ཚེ་རིང་གི་བུ།
རྒྱུ་མཚན་དེའི་དབང་གིས། དཔལ་རྟུལ་ཚོའི་གཟི་བརྗེད་སྔར་བཞིན་འབར་ལ།
རྣོ་དབལ་གྱི་འདོད་བློ། རྒྱུན་ཐག་ཆད་པ་བཞིན་ཤི་སོང༌།
དཔའ་རྒོད་ཚོའི་ལོ་རྒྱུས། རྒོད་པོ་ཁྲི་ཕྲག་གི་ཕུགས་བསམ་བཞིན།
ས་ཆེན་གྱི་བར་སྣང་དུ། འགྱིང་སྟབས་ཀྱིས་འཕུར།
དཔའ་རྟུལ་ཚོ་གཤེགས་རྗེས།
རྒྱལ་སྲས་ཀྱི་གནམ་འོག རྨེག་མེད་ཁྲོད། མྱ་ངན་ཁྲོད་བན་བུན་གྱིས་འཚོ།
སྐུ་དྲག་ཁ་ཤས་དབེན་སྟོང་གིས་ཕེབས།
ད་དུང༌། འཛད་རྒྱུ་མེད་པའི་མི་རིགས་ཀྱི་མིག་ཆུ།
སྐྱོ་གདུང་གིས་བཞུར། ལོ་རྒྱུས་ཀྱི་དུས་རབས་ནང་གཙང་ཆུ་བཞིན་བཞུར།
རྒྱུ་མཚན་དེའི་དབང་གིས། དཔའ་རྟུལ་ཚོ་རིམ་གྱིས་དྲན་འོངས།
གནམ་འོག་འདི་དབང་ཆེན་ཚོའི་གནས་མལ་རེད།
མི་རིགས་འདི་འོད་སྟོང་གི་ཕ་ཡུལ་འཚོལ་མཁན་རེད།
སྡུག་རྩུབ་ཀྱི་སོ་ཁ་ནས་སིལ་བུར་འཐོར་བའི་མི་རབས་འདི།
ཁ་ཕྱོགས་དང་རང་དབང་མེད་པའི་གོ་རིམ་ནང༌། ཇི་འདྲའི་གྲང་ཨང༌།
ད་ནི། མི་རབས་གསར་བའི་དཔའ་རྟུལ་ཚོ།
ལྷོད་ལ་བབས་ནས། རང་ཉིད་ཀྱི་དགོས་མཁོ་གླེང༌།
ད་དུང༌། སུན་སྣང་མེད་པར་ཕ་ཡུལ་གྱི་འགྱུར་ལྡོག་གླེང༌།
མགྲིན་པ་ཤུགས་ཀྱིས་བཏེགས་ཏེ་ཀི་རིང་བཏབ་ནའང༌།
ང་ཚོ་ལབ་གླེང་བྱེད་མཁན་ཉུང་ཉུང་རེད།
དཔལ་རྟུལ་ཚོ། ང་ཚོའི་ཁ་གཏད་ཀྱི་སྨུག་པ་འདི་ཡལ་རྗེས།
འུར་ཐག་དཀར་པོས་བསྐྱེད་པའི་ཕ་ཡུལ།
ཆག་གྲུམ་མེད་པར་ངང༌། ང་ཚོར་རེག་སྲིད་དམ།
ཁྱེད་ཅག་གིས་ཚོད་དཔག་གནང་རོགས།
ངས་ཀྱང་བསམ་བློ་གཏོང་བཞིན་ཡོད།
ངོས་རང་ཁ་བརྡ་དྲ་རྒྱར་ཞུགས་ནས་ཟླ་ངོ་འགའ་ཕྱིན་པའི་བརྒྱུད་རིམ་ནང་། རྣམ་དཔྱོད་ཅན་ཚོའི་བཀའ་དྲིན་གྱིས་ཤེས་བྱ་མང་པོ་ཞིག་རེག་པ་དང་འབྲེལ། སྐབས་རེར་དྲ་གྲོགས་ཁ་ཤས་དང་ལྷན་དུ་ལྟ་བ་མི་མཐུན་པ་རེའང་བྱུང་ཡོད་སྲིད་མོད། བྱུང་ཚེ་དེ་དག་ལ་དགོངས་གལ་མེད་པ་ཞུ་རྒྱུ་དང་། ང་ལྟ་བུ་ཞིག་གིས་དྲ་རྒྱ་འདི་མར་རྒྱས་ལས་ཡར་རྒྱས་སུ་གཏོང་མི་ཐུབ་པར་བསམས་ནས་ཕྱིར་བཤོལ་བྱས་པ་ཡིན། འོན་ཀྱང་། ཁ་བརྡ་དྲ་རྒྱའི་རྩོམ་སྒྲིག་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། གུས་བཅས་ཚེ་རིང་གི་བུས།
ཨ་རོ་ཁྱོད་ཀྱིས་ཕྱིར་བཤོལ་བྱེད་འདོད་དམ། དེ་འདྲ་ག་ལ་སྲིད། སྐུ་ཞབས་ཟམ་གདོང་གིས་སྒོ་དང་སྒེའུ་ཁུང་ཚང་མ་ནས་དེབ་བཏོན་ཡོང་གི་འདུག་ལབ་པས་རྡ་ས་ནས་དེབ་འདོན་མཁན་ཉུང་དུ་ཕྱིན་པ་རེད་ཟེར། ཁྱོད་ཀྱིས་ཀྱང་སྐུ་ཞབས་ཟམ་གདོང་གིས་སྒོ་ནས་སྒེའུ་ཁུང་ཚང་མ་ནས་མཆན་བཏབ་ཡོང་གི་འདུག་ཟེར་བ་ཞིག་གོ་སོང་བ་མིན་ནམ། གལ་སྲིད་དེ་འདྲ་ཞིག་གོ་བའི་དབང་དུ་བཏང་ན་ཡང་དེ་ལ་ཁ་ཡ་མ་བྱས་ན་ལེགས། ངས་སྐུ་ཞབས་ཟམ་གདོང་ལ་བླ་རྒན་ཞིག་འདང་ཡོད། ཡིན་ན་ཡང་སྐད་ཆ་དེ་གོ་ནས་བཟུང་ངའི་སེམས་ནང་གི་བླ་རྒན་དེ་སྔར་ལས་རྒས་ཤིང་སྔར་བར་ཇེ་རིང་དུ་གྱུར་སོང་། ཁོང་གིས་དེ་ལྟར་བཤད་སྲོལ་ཞིག་ག་ཡོད། ང་ཚོས་བོད་ནང་གི་སློབ་གྲྭ་ནས་བོད་ཡིག་སྦྱོང་གི་མི་འཇུག་གི ཕྱིའི་བོད་ཕྲུག་ཚོས་བོད་ཡིག་མི་སྦྱོང་གི་ཟེར་ནས་ངུ་གི་ཡོད་པ་རེད། བོད་ཡིག་ཅུང་ཟད་རེ་དཀའ་ལས་བརྒྱབ་ནས་སྦྱངས་པ་ཚོར་རང་གི་སེམས་ནང་བོད་ཡིག་ལ་བཅངས་པའི་རྲཕེ་སེམས་དེ་ཀ་ཁ་སུམ་ཅུའི་ལམ་ནས་དེབ་ཏུ་བཞེངས་དུས། བླ་མ་ཟམ་གདོང་གིས་རྩོམ་པ་པོ་དེ་དག་བཀའ་ཤག་གི་ཚོམས་ཆེན་འཇིགས་སུ་རུང་བ་དེའི་ནང་དུ་སྐད་བཏང་སྟེ་མོག་མོག་རེ་བཟོ་རྒྱུའི་ཆ་རྐྱེན་མེད་ན་ཡང་གངས་སྐྱིད་དང་སྨན་རྩིས་ཁང་གི་བར་ལམ་ཁོང་གིས་གོམ་པ་རྒྱག་སའི་ས་ཆ་ཆུང་ཆུང་དེར་ཡོད་པའི་རྒྱ་གར་ཇ་ཁང་དེའི་ནང་ནས་ཇ་མངར་མོ་རེ་མངགས་ནས་འཐུང་ཞོར་དུ། བོད་སྐད་དང་དབྱིན་སྐད་འདྲེས་མ། དབྱིན་སྐད་དང་ཧིན་སྐད་འདྲེས་མའི་སྒོ་ནས། ཁྱེད་ཚོས་བོད་ཡིག་དར་སྤེལ་གྱི་ཆེད་དུ་ཐ་ན་སློང་མོ་ཚུན་ཆད་བརྒྱབ་ནས་རྩོམ་དེབ་རེ་བཏོན་པ་དེར་ངས་དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་དཔལ་ལྡན་བཀའ་ཤག་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཟེར་གྱི་ཡོད་ཅེས་གཟེངས་བསྟོད་རེ་བྱས་ནས་སེམས་ཤུགས་གོང་དུ་སྤེལ་ན་མི་འདོད་ཀྱང་། ད་དུང་དེ་ལ་ཟུར་ཟ་བྱས་ནས་རྩོམ་པ་པོ་ཚོའི་སེམས་ཤུགས་བཅག་པ་ངོ་མ་ཅིག་བཙོག་གི བོད་ཡིག་བོད་སྐད་ཀྱི་གཉན་འཕྲང་འདི་ནས་མགོ་ཁྲིད་ཚོས་དེ་ལྟར་བཤད་སྲོལ་ཞིག་ག་ལ་ཡོད། གོང་ས་མཆོག་གིས། བོད་པ་ཞིག་གིས་གདོང་པ་གཙང་མ་ཞིག་བཀྲུས་ན་ཡང་བོད་མི་རིགས་ཀྱི་ལ་རྒྱ་ལ་ཕན་ཞེས་གསུངས་པའི་ལེགས་བཤད་རིན་ཐང་བྲལ་བ་འདི་ཚོ་བླ་རྒན་དེའི་རྣ་ལམ་ནས་གང་ཞིག་ལ་རླུང་གིས་ཁུར་སོང་བ་ཡིན་ནམ། གང་ལྟར་ཨ་བུ་རྒོད་པོ། སེམས་ཤུགས་མ་ཆག སེམས་ཤུགས་ཆག་ན་ཆག་དགོས་པ་དེ་ང་ཡིན་དགོས་ཀྱང་ངས་ནམ་ཡང་དྲ་ཚིགས་འདི་དང་བོད་ཡིག་འདི། ད་དུང་ཧི་མ་ལ་ཡ་ཡིག་གཟུགས་འདི་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་གི་མིན་ལ། ཁྱོད་ཀྱིས་ཀྱང་དེ་ལྟར་མཛོད།
ཡིག་ནོར། རྲཕེ་སེམས། བརྩེ་སེམས།
ཨོ་རེད། འདུས་པའི་ཐ་མར་འབྲལ་བ་འཇིག་རྟེན་གྱི་ཆོས་ཉིད་རེད།་ རང་ཡུལ་བོད་དུ་རང་དབང་གི་དྲོད་ཁོལ་འཁྱིལ་བའི་ཁྱིམ་གཞིས་ཤིག་ཏུ་འཛོམས་མ་ཐུབ་པར་རིའི་ཕྲེང་བ་དང་རྒྱ་མཚོའི་མུ་ཁྱུད་ཀྱིས་བསྐལ་བའི་འཛམ་གླིང་ཉིན་སྲིབ་ཀྱི་གླིང་ཕྲན་རེ་རེ་ནས་སྙིང་རླུང་གྲང་ཤུར་ཤུར་རེས་དེད་ནས་དྲྭ་རྒྱ་འདིའི་སྟེང་དུ་འཛོམས་ཀྱང་མ་འཛོམས་ཀྱང་ལྷག་ཏུ་སྙིང་རླུང་འཕེལ་བའི་རྒྱུ་ལས་མ་འདས་པས་བདེ་བར་ཕེབས། བདེ་བར་བཞུགས། ཚེ་རིང་གི་བུ། རྒྱ་ཆེ་གཏིང་ཟབ་ཀྱི་གངས་ཅན་བོད་ཀྱི་རིག་གཞུང་ལ་མཁྱེན་རྒྱ་མཁའ་ལས་ཆེ་ཞིང་། ཟབ་གསལ་མྱུར་བའི་ལྷན་སྐྱེས་ཀྱི་ཤེས་རབ་མེ་ལྟར་འབར་བའི་གྲོགས་པོ་ཞིག་དང་འཕྲད་པ་དེ་ནི་ངེད་ཅག་ལ་མཚོན་ན་ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན་གློག་འགྱུ་བས་སྐད་ཅིག་གསལ་བའི་སྣང་བ་ཐོབ་པ་ལྟར་དུ་གྱུར་སོང་། ཁྱེད་ཕེབས་སོང་། ཡིན་ན་ཡང་ང་ཚོའི་སྙིང་དབུས་སུ་ཇི་སྲིད་བར་བཞུགས་ཡོད།
ཕེབས་འདོད་པ་ཚང་མ་ཕེབས་རོགས་གནང་། ཨ་བ་ཤི་ན་གོ་ཁ་ཇེ་ཡང་རེད། ཀླུ་སྨྱོན་མ་ཕེབས་ན་ཡང་འགྲིགས་ཕེབས་རྩིས་ཀྱང་མེད་པ་འདྲ། དེ་རིང་ནས་ཁ་བརྡ་དྲ་ཚང་གི་སྒོ་སྲུང་གི་འདོགས་ཁྱི་ཡིན། འདོགས་ཁྱི་ཡག་པོ་ཡིན་ན་ཤ་དང་རུས་པ་རྐྱང་རྐྱང་གིས་གསོ།