐག་ཅིག་ཡོད་པ་དེའི་ནང་འཛུལ་ཏེ་གྲ་སྒྲིག་ཆ་ཚང་དེ་རུ་བྱས་འདུག་པ་དང་། ཆུ་འཐག་གི་ཕྱི་ལོགས་ལ་བུད་པ་དང་ཙག་སྒྲ་སྦར་བ་ཡིན་འདུག
གཡས་གཡོན་གྱི་མི་རྣམས་འདུས་དུས་ཁོང་ཡོངས་སུ་འཚིགས་ཟིན་ཏེ་ངོ་མི་ཤེས་པར་གྱུར་ཡོད་པས། རེ་ཞིག་སྐྱ་སེར་སུ་ཡིན་ཡང་གཏིང་ཐག་མ་ཆོད་པར་ལུས་ཤིང་། ཅུང་ཙམ་ནས་ལྷག་ལུས་ཀྱི་ལྷམ་ལ་བལྟས་ཏེ་ལྷམ་དེ་གྲྭ་བའི་ལྷམ་ཡིན་པ་ཤེས་ནས་གྲྭ་བ་ཞིག་ཏུ་ངོས་ཟིན་ཡང་སུ་ཡིན་ཐག་མ་ཆོད་པས་ལུས་ཡོད་སྐབས། གྲྭ་བ་ཞིག་གིས་རང་ལུས་མེར་སྲེག་བཏང་པའི་སྐད་ཆ་དེ་ལམ་བར་ཁོང་དང་འཕྲད་པའི་གཉེན་ཉེ་དེ་ཡི་གོ་བ་དང་། ལམ་སང་དཀོན་མཆོག་བསྟན་འཛིན་ད་ལྟ་རང་འདི་ནས་མར་ལ་བུད་སོང་ཟེར་བཞིན་རྒྱུགས་ཡོང་བ་དང་ཡོད་ཚད་ཐག་ཆོད་ནས་དགོན་པར་གདན་འདྲེན་བྱས་པ་རེད་འདུག་ཟེར།
ཁོའི་ནུ་བོས་རང་ལུས་མཆོད་མེར་ཕུལ་བའི་ཉི་མ་དེར་དང་ཐོག་གྲོགས་པོས་ཀྱང་ཡུན་རིང་ཞིག་ལ་ནུ་བོ་ཡིན་མིན་ཐག་མ་ཆོད་པར་ཡུན་རིང་འགོར་ཡོད། ཉི་མ་དེར་ཡུན་རིང་ཞིག་ལ་ཁ་པར་སོགས་ལས་ཁ་བརྡ་བྱས་མེད་པའི་གྲོགས་པོས་གློ་བུར་དུ་ཁ་པར་འབྱོར་ནས་དེ་རིང་བོད་ནས་རང་ལུས་མེར་སྲེག་གཏོང་མཁན་དེ་ང་ལ་སྤུན་ཆུང་ཞིག་ཡོད་པ་དེ་རེད་ཟེར་གྱིན་འདུག་མོད། ཕ་ཡུལ་ལ་དམ་བསྒྲགས་བྱས་འདུག་པས་གནས་ཚུལ་གསལ་བོ་ཞིིག་ཤེས་ཀྱི་མི་འདུག ཡར་མར་ལ་རྩད་གཅོད་བྱོས་དང་ཟེར། དེ་དུས་ཁོ་ཡོངས་སུ་འཚབ་འཚུབ་ཏུ་གྱུར་འདུག
ངས་གནས་ཚུལ་གསལ་ཐག་ཆོད་པ་གང་ཡང་མ་རྙེད་ཀྱང་། ཕྱི་ཉིན་གྲོགས་པོས་སླར་ཡང་ཁ་པར་འབྱོར་ནས་གནས་ཚུལ་གསལ་བོ་ཆགས་སོང་། ང་འདི་ནས་ལྷང་ལ་བུད་ཀྱང་རྒྱ་ནག་གཞུང་གིས་ཤེས་ན་ཕ་མ་གཉིས་དང་ཤ་ཉེ་ཚོར་དཀའ་ངལ་ལྷག་མ་འཕྲད་པའི་རྒྱུ་ལས་མི་འདུག་པས། འདི་ཕྱོགས་ཀྱི་ལས་ཀ་ཁྱོད་གཉིས་ཀྱིས་(ང་དང་གྲོགས་པོ་གཞན་ཞིག)བསྒྲུབ་ཟེར་ལ། སྐབས་དེ་དུས་ཁོས་གནས་ཚུལ་དེའི་སྐོར་གྱི་གསར་འགྱུར་ཡང་ཀི་རྟི་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པར་རྩིས་པ་རེད། ཕྱི་ཉིན་ང་དང་གྲོགས་པོ་ཞིག་གཉིས་ཀྱིས་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་པར་ཆེན་པོ་གཉིས་དཔར་ཏེ་གཙུག་ལག་ཁང་དང་ཉེ་འཁོར་གྱི་ཁྲོམ་ལ་སྦྱར་ཏེ་གྲོགས་པོའི་རེ་བ་བསྒྲུབས་ཁུལ་བྱས་པ་ཡིན།
རྒྱལ་གཅེས་དཔའ་བོ་ཁོང་ནི་བོད་བསྟན་སྲིད་སླད་རང་ལུས་མཆོར་མེར་ཕུལ་མཁན་བརྒྱ་དང་བཅུ་བཞི་པ་ཡིན་ལ། དེ་རིང་ནི་ཁོང་སྐུ་འདས་ནས་ལོ་ངོ་གཉིས་འཁོར་བའི་ཉིན་མོ་ཡིན་པ་དང་། གྲོགས་པོས་ཁོ་ལ་མཚོན་ན་དེ་རིང་གི་ཉི་མ་འདི་ནི་འགལ་ཟླ་སྣ་ཚོགས་ཤ་ལ་འཐིམ་ཞིང་རུས་ལ་ཟུག་པའི་ཉི་མ་ཞིག་ཡིན་ཟེར།།