རོང་བོ་དགེ་འདུན་ལྷུན་གྲུབ།
ཨ་མདོ་བྱམས་པའི་བྲིས་པའི་སྒྲོལ་སྐུ་ཞིག་ལ་མཇལ་རྗེས།
མཚར་བའི་ངོ་གདོང་དུད་པའི་ཉམས་ཀྱིས།།
སུ་ཞིག་འཛིན་པའི་ཟུར་མདའ་འཕེན་མཁན།།
དཔལ་གྱིས་དགེ་བ་དབྱངས་ཀྱི་བུ་མོ།།
གང་ལ་བཙུགས་པའི་འོད་དེ་རྣོ་བ།།
ཡིད་ལ་བརྐོས་པའི་ལྡེབས་རིས་ངོས་སུ།།
ཨུཏྤལ་ཞལ་ཁ་བག་ཙམ་གྲོལ་བའི།།
ཚེ་རབས་སྔོན་གྱི་བསགས་སྦྱངས་སད་མ།།
སྐྱེ་རྒུའི་གཙུག་ནོར་ཁྱེད་ལས་གང་ཡིན།།
མཉེན་འདེགས་ཤུགས་ཀྱི་ཟིལ་བ་ཕྲོམ་ཕྲོམ།།
བརྩེ་བའི་མདངས་ཀྱི་སྨིན་མ་ཀེམ་ཀེམ།།
ཞབས་གཉིས་བརྐྱངས་པའི་པད་གདན་དབུས་སུ།།
ཚོར་བའི་ཁུ་ཞག་གཙང་བོ་འཁྱིལ་འདྲ།།
དྭངས་མའི་ཟུངས་ལ་ཁྲག་རྒྱུན་ཁོལ་ཅིང་།།
སྨིན་པའི་བྲང་ལ་འོ་འཛིན་སྒེག་པའི།།
སྲིད་ཞིའི་འཆོར་སྒེག་ལུས་ལ་རྫོགས་མ།།
འཇོག་པོའི་གཙུག་རྒྱན་སུ་ཡིས་འཕྲོག་གམ།།
འབད་མེད་རིག་པའི་འཆར་ཚུལ་ཞིག་ལ།།
རྩོད་མེད་ལས་ཀྱི་འདུ་བྱེད་ཅིག་ལ།།
དབྱིངས་ཀྱི་མེ་ལོང་རི་མོར་ཤར་འདྲ།།
ཐིག་ལེ་ཐིག་ཕྲན་ཟླ་བར་འཕོས་འདྲ།།
བྲིས་པའི་སྣང་བ་དགུང་དུ་ཡལ་ཞིང་།།
འདོད་ལྡན་ལུས་ཀྱི་བ་སྤུ་སྒུལ་བའི།།
སྒྱུ་མའི་ཆོམ་རྐུན་སེམས་ལ་གཟན་མ།།
རྟོག་ལྡན་སུ་ཡི་གསང་ཡུམ་ཆེན་མོ།།
རེ་བའི་དངོས་གྲུབ་འཐོབ་ཀྱིས་བྲེལ་ཞིང་།།
སེམས་ཀྱིས་མཇལ་བར་ཞེ་ནས་རྔམ་པའི།།
འདི་ཕྱིའི་སྐྱབས་སུ་བཀུར་བའི་ལྷ་མོ།།
བྲིས་པའི་ཉམས་ལ་གསོན་པོའི་འདང་ལྡན།།
སྐྱོ་བའི་ཀློང་ན་གྲོགས་མོའི་གཟུགས་ཅན།།
ཁེར་རྐྱང་བུ་ལ་བརྩེ་བའི་ཁྲེལ་ཅན།།
ཡིད་ཀྱིས་དྲན་ཞིང་དྲན་བཞིན་བོས་ན།།
དབུ་སྐྲ་ལྕང་ལོ་སྤྲུག་གིན་ཕེབས་ཤོག།
སེམས་ཅན་སུ་ལ་གཟིགས་པའི་ཉམས་ཀྱིས།།
དང་བའི་ཡིད་ཀྱི་ཉི་ཟླ་འགེལ་བཞིན།།
མཚུངས་མེད་དག་པའི་མོས་ངོ་ཞིག་ལ།།
དགའ་བ་བརྒྱ་ཕྲག་ཆར་དུ་འབེབ་རོགས།།
གསང་བའི་འདོད་པ་གསང་ནས་བརྐུས་ཏེ།།
ལུས་ཡོར་ཧད་པོ་ཤུལ་ཏུ་བསྐྱུར་བའི།།
འདི་ན་ལུས་ཅན་རྐང་གཉིས་པ་ཞིག།
འཕག་ཙམ་ཉེས་ལ་འགུལ་ཙམ་འཁྲུལ་འདུག།
བྱས་ཉེས་མཆིས་སོ་མདུན་དུ་བསྟར་ནས།།
དམིགས་པའི་ཕུག་པ་དཀར་པོར་བྱས་ཏེ།།
པུས་འཛུགས་ཆ་ལུགས་སྔོན་དུ་བཏང་ན།།
ཁེར་རྐྱང་ཨོ་ལོར་མདུན་མའི་གྲོགས་མཛོད།།
༸སྒྲོལ་ལྗང་མའི་བསྟོད་པ་ཐོལ་བྱུང་མ།
༸འཕགས་མ་སྒྲོལ་མ་ཁྱེད་སྐུ་མཛེས་མ། །
ཞབས་གཡས་རྐྱང་མ་ཕྱག་གཡས་འཛིན་མ། །
ནུ་འབུར་ཟུང་མ་སྐུ་་མདོག་ལྗང་མ། །
བདག་ཅག་སྲུང་མ་དངོས་གྲུབ་སྩོལ་མ། །
མ་ཡུམ་སྒྲོལ་མ་ཁྱེད་ལ་གསོལ་འདེབས། །
དཔལ་ལྷ་འདོད་ཁམས་བདག་མོར།
དབྱངས་ཅན་ལྷ་མོས་ཁྲོས་ཉམས་ཀྱིས། །
དཔལ་ལྡན་ལྷ་མོར་སྐུ་བཞེངས་ནས། །
ནང་བསྟན་སྤྱི་དང་བོད་རིགས་ཀྱི། །
བསྟན་པ་དེ་འཛིན་སྐྱོངས་ལ་རེམས། །
དཔལ་ལྡན་ལྷ་མོར་གསོལ་བ་འདེབས། །
ནང་དོན་གཏང་ཟབ་ཀྱང་མི་འདུག་ཆགས་རྩོམ་དང་འདྲ་མ་འདྲེས་སྤྱོད་ངན། ཁ་ཐལ་བས་ཆོད་སྙིག་མའི་དུས་འདི
ཀླུ་སྨྱོན་དང་ཁོ་གཉིས་འདྲ་བོ་རེད།ཁང་པ་གཅིག་གི་ནང་ལ་བཞག་ནས་ཕར་ཚུར་འབྲི་རེ་དང་མགོ་བོ་ལྡེམ་ལྡེམ་འདྲ་བྱས་ན་ཡག་པོ་འདུག དེ་མིན་འདི་འདྲ་ཞིག་ག་རེ་ཡིན་པའི་ཁུལ་རེད།