དཀོན་མཆོག་རྒྱ་མཚོ།
༼བརྩམས་སྒྲུང་ནང་གི་མི་སྣ། སྟག་ལྷ། བདུད་འདུལ་དང་སྒྲོལ་མ་གཉིས་ཀྱི་བྱི་ལི། བསྟན་པ་ངོ་དམར། སྟག་ལྷའི་ཕ་མ་གཉིས་གསོད་མཁན་གྱི་ལག་དམར་བ།༽
རང་ གི་མགོའི་ཐད་ཀྱི་བར་སྣང་ན་ཁྭ་ཏ་ཞིག་གིས་ཨག་སྐད་སྒྲོག་བཞིན་ནུབ་ཕྱོགས་སུ་ འཕུར་སོང་བས་སྟག་ལྷའི་སེམས་ལ་གློ་བུར་དུ་ད་ནངས་ཞོགས་ཀ་ལུག་རྫིར་ཡོང་ཁ་ཁོང་ ཚང་གི་སྦྲ་འདབས་ཀྱི་དེའུ་འབུར་དེའི་སྒང་ལ་ཁྭ་ཏ་ཞིག་གིས་“ཨ་ཝ། ཨ་ཝ། ཨ་ཝ་”ཞེས་བསྟུད་མར་སྒྲོག་བཞིན་པའི་ཨག་སྐད་དེ་དྲན་ནས་ཁོ་ལ་སེམས་ཁྲལ་དང་བྲེལ་འཚབ་ཅིག་ལངས། ཅིའི་ཕྱིར་ཡིན་ནམ? ནམ་ རྒྱུན་ས་འདི་ན་ཁྭ་ཏས་ཨག་སྐད་སྒྲོག་གི་ཡོད་ཀྱང་སྟག་ལྷའི་སེམས་ལ་འདི་འདྲའི་ བྲེལ་འཚབ་ཅིག་ལངས་མ་མྱོང་ལ་ལྷག་པར་དུ་སེམས་ལ་འདི་འདྲའི་མི་སྐྱིད་པའི་ཚོར་བ་ ཞིག་གཏན་ནས་སྐྱེས་མ་མྱོང་། དེར་བརྟེན་སྟག་ལྷས་ཉི་མའི་གྲིབ་སོ་མ་བཀུག་གོང་ནས་རང་གི་ལུག་ཁྱུ་དེ་མར་ བསྐོར་ནས་ཁོང་ཚང་གི་རུ་འདབས་སུ་དེད་ནས་ཡོང་། ཨ་མྱེ་རྫ་རའི་གཡས་ཟུར་ནས་བལྟས་ན་ཁོང་ཚང་གི་སྦྲ་ནག་ཆུང་ཆུང་དེ་སུ་ཞིག་གིས་ ལག་མཐིལ་དུ་བླངས་པའི་ལུག་གི་རིལ་མ་ཞིག་འདྲ་བར་ཧ་ཅང་གསལ་པོར་མཐོང་ཐུབ།
ཁོང་ ཚང་གི་སྦྲའི་སྒོ་ན་མི་ཚོགས་ཀྱི་ཚང་ཁ་ཤིགས་ཤིགས་བྱེད་ཀྱིན་པ་མཐོང་བས་སྟག་ ལྷའི་སེམས་ནས་ཁོང་ཚང་གི་ཁྱིམ་དུ་རྒྱུན་ལྡན་མ་ཡིན་པའི་དོན་དག་ཅིག་བྱུང་ཡོད་ པ་ཚོད་དཔག་བྱེད་ཐུབ་པས་ཁོས་རང་གི་ལུག་ཁྱུ་ཁ་མལ་དེར་བསྐྱུར་ཏེ་དབུགས་ཐེངས་ གཅིག་གིས་ཁྱིམ་ལ་རྒྱུག མིག་ཆུ་རྩྭ་རྩེའི་ཟིལ་བ་ལྟར་ལྷུང་བཞིན་པའི་ཨ་མ་སྒྲོལ་མས་སྟག་ལྷ་ཕྱིར་སླེབས་ པ་མཐོང་མ་ཐག་སྟག་ལྷའི་སྐེ་ལ་འཐམས་ནས་“ཁྱོད་ཀྱི་ཨ་ཕ་མི་གཞན་གྱིས་བསད་སོང་།”ཞེས་ སྦྲའི་ཧྲག་བར་ཡང་རལ་ལོས་འགྲོ་སྙམ་པའི་ཨག་རིང་ཞིག་བཏབ་ནས་དྲན་མེད་དུ་བརྒྱལ། ཨ་མའི་སྐད་ཆ་དེ་ནི་རྩེ་ལ་དུག་ཆུ་བྱུགས་པའི་གྲི་མདུང་རྣོན་པོ་ཞིག་དང་འདྲ་བར་ སྟག་ལྷའི་སྙིང་དུམ་བུ་གཉིས་སུ་བཏང་བ་ལྟ་བུའི་ཟུག་གཟེར་གྱིས་ཡ་ཁོག་ཁེངས། སྟག་ལྷའི་མཁུར་ཚོས་ངོས་ནས་ཟིལ་བ་ལྟ་བུའི་མཆི་མའི་ཐིགས་པ་འགའ་ག་ལེར་ས་ལ་ཟགས། ཅིའི་ཕྱིར། ཅིའི་ཕྱིར། ངའི་ཨ་ཕ་གཞན་གྱིས་ཅིའི་ཕྱིར་གསོད་དགོས་པ་རེད། དོན་ངོ་མ་ངེད་ཚང་གིས་མི་གཞན་ལ་ཁ་དགྲ་སྣ་དགྲ་རྩ་བ་ནས་བསགས་མྱོང་མེད། འཇིག་རྟེན་འདི་ནས་ངའི་ཨ་ཕས་གསོད་དགོས་པའི་དོན་དག་ཅིག་གཏན་ནས་བསྒྲུབས་མྱོང་ མེད། ཨ། གནམ་རྒན་མ། ཁྱོད་མིག་ཞར་སོང་བ་ཨེ་རེད། ངའི་ཨ་ཕས་འཇིག་རྟེན་འདི་ནས་ལས་རྒྱུ་འབྲས་གཏན་ནས་སྣོག་མྱོང་མེད་པས། ཅིའི་ཕྱིར་ཡིན་གཅིག་མིན་གཅིག་ངའི་ཨ་ཕ་གསོད་དགོས་པ་རེད། ཡ་ཁོག་ལ་ཁོང་ཁྲོ་དང་ཞེ་སྡང་གིས་ཁེངས་པའི་སྟག་ལྷའི་སེམས་ལ་དེ་ལྟར་དྲན་བཞིན་ རྣོ་ལྕགས་ཀྱིས་གྲུབ་པ་ལྟ་བུའི་ཁུ་ཚུར་ཆུང་ཆུང་དེ་དམ་པོར་བཅངས་ནས། “ངས་ངའི་ཨ་ཕའི་དགྲ་ཤ་མ་བླངས་ན་ང་བུ་མིན། ཞེས་རྣོན་པོར་བརྡར་བའི་རང་ཉིད་ཀྱི་གློ་གྲི་དེ་སྐེད་ལ་བཏགས་ནས་ལམ་ཆས་རྒྱུར་གྲ་སྒྲིག་བྱེད་སྐབས་ཨ་མྱེ་རྟམ་ཁོས་ཁོའི་སྔུན་བཀག་ནས། “ཡ་ སྟག་ལྷ། ཨ་མའི་བུ་དལ་དགོས། རྒོད་མའི་རྟེའུ་བྲེལ་དགོས་ཟེར་བ་རེད། ཁྱོད་ད་ལྟ་གང་ཞིག་ལ་འགྲོ་རྒྱུ། དོན་དག་འདི་ང་ཚོ་འཚོ་བ་ཡོངས་དང་འབྲེལ་བ་ཡོད་པས་དང་པོ་ང་ཚོས་ལག་དམར་སུ་ཡིན་ མིན་རྩད་གཅོད་གསལ་པོ་ཞིག་བྱས་ནས་རྩད་ཆོད་རྗེས་འཚོ་བའི་མི་ཡོངས་རྫོགས་སོང་ ནས་དགྲ་ཤ་ལེན་དགོས།” ཞེས་འགྲོ་རུ་མ་བཅུག ཞིབ་འདང་བརྒྱབ་ན་ཨ་མྱེ་རྟམ་ཁོའི་སྐད་ཆ་ངོ་མ་བདེན། ཨ་ཕའི་འདས་མཆོད་མ་བསྒྲུབས་གོང་ཁོ་དེ་ལྟར་སོང་ན་ག་ལ་འགྲིག ཡང་གཅིག་བཤད་ན་ཁོའི་ཨ་ཕ་ལྐོག་གསོད་བྱེད་མཁན་གྱི་ལག་དམར་དེ་ས་གང་ནས་ཡོང་བ་ དང་ས་གང་ལ་སོང་བའི་གྲིབ་མ་ཙམ་ཡང་མ་མཐོང་
གོང་ ནས་རང་དགར་འོལ་ཚོད་ཀྱིས་སོང་ན་ཁོས་རང་གི་ཨ་ཕའི་དགྲ་ཤ་ལེན་མི་ཐུབ་པ་ཤེས། ཡིན་ཡང་ཁོའི་སེམས་ཁོང་གི་སྡུག་བསྔལ་དང་ཞེ་འཁོན་གྱིས་ཁོ་ལ་ནམ་ཉི་མ་རང་གི་ཨ་ ཕ་གསོད་མཁན་གྱི་ལག་དམར་དེ་དངོས་སུ་གསོད་དགོས་པའི་དམ་བཅའི་རི་མོ་ཞིག་སྙིང་ ཁོང་གི་ཟབ་སར་བརྐོས། ཨ་མྱེ་རྟམ་ཁོ་ནི་གསེར་གཞུང་འཚོ་བའི་འཚོ་དཔོན་ཡིན་པ་དང་སྔོན་ཆད་སྟག་ལྷའི་ཨ་ ཕས་གསེར་གཞུང་འཚོ་བའི་འཚོ་དཔོན་ཨ་མྱེ་རྟམ་ཁོ་ནི་ཁོང་ཚང་བཀའ་དྲིན་ཆེ་རབས་ ཐེངས་མང་པོ་བཤད་མྱོང་ཡོད་སྟབས་སྟག་ལྷས་ཀྱང་གནས་སྐབས་ཁོའི་ཁ་ལ་ཉན།
ཕྱི་ དྲོ་སྟག་ལྷ་ཚང་གི་སྦྲའི་གཡས་ཟུར་ན་ཨོང་མེ་སྒོང་བའིི་སྟེང་ལ་ཚ་གསུར་ཞིག་ཕུད་ ཡོད་པ་དང་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་གསུར་དྲི་རྣམས་གང་སར་འཐུལ་བཞིན་ འདུག རིང་བོར་ཟུག་པའི་རི་ཚོགས་ཀྱི་གྲིབ་མ་དག་ག་ལེར་མུན་པར་འདྲེས་ཤིང་མུན་པས་གབ་ པའི་གསེར་གཞུང་འཚོ་བ། ཨོ་མ་རེད། སྟག་ལྷ་ཚང་གི་སྒྲ་ནང་ནས་གྲྭ་པ་དང་མི་སྐྱ་ཕོ་མོ་ཚོས་བཏོན་པའི་མ་ཎིའི་དབྱངས་ རྟ་དང་མཚམས་མཚམས་སུ་སི་ལི་ལི་འཁྲོལ་བཞིན་པའི་དྲིལ་བུའི་སྒྲ་བཅས་གཅིག་ཏུ་ འདྲེས་བ་དེས་སྟག་ལྷ་ཚང་གི་ཁྱིམ་ལས་བརྒལ་ནས་གསེར་གཞུང་འཚོ་བ་ཡོངས་ལ་མུན་པ་ ལྟ་བུའི་མྱ་ངན་དང་སྐྱོ་གདུང་གིས་ཁྱབ། ཨ་མ་སྒྲོལ་མ་དང་སྟག་ལྷ་གཉིས་སྔོན་ཆད་གསོན་ཤུགས་ཀྱིས་ཁེངས་བའི་ཡལ་གས་བར་སྣང་ ལ་མཐོན་པོར་བརྐྱངས་བའི་ལྗང་སྣུམ་གྱི་ལོ་འདབ་རེ་རེ་ཡིན་ན་ད་ལྟ་ནི་རྩ་བ་རུལ་ ནས་འགྱེལ་བའི་སྡོང་རྒན་ཞིག་གིས་བོར་བའི་ལོ་འདབ་སྐམ་པོ་ཞིག་དང་མཚུངས་བར་ སྙིང་རྗེ་མེད་པའི་རྐང་པ་མང་པོས་རྡོག་བརྫིས་གཏོང་བའི་ཡུལ་དུ་གྱུར། སྟག་ལྷ་ནི་ད་ལོ་གཞི་ནས་ལོ་ན་བཅུ་གཉིས་ལ་བུད་ཅིང་དེ་ལྟར་ཉི་མ་རེ་རེ་དང་ཟླ་བ་ རེ་རེ། ལོ་རེ་རེ་བཞིན་རྒྱས་བཞིན་པའི་སྟག་ལྷའི་དཔའ་རྩལ་དང་མཉམ་དུ་སྔོན་ཆད་ཀྱི་བཅས་ པའི་དམ་བཅའ་བཞིན་རང་ཉིད་ཀྱི་ཨ་ཕའི་དགྲ་ཤ་ལེན་རྒྱུའི་ཆོད་སེམས་དང་དམ་བཅའ་ཇེ་ བརྟན་དུ་གྱུར་ཅིང་སྙིང་སྟོབས་ཇེ་ཆེར་འགྲོ་བཞིན་པའི་ལོ་ཟླ་དེ་དག་གི་ནང་ཨ་ མྱེ་རྟམ་ཁོས་སྟག་ལྷའི་ཨ་ཕ་སུ་ཞིག་གིས་ལྐོག་གསོད་བཏང་བའི་དོན་རྐྱེན་དེ་ བརྗེད་པ་ལྟར་དེའི་སྐོར་ལ་གླེང་མྱོང་གཏན་ནས་མེ ད། དེ་ལྟར་མི་གླེང་དོན་གང་ལ་ཐུག་ཡོད་མེད་སྟག་ལྷས་གསལ་པོ་ཤེས་ཡོད་ནའང་གསེར་ གཞུང་འཚོ་བའི་མི་མང་པོ་ཞིག་གིས་ད་དུང་གཏན་ནས་ཤེས་མེད།
སྟག་ ལྷའི་ཨ་ཕ་གཞན་གྱིས་ལྐོག་གསོད་བྱས་ནས་ཞག་མ་ཞེ་དགུ་སོང་བའི་ཕྱི་ཉིན་ཨ་མྱེ་ རྟམ་ཁོས་གསེར་གཞུང་འཚོ་བའི་སྐྱེས་པ་ཚོ་ཚོགས་འདུར་བསྐོངས་ནས་སྟག་ལྷའི་ཨ་ཕ་ གསོད་མཁན་རྩད་གཅོད་ཇི་ལྟར་བྱས་ན་ལེགས་པའི་བསམ་ཚུལ་བསྡུས་ཀྱང་ཉིན་དེར་ཐག་མ་ ཆོད་སྟབས་ཕྱི་ཉིན་ཡང་བསྐྱར་ཉི་མ་རི་རྩེ་ལ་འཕོག་པ་མཉམ་དུ་ཚོགས་འདུ་འཚོགས་ རྒྱུ་བྱས་ནས་གྲོལ།
ཕྱི་ཉིན་སྔ་བོ་ཨ་ནེ་ཏིང་ལོ་ཨ་མྱེ་རྟམ་ཁོས་བསང་ཕུད་སར་ཡོང་ནས། “ཁྱོས་གཅིག་ལྟོས་དང་། འུ་ཚང་གི་ལྷས་འདབས་ཀྱི་རྡེའུ་འབུམ་སྟེང་ལ་གཅིག་གིས་ཡི་གེ་ཞིག་སྦྱར་འདུག འདིའི་ནང་ལ་ཅི་ཞིག་བྲིས་འདུག”ཟེར་ ནས་ཨ་མྱེ་རྟམ་ཁོའི་ཕྱོགས་སུ་བསྲིངས། ཨ་མྱེ་རྟམ་ཁོར་ཤོག་ལྷེ་དེའི་སྟེང་གི་ཡིག་གཟུགས་ཁ་ཤས་རང་ཉིད་ཀྱིས་མཐོང་མྱོང་ བ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་ནའང་སེམས་ལ་དངངས་སྐྲག་ཅིག་ལངས་བས་ཁོས་ཡིག་ གཟུགས་སྐོར་ལ་བསམ་བློ་མ་བཏང་གོང་ལག་གི་ཤོག་ལྷེ་དེ་དང་ཁོང་རང་གཉིས་ཆ་དུས་ གཅིག་ཏུ་སར་ལྷུང་། བསམ་གཞིགས་དང་དངངས་སྐྲག་ནང་ལྷུང་བའི་ཨ་མྱེ་རྟམ་ཁོས་རང་གི་ལག་ནང་གི་ཤོག་ལྷེ་ དེ་ས་ལ་ཅི་ལྟར་ཟགས་པའང་མ་ཤེས་བས་རླུང་འཚུབ་ཅིག་གིས་ཤོག་ལྷེ་དེ་འཚོ་དཔོན་ རྟམ་ཁོ་ཚང་གི་བསང་ཁྲིའི་འགྲམ་ནས་ཕེག་ཕེག་གི་སྒྲ་དང་བཅས་བར་སྣང་ལ་ཁུར་ཁུར་ བའི་མཐར་ཨ་མ་སྒྲོལ་མ་ཚང་གི་སྦྲ་སྒོར་ལྷུང་བ་དང་། དེ་ནི་ལས་རྒྱུ་འབྲས་སྣོག་རྒྱུར་ཡ་ང་སྤུ་ཙམ་ཡང་མེད་པའི་འཇིག་རྟེན་འདིར་ལས་ རྒྱུ་འབྲས་ཀྱིས་སྟག་ལྷར་ཁྱོད་ཀྱི་ཨ་ཕ་གསོད་མཁན་གྱི་མི་ངན་དེས་ཁྱོད་ཚང་དང་ ཐག་མི་རིང་བའི་ས་ཆའམ་ཡང་ན་ཁྱིམ་ཚང་ཞིག་གི་ནང་ནས་ཁྱེད་མ་བུ་གཉིས་ལ་ལྟ་བཞིན་ འདུག་ཅེས་ལྐོག་ཞུ་བྱས་བ་དང་འདྲ། མདང་དགོང་ཨ་མྱེ་རྟམ་ཁོས་སང་ཉིན་ཞོགས་པ་སྔ་མོ་ནས་ཡང་བསྐྱར་འཚོགས་དགོས་བའི་ བརྡ་བརྒྱབ་ཡོད་སྟབས་ད་ནངས་ཞོགས་པ་སྔ་མོ་ནས་སྟག་ལྷས་སྦྲ་སྒོ་ནས་བསང་ཕུད་ སྐབས་ཨ་མྱེ་རྟམ་ཁོས་ཀྱང་བསང་ཁྲིའི་སྟེང་སྤེན་མ་དང་ཤུག་ལོ་འགའ་སྤུངས་ནས་བསང་ ཕུད་གྲབས་བྱེད་ཀྱིན་འདུག སྟག་ལྷས་བསང་ཕུད་ཚར་རྗེས་ཨ་མྱེ་རྟམ་ཁོའི་ཕྱོགས་སུ་ལྟ་བཞིན་ཉིན་འདི་ཚོའི་ རིང་ཁོང་གིས་ཨ་མ་ངེད་གཉིས་ཀྱི་ཆེད་དུའམ་ཨ་ཕའི་དགྲ་ཤ་ལེན་རྒྱུའི་ཆེད་དུ་འདི་ འདྲའི་དཀའ་ལས་རྒྱག་གི་འདུག ཨ་མྱེ་རྟམ་ཁོ་ནི་ངོ་མ་མི་སེམས་བཟང་ཞིག་རེད་སྙམ་ནས་ངས་ཚེ་གང་བོར་ཁོང་གི་བཀའ་ དྲིན་བརྗེད་མི་སྲིད། སྟག་ལྷས་དེ་ལྟར་བསམས་ནས་ཕྱིར་ཁྱིམ་ལ་འགྲོ་གྲབས་བྱེད་སྐབས་ཨ་མྱེ་རྟམ་ཁོའི་ ཆུང་མས་ཁོང་ཚང་གི་ལྷས་འདབས་ནས་ཤོག་ལྷེ་ཞིག་བླངས་ནས་ཅི་ཞིག་བཤད་ཞོར་ཨ་མྱེ་ རྟམ་ཁོའི་ལག་ཏུ་བཞག ཨ་མྱེ་རྟམ་ཁོས་རང་གི་ཆུང་མའི་ལག་གི་ཤོག་ལྷེ་དེ་ཁ་ཕྱེ་ནས་བལྟས་མ་ཐག་ཁོ་རང་ ནི་འཁུར་ཐག་ཆད་པའི་ས་སྒྱེ་ཞིག་དང་འདྲ་བར་བསང་ཁྲིའི་འགྲམ་དུ་ཨོང་ཤ་སྟུག་སེ་ ས་ལ་ལྷུང་། ཚུལ་དེ་མཐོང་བ་དང་ཨ་ནེ་ཏིང་ལོའི་སེམས་ལ་དངངས་སྐྲག་གིས་ཁེངས་ནས་ཨ་མྱེ་རྟམ་ ཁོའི་ལག་གཡས་ས་ནས་སྐྱོར་ཏེ་ག་ལེར་ཁྱིམ་ལ་ཁྲིད། ཨ་མྱེ་རྟམ་ཁོའི་ལག་ནང་ནས་ཟགས་པའི་ཤོག་ལྷེ་དེ་རླུང་འཚུབ་ཅིག་གིས་བར་སྣང་ལ་ ཕེག་ཕེག་གི་སྒྲ་དང་ཡུད་ཙམ་རིང་ཁུར་ནས་མཐར་སྟག་ལྷ་ཚང་གི་སྦྲའི་སྒོར་ལྷུང་། “རྟམ་ཁོ། ངས་ཁྱོད་ལ་ཐ་ཚིག་བསྒྲགས། ཁྱོད་ཚང་གི་བྱི་ལིའི་སྲོག་མ་དགོས་ན་ཁྱོད་ཀྱིས་མུ་མཐུད་དུ་དགྲ་འདུལ་བསད་པའི་གྱོད་དོན་ལ་ལག་པ་ཆོངས། ཧ་ཧ་ཧ་ཧ་ཧ་་་་་་་ “ སྟག་ ལྷའི་སེམས་ལ་རླུང་འཚུབ་ཀྱིས་དེད་ནས་འཁུར་ཡོང་བའི་ཤོག་ལྷེ་དེའི་ནང་ལ་ཅི་ཞིག་ བྲིས་ཡོད་དམ་སྙམ་ནས་ས་ནས་བླངས་ཏེ་བལྟས་བས་ཡུད་ཙམ་རིང་རང་ཉིད་ཀྱི་མིག་ལའང་ ཡིད་མི་ཆེས་བར་གྱུར་ན་ཡང་དེ་ནི་དོན་དངོས་ཡིན་སྟབས་ཁོའི་སེམས་ལ་ཁོང་ཁྲོ་ བཟོད་གླགས་མེད་པ་ཞིག་སྐྱེས་ཤིང་བརྡར་ནས་རྣོན་པོར་གྱུར་བའི་རལ་གྲི་དེ་ལག་ཏུ་ བཟུང་སྟེ་ཀི་སྐོར་ཞིག་བྱེད་ཞོར་སྡ ེ་བའི་དཀྱིལ་གཤགས་ནས་ཡར་རྒྱུག་མར་རྒྱུག་ཅིག་བྱེད་འདོད་ནའང་། ཨ་མྱེ་རྟམ་ཁོ་ལ་འཇིགས་སྐུལ་བྱེད་པའི་རང་གི་ཨ་ཕ་གསོད་མཁན་གྱི་ལག་དམར་དེ་དོན་ ངོ་མ་སུ་ཡིན་མིན་མི་ཤེས་བས་ཁོང་ཁྲོ་གནོན་ཐབས་བྱས་ནས་ཡི་གེ་དེའི་སྐོར་ཨ་མ་ལ་ བཤད། ཨ་མས་ཨ་མྱེ་རྟམ་ཁོ་ལ་ད་བར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་བར་མ་ཟད་རང་གི་ ཁྱོ་བོ་གསོད་མཁན་གྱི་ལག་དམར་དེ་ནི་རང་གི་རུ་སྡེ་ནང་གི་མི་ཞིག་གམ་ཡང་ན་རང་ གི་རུ་སྡེ་ནང་གི་མི་ཞིག་དང་འབྲེལ་བ་ཡོད་པའི་སྐོར་ཁོ་མོས་ཤེས་རྟོགས་ཡོད་ཚུལ་ བཤད་པ་དང་ད་ནས་བཟུང་ཁྱེད་ཀྱིས་ཁོ་མོའི་མ་བུ་གཉིས་ཀྱི་ཐད་ལ་སེམས་ཁྲལ་བྱེད་ མི་དགོས་ཚུལ་བཤད།
ས་ རུབ་ནས་ཡུན་རིང་བགོར་ཡང་ཨ་མ་སྒྲོལ་མ་ཟོག་རྫིར་སོང་ནས་ད་དུང་ཕྱིར་མ་བསླེབས་ སྟབས་སྟག་ལྷར་སེམས་་འཚབ་ལངས་ནས་ཨ་མ་འཚོལ་དུ་སོང་། རབ་རིབ་ཀྱི་ཟླ་འོད་འོག་སྟག་ལྷ་ཉག་ཁ་གོང་མར་སླེབས་དུས་ལམ་འགྲམ་གྱི་རྡེའུ་ འབུམ་འཁྲིས་སུ་མི་ཞིག་འགྱེལ་ནས་ཡོད་པ་མཐོང་བས་ཁོ་ལ་དངངས་སྐྲག་ལངས་ནས་གོམ་པ་ མྱུར་སྟབས་ཀྱིས་སྤོས་ཏེ་མི་དེའི་གམ་ལ་སླེབས་དུས་སྟག་ལྷ་དྲན་མེད་དུ་བརྒྱལ། མི་དེ་ནི་གཞན་སུ་ཡང་མ་ཡིན་པར་སྟག་ལྷའི་ཨ་མ་ཡིན་པ་དང་གཅིག་གིས་བསད་ནས་ཡུན་ རིང་བགོར་མེད་པ་འདྲ། སྐབས་དེའི་མཚན་མོ་དེར་སྟག་ལྷའི་མིག་ནས་སེམས་སྡུག་གི་མཆི་མ་བཞུར་རྒྱུ་མེད་པ་ དེ་ནི་སྔོན་ཆད་ཨ་ཕ་གཞན་གྱིས་བསད་སྐབས་མིག་ཆུ་ཡོད་ཚད་བཞུར་ཚར་བ་དང་འདྲ་ནའང་ གློ་བུར་དུ་སྙིང་ལ་ན་ཟུག་བཟོད་དཀའ་བ་ཞིག་བརྒྱབ་ནས་ཡང་བསྐྱར་དྲན་མེད་དུ་ བརྒྱལ་ལ་ཁད་བྱས། སྤྲིན་ནག་ཅིག་གིས་ནམ་མཁའ་ཁེབས་ཤིང་འབྲུག་སྒྲ་དང་ཆར་ཞོད་དྲག་པོ་དེས་འཇིག་ རྟེན་ན་ལས་རྒྱུ་འབྲས་མི་རྩི་མཁན་གྱི་མི་ངན་དག་ལ་སྡིགས་དམོད་བྱེད་པ་དང་འདྲ། མཚན་མོ་དེ་ནས་བཟུང་སྟག་ལྷ་ནི་འཇིག་རྟེན་འདི་ན་གཉེན་ཉེ་མཐེ་བོ་ཙམ་ཡང་མེད་ པའི་དྭ་ཕྲུག་ཚད་ལྡན་ཞིག་ཏུ་གྱུར། སྟག་ལྷའི་ཨ་ཕ་དགྲ་འདུལ་དང་ཨ་མ་སྒྲོལ་མ་གཉིས་ནི་ལོ་བཅུ་བཞིའི་གོང་མཱ་ཕུང་ ཧྥང་གི་ཇག་དམག་ཁ་ནས་ཐར་བའི་རེབ་གོང་གི་བཟའ་ཟླ་གཉིས་ཡིན་པ་དང་ཁོང་གཉིས་གསེར་ གཞུང་འཚོ་བར་སླེབས་སྐབས་སྟག་ལྷའི་ཨ་མར་སྟག་ལྷ་མངལ་སྦུམ་ནས་ཟླ་བ་གཉིས་ལས་ བགོར་མེད།
ཨ་ མྱེ་རྟམ་ཁོས་ཉིན་འདི་ཚོའི་རིང་བསམ་བློ་ཅི་ལྟར་བཏང་ཡང་སྟག་ལྷའི་ཕ་མ་གཉིས་ ལྐོག་གསོད་གཏོང་མཁན་དེ་ནི་རང་གི་འཚོ་བའི་ནང་གི་མི་ངན་ཞིག་ཡིན་པ་ཐག་བཅད་ཐུབ་ ན་ཡང་སུ་ཡིན་མིན་གཏན་ནས་མ་ཤེས། ཡིན་ཡང་སྟག་ལྷ་ད་དུང་མུ་མཐུད་དུ་འདིར་བསྡད་ན་ཉེན་ཁ་ཡོད་པ་ཁོས་གསལ་པོ་ཤེས་ སྟབས་རང་གི་རྐང་མཛུབ་ཀྱང་མི་མཐོང་བའི་མུན་ནག་གི་མཚན་མོ་ཞིག་ལ་ཨ་མྱེ་རྟམ་ ཁོས་སྟག་ལྷ་སྣང་རའི་ས་ཐོག་ལ་བྲོས་བྱོལ་དུ་མངགས་ནས་རང་གི་མནའ་བཅད་འཇིགས་བློ་ ལ་བཅོལ་དམ་བྱས། སྟག་ལྷ་སྣང་རར་བསླེབས་ནས་ལོ་བརྒྱད་འདས་ཟིན་པ་དང་ད་ལྟ་ཁོ་ནི་འབྲོང་ཕྲུག་དར་ མ་ཞིག་དང་འདྲ་བར་སྙིང་སྟོབས་དཔའ་རྩལ་གྱིས་ཁེངས་ཡོད།
གནམ་ གྱིས་བཀོད་སྒྲིག་བྱས་པ་ལྟར་དབྱར་གཞུང་གི་མཚན་མོ་ཞིག་ལ་གསེར་གཞུང་འཚོ་བའི་ སྟེང་ལ་ཡ་ང་ཞིང་ཡིད་སྐྱོ་བའི་ཆག་འཇིག་སྐྱི་གཡའ་བ་ཞིག་ལྷུང་། མཱ་ཕུང་ཧྥང་གི་ཚ་བོ་མཱ་དབྱིས་ཁན་གྱིས་ཇག་དམག་སུམ་སྟོང་ཁྲིད་ནས་གསེར་གཞུང་ འཚོ་བར་འཕྲོག་བཅོམ་བྱས་ཤིང་གསེར་གཞུང་འཚོ་བའི་ཕོ་གསར་སྟག་ཕྲུག་འདྲ་བ་བཅོ་ ལྔ་གསོན་བཟུང་བྱས་ནས་མི་མང་གིས་རིག་ས་ནས་མགོ་བོ་ས་ལ་འཕངས་བ་དང་། མང་པོ་ཞིག་ཇག་དམག་ལ་འགོག་རྒོལ་སྐབས་སྲོག་ཤོར། ཇག་དམག་གིས་གསེར་གཞུང་འཚོ་བའི་སྦྲ་གུར་ལ་མེ་བརྒྱབ་པའི་དུ་བས་ནམ་མཁའ་ཁེངས་ ཤིང་དཔའ་རྒོད་ཀྱི་ཟུངས་ཁྲག་གིས་ས་གཞི་དམར་ནག་ཏུ་བསྒྱུར། རྨས་སྐྱོན་འཕོགས་པའི་རྒན་རྒོན་དང་དྭ་ཕྲུག་ཚོའི་ངུ་སྐད་ཀྱི་རྣམ་པ་དེ་ནི་ལོ་ ངོ་དུ་མའི་རྗེས་ཀྱི་རྒྱ་ནག་གུང་ཁྲན་ཏང་གི་ཇག་དམག་གིས་གསེར་གཞུང་འཚོ་བར་བཙན་ འཛུལ་བྱེད་སྐབས་ཀྱི་རྣམ་པ་དང་ཤིན་ཏུ་འདྲ། མཱ་དབྱིས་ཁན་གྱིས་ཉིན་གསུམ་གྱི་རིང་ཚོགས་འདུ་བསྡུས་ནས་ཁོ་རང་གི་དམག་མི་ བརྒྱ་དང་བདུན་ཅུ་དང་རྟ་སུམ་བརྒྱ་བསད་པར་སྐྱིན་ཚབ་ལ་གསེར་གཞུང་འཚོ་བས་འབྲི་ གཡག་ཆིག་སྟོང་ལྔ་བརྒྱ་དང་། རྟ་སུམ་བརྒྱ། ལུག་སུམ་ཁྲི། བུད་མེད་གཞོན་ནུ་མ་བཅོ་ལྔ་བཅས་བདམས་ནས་མཱ་ཕུང་ཧྥང་ལ་སྤྲོད་དགོས་བའི་ཆིངས་ ཡིག་བཞག འོན་ཀྱང་བུ་མོ་རྣམས་ཁྲིད་ནས་འགྲོ་སྐབས་ལམ་བར་ནས་ལྔ་རྨ་ཆུར་མཆོངས་ནས་རང་ཤི་ བརྒྱབ། ཚོགས་འདུ་དེ་གྲོལ་དུས་གསེར་གཞུང་འཚོ་བའི་ཤུལ་དུ་ལྷག་པའི་མི་རྣམས་ཧང་སངས་ དགོས་བའི་དོན་དག་ཅིག་བྱུང་། དེ་ནི་མཱ་དབྱིས་ཁན་གྱིས་ཉིན་ཐ་མའི་ཚོགས་ཐོག་ཏུ་མཱ་ཕུང་ཧྥང་གི་དམག་སྤྱི་ཀྭ་ སེ་མོ་གསོད་མཁན་གྱི་ལག་དམར་བ་བདུད་འདུལ་དང་ཁོའི་ཆུང་མ་བསད་པའི་བྱས་རྗེས་ལ་ བསྟན་པ་ངོ་དམར་གསེར་གཞུང་འཚོ་བའི་འཚོ་དཔོན་ལ་བཞག་པ་མ་ཟད་ལོ་རེར་མཱ་ཕུང་ཧྥང་ ལ་དངུལ་སྒོར་ལྔ་སྟོང་དང་ལུག་ལྔ་ཁྲི། འབྲི་གཡག་ལྔ་བརྒྱ། རྟ་བརྒྱ་དང་ལྔ་བཅུ་བཅས་ཀྱི་ཁྲལ་བསྡུ་དགོས་བའི་འགན་ཡང་བསྟན་པ་ངོ་དམར་གྱིས་ འཁུར་དགོས་བའི་ཁྱབ་བསྒྲགས་བྱས། གསེར་གཞུང་འཚོ་བའི་མི་རྣམས་ཀྱིས་སྐད་ཆ་དེ་གོ་མ་ཐག་སོ་སོའི་རྣ་བ་ལའང་ཡིད་མི་ ཆེས་བའི་ཚད་དུ་སླེབས། ཉིན་དེར་གཞི་ནས་གསེར་གཞུང་འཚོ་བའི་འཚོ་དཔོན་ཨ་མྱེ་རྟམ་ཁོ་ལ་ལོ་ངོ་ཉེར་གཅིག་ གོང་གི་རང་གི་བྱས་ཉེས་ཤིག་ཡིད་ལ་དྲན་ཞིང་ཁོང་ཁྲོ་དང་འགྱོད་པ་དུས་གཅིག་ཏུ་ སྐྱེས་བས་ལག་ཏུ་རལ་གྲི་བཟུང་ནས་བསྟན་པ་ངོ་དམར་གྱི་སྟེང་ལ་མཆོངས།
སྲན་མ་བརྔོས་བ་ལྟ་བུའི་རྣ་བར་གཟན་པའི་སྐད་སྒྲ་ཞིག་བསྟུད་མར་གྲགས་པས་ཨ་མྱེ་རྟམ་ཁོ་ག་ལེར་ས་འགྱེལ། བྲང་གཞུང་དང་ཁ་འགྲམ་ཁྲག་གིས་སྦགས་པའི་ཨ་མྱེ་རྟམ་ཁོས་མགོ་བོ་ཡར་འགྱོགས་ཙམ་བྱས་ནས་བསྟན་པ་ངོ་དམར་གྱི་སྟེང་ལ་ཅེར་ནས་“ཁྱོད་་་་་་ ཁྱོད་་་་་་ཁྱོད་་་་་་ལས་རྒྱུ་འབྲས་མི་བརྩི་མཁན་ཁྱོད་་་་་་ཁྱོད་ནམ་་་་་་་ཉི་ མ་ཞིག་ལ་གསེར་གཞུང་འཚོ་བའི་དཔའ་རྒོད་ཅིག་གིས་གསོད་་་་་་་ངེས་་་་་་ཡིན། ”བསྟན་པ་ངོ་དམར་གྱིས་གཡས་ལག་གིས་ཀྲུམ་མདའ་ཞིག་གི་མཆུ་སྣེ་གནམ་ལ་གཏད་ནས་རྩེ་ ལ་ཕུ་འདེབས་ཞོར་གདུག་རྩུབ་ཀྱིས་ཁེངས་བའི་ངོ་གདོང་ལ་ང་རྒྱལ་དང་འཕྱ་སྨོད་ འདྲེས་བའི་ཉམས་ཀྱིས། “རྒད་པོ། ང་ལ་སྙིང་རྗེ་མེད་ཀི་མ་བསམས། འདི་ཁྱོད་རང་གིས་ཉོས་བ་རེད། ” ཅེས་ཨ་མྱེ་རྟམ་ཁོའི་བེམ་པོའི་སྟེང་ལ་ཐུ་ལུ་ཞིག་འཕངས།
ལོ་ ངོ་ཉེར་གཅིག་གི་གོང་སྟེ་ཨ་མྱེ་རྟམ་ཁོ་ལོ་ན་བཞི་བཅུ་ཡིན་དུས་སྟོད་ཉི་མར་ལྷ་ སར་ཇོ་མཇལ་དུ་སོང་ནས་ཕྱིར་ལ་སྐུ་འབུམ་ལ་མཆོད་མཇལ་དུ་འགྲོ་སྐབས་དགོན་པའི་ གླིང་འདབས་ན་འཁྱམས་ནས་སློང་མོ་བྱེད་ཀྱིན་པའི་བྱིས་བ་བདག་མེད་ཅིག་ཡོད་པ་ མཐོང་བས་ཁོས་སྙིང་རྗེས་མ་བཟོད་པར་གསེར་གཞུང་འཚོ་བར་ཁྲིད་ཡོང་བ་དང་རྒྱ་སོག་ གང་གི་སྒྲ་གདངས་ཡིན་མིན་མི་ཤེས་བའི་བྱ ིས་བ་དེའི་མིང་དེ་དེ་འདྲའི་ཁ་ནས་འབོད་བདེ་བོ་ཞིག་མིན་པས་ཨ་མྱེ་རྟམ་ཁོས་ ཁོའི་མིང་ལ་བསྟན་པ་ཞེས་བཏགས་ཀྱང་ཁོའི་ངོ་གདོང་ནི་སྤྲེའུའི་རྐུབ་ལྟར་དམར་པོ་ དམར་རྐྱང་ཡིན་སྟབས་ཕྱིས་སུ་གསེར་གཞུང་འཚོ་བའི་མི་ཚོས་ཁོ་ལ་ངོ་དམར་ཟེར་ནས་ མཚངས་མིང་ཞིག་གིས་ཁ་སྣོན་བྱས་བས་དུས་དེ་ནས་བཟུང་ཀུན་གྱིས་བསྟན་པ་ངོ་དམར་ ཞེས་འབོད་ཀྱིན་ཡོད། ཡིན་ཡང་གཞན་གྱིས་ཅི་ལྟར་འབོད་མིན་ལ་མ་ལྟོས་བར་དུས་དེ་ནས་བཟུང་ཨ་མྱེ་རྟམ་ ཁོས་བསྟན་པ་ངོ་དམར་ནི་རང་གི་བྱི་ལི་དོན་གྲུབ་དང་གཉིས་སུ་མེད་པར་སྙོར་སྐྱོང་ བྱས་ཤིང་། ལྷག་པར་དུ་ཉིན་ཤས་སྔོན་མཱ་ཕུང་ཧྥང་གི་ཇག་དམག་གིས་འཕྲོག་བཅོམ་སྐབས་རང་གི་ཤ་ ལས་ཆད་པའི་བྱི་ལི་སྟག་ཕྲུག་འདྲ་བོ་དེ་ཇག་དམག་གི་ལག་ལ་ཤོར་སོང་བའི་ཉིན་འདི་ ཚོའི་རིང་ཨ་མྱེ་རྟམ་ཁོས་ལྷག་ཏུ་བསྟན་པ་ངོ་དམར་གྱི་སྟེང་ལ་སེམས་ནས་ཤ་ཚ་ཞིག་ སླེབས། ཡིན་ཡང་བསྟན་པ་ངོ་དམར་གྱིས་མཱ་ཕུང་ཧྥང་ལ་ངན་འབྲེལ་བྱས་ནས་ངོ་ཚ་ཁྲེལ་མེད་ ཀྱི་བྱ་བ་འདི་འདྲ་ཞིག་ལས་ཡོད་པ་ཤེས་དུས་གཞི་ནས་ཨ་མྱེ་རྟམ་ཁོས་བསྟན་པ་ངོ་ དམར་གྱི་ཁ་རིས་ངོ་མདངས་ལ་ཞིབ་ལྟ་ཞིག་བྱེད་དུས་བསྟན་པ་ངོ་དམར་དང་མཱ་དབྱིས་ ཁན་གཉིས་ཀྱི་ཁ་རིས་ངོ་མདངས་དང་བྱད་དབྱིབས་ལ་ཧ་ཅང་གི་འདྲ་བའི་ཆ་མང་པོ་ཞིག་ ཡོད་པའི་ཚོར་སྣང་བྱུང་ཞིང་། དེ་མ་ཐག་ཁོ་ལ་གནོན་དཀའ་བའི་ཁོང་ཁྲོ་ཞིག་སྐྱེས་བས་རལ་གྲི་བཟུང་ནས་བསྟན་པ་ངོ་ དམར་གྱི་སྟེང་ལ་མཆོངས།
སྔོན་ ཆད་གསེར་གཞུང་འཚོ་བའི་ནང་ལ་རྒྱ་སྐད་ཤེས་མཁན་བསྟན་པ་ངོ་དམར་གཅིག་པོ་ཡིན་པས་ ཨ་མྱེ་རྟམ་ཁོས་ཁོ་ཟི་ལང་ལ་ཐེངས་འགར་ཁྲིད་ཅིང་རྗེས་སུ་ཁོ་རང་གཅིག་པོས་ཟི་ལང་ མཁར་ནས་འབྲོག་པ་ཚོར་མཁོ་བའི་དངོས་པོ་འདྲ་མིན་སྣ་ཚོགས་གསེར་གཞུང་འཚོ་བར་ དྲུད་ཡོང་ནས་ཚོང་བྱས་བས་ཁོ་རང་གསེར་གཞུང་འཚོ་བའི་ཚོང་བ་གྲགས་ཅན་ཞིག་ཏུ་ གྱུར་པས་ཨ་མྱེ་རྟམ་ཁོ་སེམས་གཏིང་ནས་ དགའ་ཞིང་སྤོབས་པ་ཞིག་ཀྱང་སྐྱེས་མྱོང་། བསྟན་པ་ངོ་དམར་ཟི་ལང་མཁར་དུ་ཚོང་ལ་འགྲོ་ཐེངས་རེ་རེ་བཞིན་གསེར་གཞུང་འཚོ་བའི་ མི་རྣམས་ཧང་སངས་བར་བྱེད་པའི་ཁེ་སྤོགས་ཆེན་པོ་དེ་ནི་དོན་ངོ་མ་མཱ་ཕུང་ཧྥང་ གིས་ཁོ་ལ་དགྲ་འདུལ་བཟའ་ཟླ་གཉིས་གསོད་གླར་སྤྲད་པ་ཡིན་ཡང་ཁོ་ལ་སྤྲད་པའི་གླ་ཆ་ དེ་ནི་མཱ་ཕུང་ཧྥང་གི་ཚ་བོ་མཱ་དབྱིས་ཁན་གྱིས་གསེར་གཞུང་འཚོ་བའི་ནང་ནས་ཕྲོགས་ པའི་རྒྱུ་ནོར་ལོངས་སྤྱོད་ཀྱི་བརྒྱ་ཆའི་ གཅིག་ཀྱང་ཟིན་གྱི་མེད། བསྟན་པ་ངོ་དམར་གསེར་གཞུང་འཚོ་བའི་འཚོ་དཔོན་དུ་བསྡད་པའི་ལོ་ངོ་འདི་དག་གི་ རིང་ལ་ཤུལ་དུ་ལུས་པའི་བུད་མེད་དང་དྭ་ཕྲུག་སྐོར་ཅིག་སྣང་རའི་ས་ཐོག་ལ་བྲོས་ བྱོལ་དུ་སོང་བ་དང་ཁག་ཅིག་གིས་བསྟན་པ་ངོ་དམར་ལ་ཡ་ལན་ལོག་པས་བསྟན་པ་ངོ་དམར་ གྱིས་ཟི་ལང་ལ་བང་མི་མངགས་ནས་གསེར་གཞུང་འཚོ་བའི་མི་ངན་སྐོར་ཞིག་གིས་མཱ་རྒྱལ་ པོ་ལ་ངོ་ལོག་རྩིས་ཀྱིས་ཁྲལ་སྤྲོད་རྒྱུར་དལ་ བགོར་བྱེད་ཀྱི་འདུག་པས་སྐྱ་དམག་ལྔ་བརྒྱ་མྱུར་དུ་གཏང་དགོས་བའི་རེ་འདུན་ཞུས་ མ་ཐག་མཱ་ཕུང་ཧྥང་གིས་རང་གི་ཚ་བོ་མཱ་དབྱིས་ཁན་ལ་སྐྱ་དམག་ལྔ་བརྒྱ་ཁྲིད་ནས་ གསེར་གཞུང་འཚོ་བར་དཔུང་འཇུག་བྱེད་དགོས་པའི་བཀའ་ཕབ།
ཉིན་ འདི་ཚོའི་རིང་གསེར་གཞུང་འཚོ་བར་ཡང་བསྐྱར་ཁྲལ་ལྡབ་འགྱུར་གྱིས་འཕར་བའི་སྡུག་ བསྔལ་ལས་ཀྱང་ད་དུང་སྡུག་བསྔལ་གཞན་ཞིག་ཡོད་པ་ནི་སྙིང་རྗེ་མེད་པའི་ཇག་དམག་ ཚོས་ཆང་ཞིམ་པོ་འཐུང་ཞོར་དང་ཤ་མཚོན་པོ་ཟ་ཞོར་གསེར་གཞུང་འཚོ་བའི་བུད་མེད་ཚོར་ གང་འདོད་དུ་བརྙས་བཅོས་བྱེད་ཀྱིན་པ་དེ་ཡིན། གསེར་གཞུང་འཚོ་བའི་མི་ཟོག་ལྟ་ཅི་སྨོས་ཐ་ན་གསེར་གཞུང་འཚོ་བའི་ནམ་མཁའ་ན་འཕུར་ ཞིང་ས་ཐོག་ལ་རྒྱུ་བའི་འབའ་འབུ་ཡང་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ལྷུང་ནས་ལོ་ ངོ་དུ་མ་བགོར་བའི་ཉིན་ཞིག་ལ། མེ་ཏོག་ཐང་ནས་རླུང་འཚུབ་ནག་པོ་ཞིག་དྲག་ཏུ་ལྡང་བས་མགོ་ཐོག་གི་སྦྲ་ཡང་འགོག་ལ་ ཁད་འགོག་ལ་ཁད་བྱས་ཤིང་ལུག་ཁྱུ་རྣམས་ཕྱོགས་དང་ཕྱོགས་སུ་འཐོར། ལོ་ངོ་དུ་མའི་རིང་མེ་ཏོག་ཐང་ནས་འདི་འདྲའི་རླུང་འཚུབ་ཅིག་ལྡང་མ་མྱོང་བ་བསྟན་ པ་ངོ་དམར་གྱི་སེམས་ལ་གསལ་པོ་ཡིན་སྟབས་ཁོའི་སེམས་ལ་དངངས་སྐྲག་ཅིག་སྐྱེས་བ་ དང་སྦྲའི་ཕྱི་ལོགས་སུ་ཡོང་ནས་གཡས་གཡོན་ལ་ཡང་ཡང་ལྟ་བར་བྱེད།
གློ་ བུར་དུ་རྨི་ལམ་ཞིག་དང་འདྲ་བར་མེ་ཏོག་ཐང་ནས་གཡུག་ཡོང་བའི་རླུང་འཚུབ་ཁྲོད་ནས་ རྟ་ནག་ཞོན་པའི་མི་ཕོ་ཁོག་རྗེན་ཅན་ཞིག་མངོན་བྱུང་། མིག་རྩ་གློག་དམར་འཁྱུག་འཁྱུག་བྱེད་ཀྱིན་པའི་མི་ཕོ་ཁོག་རྗེན་ཅན་དེའི་བྱད་ དབྱིབས་ནི་སྔོན་ཆད་བསྟན་པ་ངོ་དམར་གྱིས་ཨ་མ་སྒྲོལ་མ་དང་སྟག་ལྷ་གཉིས་མེད་ཤུལ་ དང་བསྟུན་ནས་སྦྲའི་རྟག་རྒྱབ་ནས་ལྐོག་གསོད་བཏང་བའི་བདུད་འདུལ་དང་ཨ་ན་མ་ན་ རེད། སྐབས་དེར་ཁོ་རང་གིས་དངོས་སུ་ལག་བསྒུལ་ནས་བདུད་འདུལ་ལྐོག་གསོད་བྱས་མེད་ཚེ་ རང་ཉིད་ལ་གཏད་ནས་ཡོང་གིན་པའི་མི་དེ་ནི་ཁོས་བདུད་འདུལ་རེད་བསམ་སྲིད་ནའང་ཁོ་ རང་གི་དངོས་སུ་ལག་བསྒུལ་ནས་བདུད་འདུལ་བསད་ཡོད་སྟབས། མདུན་ཕྱོགས་ཀྱི་མི་དེ་ནི་ལོ་དུ་མའི་ཡར་སྔོན་གྱི་མཚན་མོ་ཞིག་ལ་གློ་བུར་དུ་ གར་སོང་ཆ་མེད་དུ་གྱུར་པའི་སྟག་ལྷ་ཡིན་པ་ཁོའི་སེམས་ལ་ཁྲིགས་ཁྲིགས་ཡིན། བསྟན་པ་ངོ་དམར་གྱི་སེམས་ལ་དང་པོ་སྟག་ལྷ་བསླུ་བྲིད་བཏང་རྗེས་བཀོད་པ་རིམ་ གྱིས་འཐེན་ཆོག་སྙམ་ནས།
“ཡ། ཆང་གྲ་སྒྲིག་བྱས་ནས་གཡག་ཅིག་ཤོས་དང་། ངའི་གྲོགས་པོ་ཐོ་རི་བོའི་ཞི་ལི་དགའ་བོ་ཕྱིར་རང་ཡུལ་ལ་ཐོན་ཐལ། དེ་རིང་སྟག་ལྷ་ཕྱིར་རང་གི་ཕ་ཡུལ་དུ་སླེབས་པར་ང་ཚོས་སྟོན་ཆེན་ཞིག་བཤམ་དགོས།”ཞྭ་མོ་དཀར་པོ་གྱོན་པའི་རྒད་པོ་ཨག་ཚོམ་རིང་པོ་ཅན་ཞིག་གིས་ངོ་འཛུམ་འཛུམ་དང་སྒྱིད་པ་ཞུམ་ཞུམ་གྱིས་དུག་བླུགས་པའི་ཆང་དཀར་དེ་འཁྱེར་ནས་ཡོང་། སྔོན་ཆད་ཀྱང་བསྟན་པ་ངོ་དམར་གྱིས་ཐབས་འདི་སྤྱད་ནས་གསེར་གཞུང་རྩྭ་ཐང་གི་དཔའ་རྒོད་མང་པོ་ཞིག་ལྐོག་གསོད་བཏང་མྱོང་།
“མཇུག་མ་མེད་པའི་ཁྱི་རྒན་ཁྱོད། ཁྱོད་ཀྱི་གཡོ་སྒྱུ་ཚང་མ་ངས་སྔ་ས་ནས་ཤེས་ཡོད། ང་དེ་རིང་ཁྱོད་ཀྱི་སྟོན་ཐོག་ལ་ཡོང་བ་མིན། ང་དེ་རིང་ངའི་ཕ་མ་གཉིས་ཀྱིས་གཙོས་ཁྱོད་ཀྱིས་བསད་པའི་གསེར་གཞུང་འཚོ་བའི་མི་དེ་ཚོའི་ཆེད་དགྲ་ཤ་ལེན་དུ་འོང་བ་ཡིན།”
“ཁྱོད་ཀྱིས་སྔ་ས་ནས་ཤེས་ཡོད་ན་བཟང་གི སོང་ནས་ཁོ་གསོན་པོར་བཟུང་ཤོག”བསྟན་ པ་ངོ་དམར་གྱིས་རང་གི་གཡོ་སྒྱུའི་ཐབས་ཇུས་དེ་ལམ་དུ་མ་ལྷོང་བ་ཤེས་ནས་དམག་མི་ ཚོར་སྟག་ལྷ་གསོན་བཟུང་བྱེད་དགོས་བའི་བཀའ་ཕབ་མ་ཐག་གསོད་བཟུང་དང་འཕྲོག་བཅོམ་ ལ་བྱང་གོམས་སུ་སོང་བའི་ཇག་དམག་བདུན་གཅིག་རྗེས་གཉིས་ཤོར་གྱིས་སྟག་ལྷའི་སྟེང་ ལ་མཆོངས་ནས་འོང་། དོམ་ནག་ཁྲག་གིས་བཟི་བ་དང་གཉིས་སུ་མ་མཆིས་བའི་སྟག་ལྷས་རལ་གྲི་གནམ་ལ་འཕྱར་ནས་ གཡུག་ཐེངས་འགས་ཇག་དམག་བདུན་པོའི་མགོ་བོ་ཡུང་མ་བྲེགས་པ་ལྟར་འཕྲོ་རིམ་འཕྲོར་ ས་ལ་འཕངས་བར་མ་ཟད་ད་དུང་ཚམ་ཚོམ་མེད་པར་མདུན་ཕྱོགས་སུ་བརྒྱུགས་ནས་ཇག་དམག་ སུམ་ཅུ་ཙམ་གཡས་རྫོགས་གཡོན་རྫོགས་བྱས་ཤིང་ཐད་ཀར་བསྟན་པ་ངོ་དམར་གྱི་གདོང་ལ་ གཏད་ནས་ཤོར་བྱུང་བས་བསྟན་པ་ངོ་དམར་རྟབ་རྟབ ་པོར་གྱུར་ནས་མེ་མདའ་རྒྱག་དགོས་བའི་བཀའ་ཕབ་མ་ཐག་ཡོས་བརྔོས་བ་ལྟར་སྤག་སྤག་ སྤག་དང་སྐག་སྐག་སྐག་འཕེན་བཞིན་པའི་མདེལ་ཆར་ཁྲོད་ནས་གླག་རྒོད་དར་མ་ཞིག་དང་ འདྲ་བའི་སྟག་ལྷ་ནི་སྐད་ཅིག་གིས་ཡལ་བར་གྱུར། བསྟན་པ་ངོ་དམར་རང་གི་མིག་ལའང་ཡིད་མི་ཆེས་གྱུར་བས་གཡས་ལག་གིས་རང་གི་མིག་ འཕུར་འཕུར་ཐེངས་འགའ་བྱས་ནས་བྲང་ལ་དཔྱངས་བའི་མཱ་ཕུང་ཧྥང་གིས་ལག་སྐྱེས་སུ་ སྤྲད་པའི་རག་གི་རྒྱང་ཤེལ་དེ་ཡར་གདོང་ཁུག་ལ་གཏད་ནས་བལྟས་བས་ད་གཟོད་སྟག་ལྷ་ མིག་རྒྱང་གང་གི་ས་ན་ཡོད་པ་མཐོང་། ཁོང་ཁྲོ་དང་ངོ་ཚ་དུས་གཅིག་ཏུ་སྐྱེས་བའི་བསྟན་པ་ངོ་དམར་གྱིས་ཇག་དམག་ཁྲིད་ནས་ སྟག་ལྷ་རྗེས་འདེད་བཏང་ན་ཡང་ཡུན་རིང་ཞིག་ལ་འདེད་མ་དགོས་བར་གྱུར། དེ་ནི་སྟག་ལྷས་རྟ་ཁ་ཕྱིར་བསྐོར་ཅིང་ཡོབ་རྡུང་ཞིག་བྱས་ནས་རྒྱུག་ཐེངས་གཅིག་ གིས་ཇག་དམག་དགུ་རྟ་གོང་ནས་ས་ལ་འཕངས། “བྱ་ཁྱུང་ཕྲུག་གཤོག་རྩལ་སྒོ་ངའི་ནང་ནས་རྒྱས།”ཟེར་བ་བདེན་མིན་མི་ཤེས་མོད། འོན་ཀྱང་“བུ་དཔའ་བོའི་དཔའ་རྩལ་ས་མཐའི་ཡུལ་ནས་རྒྱས།” ཟེར་ བ་ངོ་མ་བདེན་པ་འདྲ་སྟེ། ལྡེམ་མྱུར་ལྡན་ཞིང་རྣོ་ལྕགས་ལྟར་སྲ་ཞིང་མཁྲེགས་པས་ཡིན་ནམ་སྟག་ལྷའི་ལུས་ལ་ གྲི་མདུང་ལྟ་ཅི་མེ་མདས་ཀྱང་ཕུག་མ་ཐུབ། རྟབ་རྟབ་པོར་གྱུར་བའི་བསྟན་པ་ངོ་དམར་གྱིས་རྒྱོབས་རྒྱོབས་སོད་སོད་ཀྱིས་འདར་ སྐད་ཅི་ཙམ་བརྒྱབ་ཅིང་མཱ་ཕུང་ཧྥང་གིས་མངགས་པའི་ཇག་དམག་དེ་ཚོ་ནི་རྣོ་ལྕགས་ ཀྱི་ཕ་བོང་ཞིག་གི་སྟེང་བྱ་སྒོང་གིས་གཞུས་བ་ལྟར་གྱུར། ཁོང་ཁྲོ་དང་ཞེ་སྡང་གིས་ཡ་ཁོག་ཁེངས་བའི་སྟག་ལྷས་ཇག་དམག་རྣམས་རལ་གྲིས་མགོ་བོ་ ཡུང་མ་འབྲེག་འབྲེག་བྱས་པས་ཇག་དམག་རྣམས་དཔའ་འཁུམས་ནས་ལ་བྲོས་ལུང་བྲོས་བྱས། སྐབས་དེར་ཤུལ་དུ་ལུས་བའི་གསེར་གཞུང་འཚོ་བའི་ཕོ་རྒོད་ཚོས་མཱ་ཕུང་ཧྥང་གི་ཇག་ དམག་ཚོས་གཅིན་སྐྱག་དང་མཉམ་དུ་ས་ལ་ཤོར་སོང་བའི་ལག་ཆ་རྣམས་རང་རང་གང་ཐོབ་ཀྱིས་ ལག་ཏུ་བཟུང་སྟེ་རང་མགོ་གང་ཐོན་གྱིས་འགྲོ་བཞིན་པའི་ཇག་དམག་རྣམས་ཀྱི་རྗེས་ འདེད་བཏང་ནས་གསུམ་མ་གཏོགས་གཅིག་ཀྱང་མ་ལུས་བར་ཕྱི་མའི་ཡུལ་དུ་ལྟད་མོར་མངགས། མཱ་ཕུང་ཧྥང་གི་ཚ་པོ་མཱ་དབྱིས་ཁན་ལ་གསེར་གཞུང་འཚོ་བའི་ཕོ་གསར་རེ་རེའི་ཨོང་ ཤའི་ངོས་ལ་ལྕེ་ལྡག་བྱེད་དུ་བཅུག་པར་མ་ཟད་ཁོའི་རྣ་བ་དང་སྣ་བཅས་བཅད་པ་དང་ མཁུར་མགོ་གཉིས་སུ་གྲིས་བཞི་ཁྲ་རེ་བརྒྱབ་ནས་ཇག་དམག་གསུམ་དང་བཅས་ཕྱིར་མངགས་ ཤིང་ད་ནས་བཟུང་གསེར་གཞུང་འཚོ་བས་མཱ་ཕུང་ཧྥང་ལ་གནག་རྟ་ལུག་གསུམ་གྱི་སྤུ་ཉག་ ཅིག་དང་དངུལ་ཞོ་གང་གི་ཁྲལ་ཡང་སྤྲོད་རྒྱུ་མིན་ ལ་གལ་ཏེ་དགོས་ཚེ་མཱ་ཕུང་ཧྥང་རང་ཉིད་དངོས་སུ་ལེན་དུ་ཤོག་ཅེས་སྐད་བསྐུར།
བསྟན་པ་ངོ་དམར་གྱིས་སྟག་ལྷའི་མདུན་དུ་ལག་གཉིས་ཐལ་མོ་སྤྱར་ཅིང་པུས་མོ་གཉིས་ཀའི་ལྷ་ང་ས་ལ་བཙུགས་ནས། “ཐུགས་རྗེ་གཟིགས། ང་ཚེ་ཐར་གཅིག་ཐོངས།”ཞེས་མིག་ཆུ་དང་བཅས་སྣབས་སྤར་མོ་གང་མ་ནེ་མགོར་དྲུད་ནས་ངུ་ངག་གིས་ཞུ་བ་བྱས། མི་རྟ་གཉིས་ཀ་ཁྲག་གིས་ཚོས་ནས་དམར་པོ་རྐྱང་དམར་རྐྱང་ཆགས་པའི་སྟག་ལྷས། “ངོ་ཚ་ཁྲེལ་མེད་ཀྱི་ཁྱི་རྒན་འདི། ང་ཚོས་དེ་རིང་དགྲ་ཤ་ལེན།”
“རེད། ང་ཚོས་དེ་རིང་དགྲ་ཤ་ལེན། ང་ཚོས་དེ་རིང་་་་་་” ཁོང་ཁྲོ་དང་ཞེ་སྡང་གིས་མྱོས་བའི་ངར་སྐད་
བརྒྱ་ ཕྲག་དུས་གཅིག་ཏུ་བསྒྲགས་པས་གསེར་གཞུང་འཚོ་བའི་གནམ་ས་ཡོམ་ཡོམ་འདར། བསྟན་པ་ངོ་དམར་ནི་སྐྱེས་ནས་ཡུན་རིང་མ་བགོར་བའི་ལུ་གུ་ཆུང་ཆུང་ཞིག་སྤྱང་ ལྟོགས་མང་པོའི་དཀྱིལ་དུ་ལྷུང་བ་ལྟར་འདར་སིག་སིག་བྱེད་ཀྱིན་ཁ་ཆུ་དང་སྣ་ཆུ་ཙ་ ར་ཙ་ར་མཚམས་རེར་སྟག་ལྷ་དང་གསེར་གཞུང་འཚོ་བར་ཞུ་བ་འཐེན་པ་དང་མཚམས་རེར་སོ་སོ་ ལ་ལས་འདའ་བྱས། སྐབས་དེར་གསེར་གཞུང་འཚོ་བའི་ཕོ་རྒོད་ཚོས་བསྟན་པ་ངོ་དམར་རྒྱང་ཤིང་ཞིག་གི་ རྩེར་བསྐྱོན་པར་མ་ཟད་མཐའ་ལ་བུད་ཤིང་བརྩེགས་ནས་དེའི་སྟེང་ལ་སྣུམ་བླུགས་དུས་ བསྟན་པ་ངོ་དམར་གྱིས་གཅིན་སྐྱག་དང་མཉམ་དུ་ཤོར་བའི་ངུ་སྐད་ཀྱིས་ཞུ་བ་ཆར་འབབ་ འབབ་བྱས། “ཨ་ ཕ། ཨ་མ། ཕུ་བོ། ཨ་ཅེ། ཐུགས་རྗེ་གཟིགས། ངའི་སྲོག་སྐྱོབས་རོགས། ང་ཚེ་མཐར་གཅིག་གཏོང་རོགས། ངས་མཱ་ཕུང་ཧྥང་ལ་བཤད་ནས་ཁྱོད་ཚོ་ཚང་མའི་ཉེས་པ་སེལ་དུ་འཇུག ངས་་་་་་ངས་་་་་་” ཚ་འཁྲུལ་ལ་སོང་བ་ལྟར་བསྟན་པ་ངོ་དམར་གྱིས་རྒྱང་ཤིང་གི་རྩེ་ནས་ངུ་སྐད་ལྷབ་ ལྷབ་འདོན་སྐབས་ཁོང་ཁྲོ་དང་ཞེ་སྡང་གིས་མྱོས་བའི་སྡང་མིག་བརྒྱ་ཕྲག་གིས་རྒྱང་ ཤིང་གི་རྩེ་ན་ཆོ་ངེ་འདོན་བཞིན་པའི་བསྟན་པ་ངོ་དམར་གྱི་སྟེང་ལ་ཅེར་འདུག མ་གཞི་རྒྱང་ཤིང་འདི་ནི་སྔོན་ཆད་བསྟན་པ་ངོ་དམར་གསེར་གཞུང་འཚོ་བའི་འཚོ་དཔོན་ ལ་བསྡད་རྗེས་ཁོས་གསེར་གཞུང་འཚོ་བའི་མི་རྣམས་ལ་ཉེས་ཆད་གཅོད་སྐབས་རྟ་ལྕག་གཞུ་ ས་བྱས་ནས་བརྩེངས་བ་ཞིག་ཡིན་པ་དང་རྒྱང་ཤིང་འདིའི་ཐོག་ལ་ཁོས་གསེར་གཞུང་འཚོ་ བའི་མི་གང་མང་ཞིག་བསྐྱོན་ནས་སྒལ་བ་མ་རལ་བར་དུ་རྟ་ལྕག་གིས་གཞུས་མྱོང་ན་ཡང་ སྐབས་དེར་ཁོས་རང་ཉིད་ཀྱང་མ་འོངས་བར་འདིའི ་ཐོག་ལ་བསྐྱོན་ནས་མེ་བསྲེག་གཏང་རྒྱུ་ཡིན་པ་ནི་སེམས་ཀྱི་ཟུར་ན་ཡང་ཤར་མྱོང་ མེད།
སྟག་ ལྷས་ལག་པ་གཡས་བས་མེ་ལྕེ་དམར་ལྷབ་ལྷབ་འབར་གྱིན་པའི་དཔལ་འབར་ཞིག་རྒྱང་ཤིང་གི་ མཐའ་ལ་མཐོན་པོར་སྤུངས་ཡོད་པའི་བུད་ཤིང་སྟེང་ལ་གཡུག་མ་ཐག་བསྐལ་པའི་མེ་དཔུང་ དང་གཉིས་སུ་མ་མཆིས་བའི་མེ་ལྕེ་ལེབ་མོ་དགུང་ལ་རེག་པ་ཞིག་གིས་ཁྲེལ་དང་ངོ་ཚ་ མེད་ཅིང་གདུག་རྩུབ་ཀྱིས་ཁེངས་བའི་བསྟན་པ་ངོ་དམར་འཇིག་རྟེན་འདི་ནས་ཕྱི་མའི་ ཡུལ་ལ་ལྟད་མོ་ལྟ་རུ་མངགས་པས་གསེ ར་གཞུང་འཚོ་བས་ལོ་གང་མང་ཞིག་ལ་ཞི་བདེ་དང་ལྷིང་འཇགས་ཀྱི་འཚོ་བ་སྐྱིད་པོ་ཞིག་ ལ་རོལ།
ཡིན་ ཡང་གཡོ་སྒྱུ་དང་གདུག་རྩུབ་ཀྱིས་ཁེངས་བའི་མཱ་ཕུང་ཧྥང་གིས་ཡང་བསྐྱར་ཟི་ལང་ མཁར་ནས་གསེར་གཞུང་འཚོ་བ་དང་སྒོས་སུ་སྟག་ལྷའི་ཐོག་ལ་ངན་སེམས་བཅངས་ནས་མཚན་མོ་ གཉིད་ཀྱང་ཁུག་མི་ཐུབ་པའི་གནས་སུ་གྱུར་ཡོད་པ་གསེར་གཞུང་འཚོ་བས་གཏན་ནས་ཤེས་ ཀྱིན་མེད་ལ། ཐ་ན་སྟག་ལྷ་རང་ཉིད་ཀྱིས་གཏན་ནས་ཤེས་ཀྱིན་མེད།
ལོ་ ངོ་བརྒྱད་འདས་ཀྱི་ཉིན་ཞིག་ལ་སྟག་ལྷས་གཙོས་གསེར་གཞུང་འཚོ་བའི་ཕོ་རྒོད་གསུམ་ སྐུ་འབུམ་ལ་མཆོད་མཇལ་དུ་སོང་ནས་ཕྱིར་ཟི་ལང་ལ་ཐོན་པའི་ཕྱི་ཉིན་ཟ་ཁང་ཞིག་ནས་ ཟ་མ་ཟ་སྐབས་མཱ་ཕུང་ཧྥང་གི་ལག་འོག་གི་མིས་ཤེས་ནས་ཟ་མའི་ནང་གཉིད་སྨན་བླུགས་ ནས་ཁོ་ཚོ་གསུམ་གཉིད་ལ་ཤོེར་བའི་སྐབས་དང་བསྟུན་ནས་འཛིན་བཟུང་བྱས་ཤིང་མཱ་ཕུང་ ཧྥང་གིས་སྟག་ལྷ་དང་སྟག་ལྷའི་རོགས ་པ་གཉིས་ལ་མནར་གཅོད་དང་བརྙས་བཅོས་ཡིད་ཚིམས་པ་ཞིག་བྱས་ཀྱང་མཐོན་པོར་བསྒྲེངས་ བའི་ལ་རྒྱའི་མགོ་བོ་གསུམ་གཏན་ནས་མཱ་ཕུང་ཧྥང་གི་མདུན་ལ་མ་བསྒུར་སྟབས་མཱ་ཕུང་ ཧྥང་ལ་བཟོད་དཀའ་བའི་ཁོང་ཁྲོ་དང་ཞེད་སྣང་དུས་གཅིག་ཏུ་སྐྱེས་ཤིང་ཁྲོམ་ཚོགས་ ཀྱི་དབུས་སུ་ཁོ་ཚོ་གསུམ་པོའི་མགོ་བོ་བཅད་ནས་ཟི་ལང་མཁར་གྱི་སྒོ་ཆེན་སྟེང་ལ་ བཀལ་ཏེ་ཡར་འགྲོ་མར་འགྲོའི་བོད་པ་ཚོར་ལྟ ་རུ་བཅུག་ཅིང་འཇིགས་སྐུལ་བྱེད་སྐབས་ཟིམ་ཟིམ་དུ་འབབ་པའི་ཆར་བ་དེ་ནི་རང་ཉིད་ ཀྱི་ས་གཞི་དང་རང་ཉིད་ཀྱི་གནམ་འོག་ནས་རང་གི་གཅེས་བའི་སྤུན་ཟླ་ཚོར་འདི་ལྟར་ མི་རིགས་གཞན་ཞིག་གིས་བརྙས་བཅོས་བཏང་ཞིང་འདི་ལྟར་དམར་གསོད་བཏང་བར་མྱ་ངན་བྱས་ བའི་མིག་ཆུ་ཞིག་དང་འདྲ་ལ། དེ་ལྟའི་མྱ་ངན་གྱི་མིག་ཆུ་ཞིག་དང་འདྲ་བའི་ཟིམ་ཟིམ་གྱི་ཆར་བ་དེ་ད་དུང་ཡང་མུ་ མཐུད་དུ་འབབ་བཞིན་ཡོད།
༢༠༡༠ ༧ ༤ ཉིན།